ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > འཕྲོད་བསྟེན་རྒྱུན་ཤེས།

བོད་ཀྱི་གསོ་རིག་ལས་སེམས་ཀྱི་རྣམ་བཞག་སྐོར་རགས་ཙམ་གླེང་བ།

སྤེལ་དུས 2018-05-16 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
              དེའང་གྲུབ་པ་ལུས་ཀྱི་གནས་ལུགས་རྒྱ་ཆེར་འགྲེལ་པའི་སྐབས་བརྟེན་པ་སེམས་ཀྱི་རྣམ་པར་བཞག་པ་དང་། རྟེན་ལུས་ཀྱི་རྣམ་པར་བཞག་པའོ་ཞེས་བེམ་ཤེས་གཉིས་སོ་སོར་བགར་ཞིང་ཕྱོགས་གཉིས་ནས་འཆད་དེ་གཞི་གཅིག་གི་སྟེང་དུ་འབབ་པ་ནི་གངས་ཅན་གསོ་རིག་གི་ཐུན་མོང་མ་ཡིན་པའི་བཤད་སྲོལ་ཁྱད་པར་བ་ཞིག་ཡིན་པ་ཤེས་པར་བྱའོ།   །ལུས་པོ་ཐོག་མར་ཆགས་གནས་འཇིག་གསུམ་ནས་ནད་གཞི་འཕེལ་ཟད་འཁྲུགས་གསུམ་གྱི་བར་དང་། ནད་རྒྱུ་མ་རིག་ཉོན་མོངས་དུག་གསུམ་ནས་སློང་རྐྱེན་དུས་གདོན་ཟས་སྤྱོད་བཞི་ཡི་བར། གཞན་དབང་སྔོན་ལས་ནད་བཞི་བརྒྱ་རྩ་བཞི་ནས་ཀུན་བརྟགས་གདོན་གྱི་ནད་བཞི་བརྒྱ་རྩ་བཞི།    དེ་བཞིན་གཉེན་པོ་ཟས་སྤྱོད་སྨན་དཔྱད་ལ་བརྟེན་ནས་ལུས་སེམས་ངོ་བོ་སྙོམས་པར་བསྒྱུར་བ་གང་གི་སྐབས་ནའང་རང་གཞུང་དུ་བེམ་རིག་གམ་ལུས་སེམས་གཉིས་ཀ་ཡ་མ་བྲལ་བ་ཞིག་གསུང་བཞིན་ཡོད་པའམ་སེམས་ཀྱི་རྣམ་བཞག་སྐོར་མང་དུ་མཆིས་སོ། །       སེམས་ཀྱི་ངོ་བོ་ནི། དྭངས་མའི་བདག་ཉིད་ཅན་ཏེ་སྟོང་གསལ་རིག་པའི་ཆ་ཡིན་ལ། དེའང་རང་ཡུལ་དུ་གྱུར་པའི་དོན་གྱི་ངོ་བོ་རང་སྟོབས་ཀྱིས་མཐོང་བའི་རིག་པ་ལ་གཙོ་སེམས་དང་། རང་ཡུལ་དུ་གྱུར་པའི་དོན་གྱི་ཁྱད་པར་རང་སྟོབས་ཀྱིས་མཐོང་བའི་རིག་པ་ནི་འཁོར་སེམས་སོ།  །གཙོ་སེམས་ནི་རྣམ་ཤེས་ཚོགས་བརྒྱད་དང་འཁོར་སེམས་ལ་སེམས་བྱུང་ང་གཅིག  དེ་ལས་བྱེ་བྱ་བརྒྱད་ཁྲི་བཞི་སྟོང་གི་བར་དུ་ཡོད་པར་གསུངས་སོ། །འདིར་གསོ་རིག་རང་གཞུང་དང་འབྲེལ་བའི་སྒོ་ནས་ཡུལ་ལྔ་ཚོགས་དྲུག་གསལ་བའི་རྟེན་ཀླད་པ་དང་།  བདག་འཛིན་དྲན་པ་གསལ་བའི་རྟེན་སྙིང་ཁམས།    སྲོག་ཆེན་པོའི་རླུང་གི་རྟེན་རྩ་འཁོར་བཅས་གཙོ་བོར་བཟུང་ནས་འཆད་པར་བྱའོ། །       
དང་པོ།  ཀླད་པ་དང་དབང་པོ་སྒོ་ལྔ།   
              དབང་པོ་ཡུལ་ལ་འཆར་བར་བྱེད་པའི་རྩ།   །ཀླད་པ་ལ་སྲིད་རྩ་ཕྲན་ལྔ་བརྒྱས་བསྐོར།   །ཞེས་མིག་དང་རྣ་བ་ལ་སོགས་པའི་དབང་པོ་རྣམས་གཟུགས་དང་སྒྲ་ལ་སོགས་རང་རང་གི་ཡུལ་རྣམས་ལ་འཆར་ཞིང་ཚོར་བར་བྱེད་པའི་རྩ་ཉེར་བཞི་ཡོད་པ་དེ་དག་ཡན་ལག་གི་རླུང་ལྔའི་རྟེན་དུ་གྱུར་པ་ཀླད་པར་འཁྱིལ་བ་ཞེས་པའི་རྩར་སྲིད་པའམ་རྟེན་ཅིང་གནས་པ་དེ་དག་ལས་རང་རང་སོ་སོ་དང་རིགས་མཐུན་པའི་འཁོར་གྱི་རྩ་འདབ་རྣམས་ཡན་ལག་དང་ཉིང་ལག་གི་ཚུལ་དུ་གྱེས་ཤིང་ཕྱི་ནང་དུ་འབྲེལ་བའི་རྩ་ཕྲན་ལྔ་བརྒྱ་ཙམ་གྱིས་ཡོངས་སུ་བསྐོར་བའི་ཚུལ་དུ་གནས་པ་ཡིན་ཞེས་པའོ།   །ཕྲག་དབོན་བསོད་ནམས་བཀྲ་ཤིས་ཀྱིས། ཀླད་པའི་རྗེ་ཞབས་མན་དང་གཞུག་ཆུང་ཡན། །སྒལ་རུས་སྦུབས་སུ་གནས་པའི་རྒྱུངས་པ་དེ། །ཀླད་པ་དང་འབྲེལ་སྲོག་གནས་རྩ་བྱེད་ཅིང་།  །ནང་དུ་མདོག་དཀར་སྲོག་རྩ་དཀར་པོར་བཤད།  །དེ་ལས་གྱེས་པའི་རྩ་དཀར་ཕྲ་མོ་ཡིས། །སྟོད་སྨད་ཕྱི་ནང་ཀུན་ཏུ་ཁྱབ་པར་གནས། །དབང་པོ་ཡུལ་ལ་འཆར་བར་བྱེད་པ་དང་། །ཡུལ་ལྔའི་རྣམ་ཤེས་བདག་ཏུ་འཛིན་པར་བྱེད། །ཅེས་དང་། སོ་མ་རྭ་ཛ་ལས། ལུས་ཀྱི་དབང་རྟེན་ཀླད་པ་ལ། །ཞེས་དང་། སྟག་ཚང་ལོ་ཙཱ་བས། ཡུལ་ལྔ་ཚོགས་དྲུག་གསལ་བའི་རྟེན། །སྲོག་རྩ་དཀར་པོའི་རྩ་བ་ལྟར། །མི་ཡི་ལུས་སྟོད་ཀླད་ཀྱི་ཆར།  །གནས་པས་ཀླད་པ་ཞེས་སུ་བཤད། །ཅེས་གཟུགས་སྒྲ་དྲི་རོ་རེག་བྱ་སྟེ་ཡུལ་ལྔ་དང་རྣམ་པར་ཤེས་པའི་ཚོགས་དྲུག་བཅས་གསལ་བར་བྱེད་པའི་རྟེན་ནི་སྲོག་རྩ་དཀར་པོའི་རྩ་བ་ལྟར་གནས་པའི་ཀླད་པ་ཡིན་ཚུལ་མངོན་སུམ་དུ་བསྟན་པ་དང་།   ཀླད་པ་རྩ་ཡི་རྒྱ་མཚོ་ཆེན་པོ་ཞེས་རྒྱ་མཚོ་ནི་མང་དུ་འདུས་པའི་དོན་ཏེ། དཔེར་ན་ཆུ་མང་དུ་འདུས་པ་ལ་ཆུ་ཡི་རྒྱ་མཚོ་ཟེར་བ་དང་།ཡོན་ཏན་མང་དུ་ཤེས་པ་ལ་ཡོན་ཏན་རྒྱ་མཚོ་ཟེར་བ་ལྟར་སྐབས་འདིར་ཀླད་པ་ཉིད་ཆུ་རྩའམ་དབང་རྩ་ཕྲ་རབ་མང་པོ་གྲངས་མེད་འདུས་པའི་རྒྱ་མཚོ་ཆེན་པོ་ཡིན་པར་གསུངས་པ་དང་། དེ་མིན་ད་དུང་རྒྱུད་ལས། ཀླད་པ་རྒྱ་མཚོའི་གནས་ལུགས་བསྟན་པ་ནི།  །ཤ་ཀླད་མར་ཀླད་བུང་ཚང་ཀླད་པ་དང་།  །ཕྲུམ་ཀླད་ཞོ་ཀླད་འོ་ཀླད་ཆུ་ཀླད་བདུན།   །ཞེས་ཉེས་གསུམ་ཤུགས་ཆེ་ཆུང་ལས་ཀླད་པར་དབྱེ་བ་མི་འདྲ་བ་དུ་མའང་མཛད་ཡོད་པ་རེད།   
              ཀླད་པ་དང་འབྲེལ་བའི་དབང་པོ་སྒོ་ལྔ་ནི་མིག་རྣ་སྣ་ལྕེ་ལུས་བཅས་ཡིན་ལ།དེ་ལས་མིག་གི་དབང་པོ་ནི་གཟུགས་ཅན་དྭངས་པ་ཟར་མའི་མེ་ཏོག་ལྟ་བུ་དང་།དེས་ཡུལ་གཟུགས་ཀྱི་རང་བཞིན་རྣམས་མཐོང་བར་བྱེད་པ་དང་།    རྣ་བའི་དབང་པོ་གཟུགས་ཅན་དྭངས་པ་གྲོ་གའི་འཛེར་བུ་གཅུས་པ་ལྟ་བུ་དང་།  དེས་ཡུལ་སྒྲའི་རང་བཞིན་རྣམས་ཐོས་པར་བྱེད་པ།   སྣའི་དབང་པོ་གཟུགས་ཅན་དྭངས་པ་ཟངས་ཁབ་གཤིབ་པ་ལྟ་བུ་དང་།  དེས་ཡུལ་དྲིའི་རང་བཞིན་རྣམས་འཛིན་པར་བྱེད་པ། ལྕེའི་དབང་པོ་གཟུགས་ཅན་དྭངས་པ་ཟླ་བྱ་བཀས་པ་ལྟ་བུ་དང་། དེས་ཡུལ་རོ་དྲུག་གི་རང་བཞིན་རྣམས་ཚོར་བར་བྱེད་པ། ལུས་ཀྱི་དབང་པོ་གཟུགས་ཅན་དྭངས་པ་བྱ་རེག་ན་འཇམ་གྱི་པགས་པ་ལྟ་བུ་དང་།  དེས་ཡུལ་རེག་བྱའི་རང་བཞིན་རྣམས་བསྐྱེད་པར་བྱེད་དོ། །   
གཉིས་པ། སྙིང་ཁམས་དང་རྣམ་ཤེས་ཚོགས་བརྒྱད།   
              དྲན་པའི་དབང་པོ་གསལ་བར་བྱེད་པའི་རྩ། །སྙིང་ལ་སྲིད་ཅིང་རྩ་ཕྲན་ལྔ་བརྒྱས་བསྐོར།   །ཞེས་བདག་འཛིན་དང་དྲན་པ་ལ་སོགས་པའི་རྟེན་དབང་པོ་རྣམས་གསལ་བར་བྱེད་ཅིང་རྣམ་པར་ཤེས་པའི་ཚོགས་དྲུག་བསྐྱེད་པའི་རྩ་ཉེར་བཞི་ཡོད་པ་དེ་དག་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་ལ་རྒྱལ་པོ་ལྟ་བུར་སྲིད་པའམ་རྟེན་ཅིང་གནས་པ་དེ་དག་ལས་རང་རང་སོ་སོ་དང་རིགས་མཐུན་པའི་འཁོར་གྱི་རྩ་འདབ་རྣམས་ཡན་ལག་དང་ཉིང་ལག་གི་ཚུལ་དུ་གྱེས་ཤིང་ཕྱི་ནང་དུ་འབྲེལ་བའི་རྩ་ཕྲན་ལྔ་བརྒྱ་ཙམ་གྱིས་ཡོངས་སུ་བསྐོར་བའི་ཚུལ་དུ་གནས་པ་ཡིན་ཞེས་པའོ། །  སྟག་ཚང་ལོ་ཙཱ་བས།བདག་འཛིན་དྲན་པ་གསལ་བའི་རྟེན། །སྲོག་རྩ་ནག་པོའི་སྟོད་ཀྱི་ཆར། །བི་དའི་འབྲས་བུའི་སྙིང་པོ་ལྟར། །གནས་པའི་སྙིང་ཞེས་བཤད་པ་ཡིན།   །ཞེས་དང་། པོད་དམར་ལས། སྙིང་ནི་མེ་ཁམས་སེམས་ཀྱི་རྟེན། །    བདག་འཛིན་དྲན་པ་གསལ་བར་བྱེད། །ཅེས་གསུངས་པ་ལྟར་སྙིང་གར་ཡིད་བཟང་མ་ཞེས་བྱ་བའི་རྩ་དེ་ལས་དབང་པོ་སྒོ་ལྔའི་རྣམ་ཤེས་རྒྱུ་བའི་རྩ་དམར་པོ་ཞིག་མདུན་ཕྱོགས་སུ་ཟུག   ཀུན་གཞིའི་རྣམ་ཤེས་རྒྱུ་བའི་རྩ་སེར་པོ་ཞིག་གཡས་ཕྱོགས་སུ་ཟུག   ཡིད་ཀྱི་རྣམ་ཤེས་རྒྱུ་བའི་རྩ་སྔོན་པོ་ཞིག་གཡོན་ཕྱོགས་སུ་ཟུག  ཉོན་མོངས་བའི་ཡིད་རྒྱུ་བའི་རྩ་ལྗང་གུ་ཞིག་རྒྱབ་ཕྱོགས་སུ་ཟུག་ཡོད་པ་བཅས་སྙིང་པད་མ་འདབྱ་བརྒྱད་ཀྱི་དབུས་སུ་རྣམ་ཤེས་ཚོགས་བརྒྱད་རྒྱུ་ཞིང་གནས་པའི་རྩ་སྦུབས་ཡོད་པར་བཤད་དོ།།  
              རྣམ་ཤེས་ཚོགས་བརྒྱད་ནི།   དང་པོ་མིག་གི་རྣམ་པར་ཤེས་པ་གང་ཞེ་ན་མིག་ལ་བརྟེན་ཅིང་གཟུགས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ། །ཡིད་ཀྱི་རྣམ་པར་ཤེས་པ་གང་ཞེ་ན། ཡིད་ལ་བརྟེན་ཅིང་ཆོས་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ།   །གཉིས་པ་རྣ་བའི་རྣམ་པར་ཤེས་པ་གང་ཞེ་ན་རྣ་བ་ལ་བརྟེན་ཅིང་སྒྲ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ།   །གསུམ་པ་སྣའི་རྣམ་པར་ཤེས་པ་གང་ཞེ་ན་སྣ་ལ་བརྟེན་ཅིང་དྲི་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ།  །  བཞི་བ་ལྕེའི་རྣམ་པར་ཤེས་པ་གང་ཞེ་ན་ལྕེ་ལ་བརྟེན་ཅིང་རོ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ།   ། ལྔ་པ་ལུས་ཀྱི་རྣམ་པར་ཤེས་པ་གང་ཞེ་ན་ལུས་ལ་བརྟེན་ཅིང་རེག་བྱ་ལ་དམིགས་ནས་སོ་སོར་རྣམ་པར་རིག་པའོ།   །ཉོན་ཡིད་ནི་དུས་རྟག་ཏུ་གསལ་བའི་རྣམ་པར་ངའོ་སྙམ་ཡིད་ལ་བྱེད་པའི་ང་རྒྱལ་གྱི་ཁེངས་པ་དང་ལྡན་པས་རློམ་སེམས་ཤིང་ངར་སེམས་པའི་བདག་ཉིད་ཅན་ཡིད་པས་ན་ཉོན་ཡིད་དོ།།    
              ཀུན་གཞིའི་རྣམ་ཤེས་ནི། ལུས་ཁམས་སྐྱེ་མཆེད་ཐམས་ཅད་ཀྱི་བག་ཆགས་སམ་ས་བོན་བསགས་པ་དང་སྣ་ཚོགས་ལ་དམིགས་པ་དང་དོན་ལ་སེམས་པའི་ཀུན་གཞིའི་རྣམ་ཤེས་སོ། །   
གསུམ་པ། རྩ་འཁོར་དང་དབུ་རྐྱང་རོ་གསུམ།
              ལུས་ཁམས་ཉིད་དང་པོ་ཆགས་པ་དང་། བར་དུ་གནས་པ། མཐར་འཇིག་པའི་བྱ་བ་ཐམས་ཅད་རྩ་ལ་བརྟེན་ནས་བྱུང་སྟེ། བདུད་རྩི་ལྷུང་བཟེད་ལས། རྩ་ནི་རྩ་བ་འབྲེལ་བའི་རྩ།  །སྐྱེད་པའི་རྩ་ཡང་རྩ་ཡིན་ཏེ།  །གནས་པའི་རྩ་ཡང་རྩ་ཉིད་ཡིན། །འཆི་བའི་རྩ་ཡང་ཕལ་ཆེར་རྩ། །ཞེས་གསུངས་པ་ལྟར་དང་། རྩ་ཕྲ་རགས་ཐམས་ཅད་ཀྱི་གྱེས་གཞི་ནི་དབུ་རྐྱང་རོ་གསུམ་དང་དེ་ལས་ཀྱང་དབུ་མ་ལ་ཐུག་སྟེ།   ཅིའི་ཕྱིར་ཞེ་ན་ལུས་ཀྱི་སྒོ་གསུམ་དང་དུག་གསུམ་འབྲས་བུ་དང་བཅས་པ་ཡང་ན་ལུས་ཀྱི་ཉེར་ལེན་གྱི་རྒྱུ་དཀར་དམར་རླུང་གསུམ་ཡང་རྩ་འདི་དག་ལ་བརྟེན་པའི་ཕྱིར་རོ། །དབུ་རྐྱང་རོ་གསུམ་ཞེས་པའི་དོན་སྤྱི་ཙམ་ནི། དབུ་མ་ཞེས་པ་ནི་ལུས་ཀྱི་དབུས་དྲང་པོར་གནས་ཤིང་རླུང་ཁམས་རྒྱུ་བའི་རྩའི་གཙོ་བོའི་མིང་སྟེ། དབུ་མ་མཐའ་བྲལ་དྲང་པོའི་དོན། །ཐོག་མར་མངལ་དུ་ལུས་གྲུབ་སྐབས།  །ཕ་མའི་ཁུ་ཁྲག་གཉིས་པོ་དེ།  །རྩ་མདུད་བ་ལིང་མིག་ལྟ་བུ།  །རླུང་གིས་བསྒྱུར་ནས་ལྟེ་བ་ཆགས།  །དེ་ལས་གྱེས་པའི་རྩ་གསུམ་བྱུང་།  །རྩ་གཅིག་ལུས་དཀྱིལ་དྲང་པོ་རུ།  །ཟུག་ནས་རླུང་ཁམས་རྟེན་བྱེད་པས།  །དེ་ལ་དབུ་མ་ཞེས་སུ་གྲགས།  །ཞེས་དང་། རྐྱང་མ་ཞེས་པ་ལུས་ཀྱི་ཆུ་ཁམས་དཀར་ཆ་རྒྱུ་བའི་རྩའི་གཙོ་བོའི་མིང་སྟེ། རྐྱང་མ་གཞན་དང་མ་འདྲེས་དོན།  །ལྟེ་བའི་རྩ་མདུད་ལས་གྱེས་པའི།  །ཆུའམ་ཟླ་བ་འབབ་པའི་རྩ།  །གཡོན་ངོས་ཟུག་ནས་ལུས་ཀུན་ཁྱབ།  །ཆུ་ཡི་ཁམས་ཀྱི་རྟེན་ཁོ་ན།  །བྱེད་པས་རྐྱང་མ་ཞེས་སུ་བཤད།  །ཅེས་དང་།   རོ་མ་ཞེས་པ་ལུས་ཀྱི་མེའི་ཁམས་དམར་ཆ་ཁྲག་རྒྱུ་བའི་རྩའི་གཙོ་བོའི་མིང་སྟེ། རོ་མ་མི་འཕར་རྩ་ཡི་མིང་།  །ལྟེ་བའི་རྩ་མདུད་ལས་གྱེས་པའི།  །ཁྲག་གམ་མེ་ཁམས་རང་བཞིན་རྩ།  །གཡས་ངོས་ནས་ཟུག་ལུས་ཀུན་ཁྱབ།  །མེ་ཡི་ཁམས་ཀྱི་རྟེན་བྱེད་ཅིང་།  །མི་འཕར་སྡོད་པས་རོ་མ་གསུངས།  །ཞེས་གསུངས་པ་ལྟར་རོ། །   
              དེ་ལ་དང་པོ་རྩ་དབུ་མའི་ངོས་འཛིན་འདི་ལ་བསྒོམ་པའི་རྩ་དང་། གནས་པ་གཉིས་ལས། སྔ་མ་ནི་རྣལ་འབྱོར་བའི་ཏིང་ངེ་འཛིན་གྱི་སྤྱོད་ཡུལ་ཡིན་ལ། ཕྱི་མ་སྐྱེས་ནས་མ་ཤིའི་བར་དུ་ལུས་ཀྱི་དབུས་ན་གནས་ལ་ཤི་དུས་ཡལ་ནས་འགྲོ་བར་འདོད་པ་དང་།  ལ་ལས་གཞུང་པར་འདོད་པ་དང་།  གཞན་དག་གཞུང་པའི་དབུས་ན་རྟ་རྔ་ཙམ་ཡོད་པར་འདོད་པ་དང་།  དོན་ལ་མེད་པར་འདོད་པ་སོགས་རྒྱུད་ལུགས་དང་མི་མཐུན་པ་རང་བཟོའི་བྱེད་པ་སྣ་ཚོགས་ཡོད་ཀྱང་། གསང་བ་འདུས་པ་ལས། དྷུ་ཏི་རང་ལ་གསུམ་ཡིན་ཏེ།  །ཐབས་ཀྱི་དྷུ་ཏི་གཞུང་པ་སྟེ། །དེ་ན་བང་སེམས་དཀར་པོ་རྒྱུ།  །ཤེས་རབ་དྷུ་ཏི་སྲོག་པའི་རྩ། །དེ་ན་བང་སེམས་དམར་པོ་རྒྱུ།  །གསང་བ་ཨ་བ་དྷུ་ཏིའི་རྩ།  །རྩ་གཉིས་བར་ན་དྲང་པོ་གནས། །དེ་ནི་དཔེར་ན་བ་ཐག་ལ། །ཉི་ཟེར་ཕོག་པ་ལྟ་བུ་ཡོད། །དེ་ནི་རྩ་བ་མཚན་མར་ཟུག །རྩེ་མོ་སྤྱི་གཙུག་འཁོར་ལོའི་དབུས། །ཚངས་པའི་བུ་ག་ནང་ན་གནས།  །འཁོར་ལོ་ཀུན་གྱི་དབུས་སུ་ཟུག །དཔེར་ན་འཁོར་ལོའི་སྲོག་ཤིང་འདྲ།  །ཞེས་སོ།  །འདི་ནི་རྒྱུད་འགྲེལ་ཐམས་ཅད་དཔང་པོར་བྱས་ནས་བཤད་དེ།  སྔར་ལུས་གྲུབ་པའི་སྐབས་ནས་བཤད་པའི་སྲོག་རླུང་གི་རྟེན་རྩ་དབུ་མ་དེ་འཁོར་ལོ་དྲུག་གི་བར་དུ་རང་སོར་ཕྱེད་དང་བཅུ་གསུམ་རེ་གསང་བ་ནས་སྤྱི་གཙུག་བར་འབྲེལ་ལ། ཡར་སྣེ་ཧང་གི་རང་བཞིན་ནི་དཀར་ཆས་བཀག་ལ། མར་སྣེ་ལྟེ་འོག་ཏུ་དམར་ཆ་ཨ་ཐུང་གིས་བཀག་ལ། དེ་གཉིས་བར་དུ་ཀུན་གཞིའི་རྣམ་ཤེས་རྟེན་སྲོག་ཆེན་པོའི་རླུང་གིས་གང་ནས་གནས་པ།   སྟོང་སེང་ངེ་བ་ནམ་མཁའ་དང་འདྲ་བར་གནས་སོ། །རྗེ་མི་ཕམ་ཞབས་ཀྱིས་འདི་ལ། སྲོག་པ་རྩ་ཞེས་པ་ལྟེ་བ་ལས་གྱེས་པར་གསུངས་པ་འདི་ཆོས་ཅན། དབུ་མ་ཡིན་ཏེ། རྩ་ཐམས་ཅད་ཀྱི་ཐོག་མ་ཁོ་ནར་ཆགས་པ་གང་ཞིག འཁོར་ལོ་དྲུག་གམ་བཞི་ཡི་སྲོག་ཤིང་ཡིན་པའི་ཕྱིར་དང་སྲོག་རླུང་ཨ་ཡིག་ཅན་གྱི་རྟེན་ཡིན་པའི་ཕྱིར། ཞེས་དང་། དེ་བཞིན་ཀུན་མཁྱེན་རང་བྱུང་བས་བཞེད་པའི་སྙིང་པོ་ནི། ལུས་ཀྱི་དབུས་ཀྱི་ཆ་ལ་གནས་ཤིང་གཟུང་བ་དང་འཛིན་པ་གཉིས་སུ་མེད་པས་ཐབས་དང་ཤེས་རབ་དབྱེར་མི་ཕྱེད་པ། རྩའི་འཁོར་ལོ་དྲུག་གིས་བརྒྱན་ཞིང་སྤྱི་བོའི་དབུས་ཧང་དང་ལྟེ་འོག་གི་རྩ་གསུམ་འདུས་མདོར་ཨ་ཤེད་ཀྱིས་མཛེས་པ། སྟོད་དུ་ནི་ཚངས་པའི་བུ་ག་དང་ཁྲོ་བོ་རྣམས་ཀྱི་སྤྱན་དབུས་མ་མཚོན་པ།  སྨད་དུ་སྐྱེས་བུའི་རྡོ་རྗེའི་ནོར་བུའི་རྩེ་མོ་དང་བུད་མེད་ཀྱི་པད་མའི་ཟེ་འབྲུ་ལ་གནས་སོ།   །ལྟེ་བ་མན་ཆད་རླུང་གིས་གང་ཞིང་ལྟེ་འོག་རྩ་གསུམ་འདུས་མདོ་མན་ཆད་ཤེས་རབ་མའི་རང་བཞིན་ཟླ་བ་བྱང་ཆུབ་ཀྱི་སེམས་ཀྱིས་གང་བ།  དུས་འཁོར་ལས། སྟེང་སྒྲ་གཅན་དང་འོག་དུས་མེ་ཞེས་མགོ་མཇུག་ཏུ་བཤད་ལ།  བྱེད་ལས་ནི་མར་སྣེས་བྱང་ཆུབ་ཀྱི་སེམས་འབབ་ཅིང་ལྷན་ཅིག་སྐྱེས་པའི་དགའ་བ་སྟེར་བར་བྱེད་པས་ཀུན་འདར་མར་གྲགས་ཤིང་སྟེང་དུ་ནི་ཨ་ཧང་གི་བར་ན་སྒྲ་གཅན་གྱི་རླུང་ངམ་ལུས་ཅན་གྱི་སྲོག་རླུང་གནས་པར་བྱེད་པའི་སྲོག་རྩ་ཡིན་ནོ།  །དེས་ན་ཡེ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་ཡེ་ཤེས་དང་།  རྣམ་ཤེས་ཐམས་ཅད་ཀྱི་རྩ་བ་ཀུན་གཞིའི་རྣམ་ཤེས་ཡིན་པས།  དེ་གཉིས་ཐ་མི་དད་པ་ཐ་མལ་གྱི་ཤེས་པ་ལ་སངས་རྒྱས་ཀྱི་རྒྱུ་བྱེད་པའི་ཆ་ནས་བདེ་གཤེགས་སྙིང་པོར་འབོད་པ་བཞིན་དུ། ཡེ་ཤེས་ཀྱི་རྩ་ཐམས་ཅད་ཀྱི་རྩ་བ་དབུ་མ་དང་། འཁོར་བའི་རྩ་ཐམས་ཅད་ཀྱི་རྩ་བ་སྲོག་རྩ་ཡིན་པས་དེ་གཉིས་མི་ཕྱེད་པ་སྒྲ་གཅན་གྱི་རྩ་ལ་སྲོག་བརྟེན་པའི་ཆ་ནས་སྲོག་རྩ་ཞེས་འབོད་རིགས་ཏེ། ཡེ་ཤེས་ཀྱི་རླུང་ཐམས་ཅད་ཀྱི་རྩ་བ་མི་ཤིགས་པའི་རླུང་དང་། ལས་རླུང་ཐམས་ཅད་ཀྱི་རྩ་བ་སྲོག་ཆེན་པོའི་རླུང་ཡིན་པས། དེ་གཉིས་ཆུ་དང་འོ་མ་འདྲེས་པ་སྒྲ་གཅན་གྱི་རླུང་ལ་ཡང་སྲོག་འཛིན་པའི་ཆ་ནས་སྲོག་རླུང་ཞེས་འབོད་པ་འཐད་པའི་ཕྱིར་རོ།   །དེས་ན་གཞི་དུས་སུ་རྩ་ཐམས་ཅད་རྣམ་པར་དག་ནས་དབུ་མ་འབའ་ཞིག་ཏུ་འགྱུར་པ་ངེས་དོན་གྱི་ཆོས་སྐད་ཀྱི་སྲོག་དང་སྙིང་ལྟ་བུ་ཡིན་ནོ། །    
              གཉིས་པ་རྩ་རོ་མ་དང་རྐྱང་མ་གཉིས་ནི།  ལྟེ་བའི་འོག་སོར་བཞིའི་ཐད་ནས་གྱེས་ཤིང་ལྟེ་བར་འདུས་ནས་གྱེས་ཏེ་མཁལ་མར་རྩ་ཆེན་པོ་ལ་འབྲེལ་བ། དེ་ནས་སླར་ཡང་སྙིང་གར་འདུས་ཤིང་དེ་ཡང་མཆན་འོག་གི་རྩ་ཆེན་པོ་སྙིང་རྩ་རྔུལ་འདུ་བརྒྱུད་ནས་མགྲིན་པར་འདུས་ཏེ་རྩེའུ་ཆུང་དུ་གྱུར་ཏེ་རྣ་འོག་ཕུག་ཅིང་ལྗོན་ཤིང་གི་རྩ་ཞེས་ཀླད་པ་དང་ཚངས་བུག་དང་དབང་པོའི་སྒོ་ཐམས་ཅད་ལ་འབྲེལ་ཞིང་། ཁྱད་པར་དུ་སྣ་བུག་གཉིས་ནས་མར་བྱུང་སྟེ། བྱེད་ལས་ནི་ལྟེ་སྟེང་ཡན་ཆད་འཕོ་བྱ་བཅུ་གཉིས་ཀྱི་རླུང་རྒྱུ་བའི་སྒོ་ཡིན་པས། རླུང་འབྱུང་བས་ཕྱི་རུ་ལུས་ཐམས་ཅད་གསོ་བསྐྱེད་བྱེད་ཅིང་། ནང་དབུ་མ་ལ་སོགས་རླུང་གསོ་བསྐྱེད་བྱེད་ཅིང་ལྟེ་འོག་རྩ་གསུམ་འདུས་མདོ་མན་ཆད་དུ་གཡས་རོ་མས་ཁྲག་དང་དྲི་ཆེན་འབྱིན་སྡོམ་བྱེད། གཡོན་རྐྱང་མས་དྲི་ཆུ་འབྱིན་སྡོམ་བྱེད་དོ། །  
              དེ་ལྟར་དབུ་རྐྱང་རོ་གསུམ་གྱེས་གཞི་བྱས་པའི་རྩ་ཡི་འཁོར་ལོ་ནི།  སྤྱི་བོ་བདེ་ཆེན་གྱི་འཁོར་ལོ་དང་དེར་རྩ་འདབ་༣༢མགྲིན་པ་ལོངས་སྤྱོད་ཀྱི་འཁོར་ལོ་རྩ་འདབ་༡༦སྙིང་ག་ཆོས་ཀྱི་འཁོར་ལོ་རྩ་འདབ་༨ལྟེ་བ་སྤྲུལ་བའི་འཁོར་ལོ་རྩ་འདབ་༦༤གསང་གནས་བདེ་སྐྱོང་གི་འཁོར་ལོ་རྩ་འདབ་༣༢ནོར་བུའི་དབུས་ཀྱི་འཁོར་ལོ་རྩ་འདབ་༨བཅས་རྩ་འཁོར་དྲུག་དང་འདབ་མ་༡༦༠འབྱུང་བ་དང་། འཁོར་ལོ་དེ་དག་གི་དབུས་སུ་རྩ་གསུམ་དང་ཁྱད་པར་དབུ་མ་ནི་སྲོག་ཤིང་གི་ཚུལ་དུ་གནས་ལ། དེ་ལྟར་དུ་རྩའི་གནས་ལུགས་ཤེས་པས་ལུས་ནི་རིལ་བོ་གཅིག་མ་ཡིན་པར་རྩ་ཁམས་ཐམས་ཅད་ཀྱི་རྣམ་པར་སྣང་བ་ཡིན་ནོ།  ། དེ་ལྟར་དབུ་རྐྱང་རོ་གསུམ་དང་ཁྱད་པར་དབུ་མ་ནི་ལུས་ཀྱི་ཆགས་གནས་འཇིག་གསུམ་གྱི་མཐར་ཐུག་དང་། ཤིན་ཏུ་ཕྲ་ཞིང་ཤེས་དཀའ་བའི་གནས་ཞིག་ཡིན་སྟབས་ཞིབ་པར་རྟོགས་འདོད་པ་རྣམས་ཀྱིས་བརྒྱུད་ལྡན་གྱི་དགེ་བའི་བཤེས་གཉེན་བསྟེན་ནས་ཟབ་མོ་སྔགས་ལམ་གྱི་བསྐྱེད་རིམ་དང་རྫོགས་རིམ་ལ་ཞུགས་ཏེ་ཉམས་སུ་མྱོང་དགོས་པར་སྙམ་མོ། །         
བཞི་པ། རྨི་ལམ་གྱི་སྐོར།
              བོད་ཀྱི་གཞུང་རྣམས་སུ་རྨི་ལམ་གྱི་འབྱུང་ཚུལ་དང་། རྨི་ལམ་འབྱུང་བའི་རྒྱུ་མཚན། རྨི་ལམ་གྱི་ནུས་པ། ཁྱད་ཆོས། མཚན་ལྟས། རྨི་ལམ་སྐབས་ཀྱི་རླུང་སེམས་ཀྱི་འབྲེལ་བ།  དེ་གཞིར་བཟུང་ནས་རྨི་ལམ་བེད་སྤྱོད་བྱ་ཚུལ་དང་སྦྱོང་བསྡར་བྱ་ཚུལ་ལ་སོགས་པ་རྒྱས་པར་གསུངས་ཡོད།  
              རྨི་ལམ་འབྱུང་བའི་རྒྱུ་མཚན་ནི། ཞེན་པའི་བག་ཆགས་ཉོན་མོངས་པ་ཅན་གྱི་ཡིད་དང་བཅས་པ་རླུང་དང་ལྷན་ཅིག་རྩའི་གནས་ཀུན་ཏུ་རྒྱུ་བའི་རྟེན་འབྲེལ་གྱིས་ཕྱི་རོལ་དུ་བྱུང་བ་ལྟར་སྣང་ཞིང་འཁྲུལ་བ་ལས་ཉིང་འཁྲུལ་དུ་རྨི་ལམ་སྣ་ཚོགས་པར་འབྱུང་བ་སྟེ། ཀུན་གཞིའི་རྣམ་པར་ཤེས་པའི་སྟེང་ནས་དྲུག་པ་ཡིད་ཀྱི་རྣམ་པར་ཤེས་པ་བག་ཆགས་དང་བཅས་པ་ཉོན་མོངས་པ་ཅན་གྱི་ཡིད་སྲོག་གི་རླུང་གིས་བསྐྱོད་ནས་ཡིད་ཀྱི་འདུ་བྱེད་ལངས་པ་ནི་རྨི་ལམ་གྱི་ངོ་བོ་ཡིན། རྨི་ལམ་དེར་ཇི་ལྟར་མ་དག་པ་དང་འཁྲུལ་བའི་སྣང་བ་འབྱུང་བར་གྱུར་ན།  ཐོག་མར་སྙིང་གར་ཀུན་གཞིའི་སྟེང་གི་ཕྱོགས་སྤྱི་བོར་སོང་ན་མཐོ་བའི་སྣང་བ་དང་། མིག་གི་རྩར་སོང་ན་གཟུགས་ཀྱི་རྣམ་པ་ཤིན་ཏུ་གསལ་བར་མཐོང་བ་དང་། དེ་བཞིན་དུ་སྒྲ་དང་དྲི་དང་རོ་ལ་སོགས་པ་མ་འདྲེས་པར་འཆར་རོ།  །དེ་ལྟར་རྨི་ལམ་འབྱུང་བར་གནས་ཀྱི་རྐྱེན་ཏེ་ལུས་པོའི་རྩ་སྦུབས་ཀྱི་སྟེང་འོག་རྒྱབ་མདུན་དོག་ཡངས་སོགས་ཁྱད་པར་གྱིས་རྨི་ལམ་སྣང་བ་དང་།  ཁམས་ཀྱི་རྐྱེན་ཏེ་ཉེས་གསུམ་ཤས་ཆེ་ཆུང་ལས་བསྐྱེད་པའི་མིའི་རང་བཞིན་གྱི་རྗེས་སུ་མཐུན་པར་རྨི་ལམ་འབྱུང་བ་ནི་དཔེར་ན་རླུང་གི་རང་བཞིན་གྱི་མིར་རླུང་གི་རྨི་ལམ་གྱི་སྡེ་ཚན་དང་། མཁྲིས་པར་མཁྲིས་པའི་སྡེ་ཚན། བད་ཀན་ལ་བད་ཀན་རྨི་ལམ་གྱི་སྡེ་ཚན་འབྱུང་བའོ།  །དེ་བཞིན་ཉེས་གསུམ་ལྡང་དུས་ཀྱི་དབང་གིས་རྨི་ལམ་སྣང་བ་ནི། སྲོད་ལ་བད་ཀན་ཤས་ཆེ་སྟེ། །ནམ་ཕྱེད་དུས་སུ་མཁྲིས་པར་བརྗོད། །ཐོ་རེངས་རླུང་གི་དུས་ཉིད་དེ། །དེ་ཚེ་ཁམས་ཀྱི་རང་བཞིན་གྱིས།  །རྨི་ལམ་ཡུལ་དུ་སྣང་བར་འགྱུར།  །ཞེས་པའོ། །དེ་མིན་ད་དུང་སྔ་དུས་ཀྱི་མཚན་མར་བྱུང་བའི་རྨི་ལམ་ཕྱིས་དུས་ཚོད་ཅི་འདྲའི་ནང་མངོན་དུ་འགྱུར་ཚུལ་ཡང་བསྟན་ཡོད་དེ། ཇི་སྐད་དུ། དང་པོའི་ཐུན་ལ་རྨི་ལམ་བྱུང་། །ལོ་གཅིག་ནང་དུ་འབྲས་བུ་འབྱིན། །ཐུན་གཉིས་ཟླ་བ་བརྒྱད་བར་ལ། །ཐུན་གསུམ་ཟླ་བ་གསུམ་གྱི་བར། །ཐུན་བཞི་ཟླ་བ་ཕྱེད་བར་དུ།  །མཐོང་བར་འགྱུར་བ་ཐེ་ཚོམ་མེད།  །སྐྱ་རེངས་ཤར་བའི་དུས་ཉིད་ལ།  །ཞག་བཅུའི་ནང་དུ་འབྲས་བུ་འབྱིན།  །ཞེས་ཐོ་རེངས་སྟག་གི་དུས་སུ་རྨི་ལམ་བྱུང་ན་འབྲས་བུ་འབྱིན་ངེས་པར་བསྟན་པ་སྟེ། ཐོ་རེངས་སུམ་ཆ་ཕྱིས་འབྱུང་གསལ་བྱེད་ཡིན།   །ཞེས་དང་། མཚན་སྟོད་རྨི་ལམ་བརྗེད་ངེས་འབྲས་བུ་མེད།  །ཐོ་རེངས་མཐོང་དང་གསལ་ན་འབྲས་བུ་འབྱིན།  །ཞེས་གསུངས་པ་ལྟར་རོ། །  
              གཞན་རྨི་ལམ་ལ་བརྟེན་ནས་ནད་རིགས་ཀྱི་འབྱུང་ཚུལ་དང་། འཕེལ་ཚུལ། རང་བཞིན་སོགས་ཀྱང་སྔོན་དཔག་བྱེད་ཐུབ་པ་བསྟན་ཡོད་པ་ནི་རྒྱུད་ལས་མང་དུ་མཐོང་ལ། ནད་ཀྱི་དབང་གིས་རྨི་ལམ་འབྱུང་བའི་རྒྱུ་མཚན་ནི། རྒྱུད་ལས། དེ་ལ་སོགས་ཏེ་རྨི་ལམ་མི་བཟང་བ།    །ཡིད་འཇུག་བུ་ག་ནད་ཀྱིས་བཀག་ཕྱིར་མཐོང་། །ཞེས་པ་ལྟར་དང་།རྨི་ལམ་གྱི་དབྱེ་བ་ནི། མཐོང་ཐོས་མྱོང་དང་གསོལ་བ་བཏབ་པ་དང་། །གྲུབ་པ་ནད་ལས་བྱུང་དང་རྣམ་པ་དྲུག །ཅེས་པ་ལྟར་རོ། །