དགོང་མོ་མ་ཉལ་གོང་བྱ་མི་རུང་བ་འགའ།
སྤེལ་དུས 2018-06-28
ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།
རྩོམ་པ་པོ། སྒྲོལ་མས་བསྒྲིགས།
བསམ་བློ་མང་པོ་གཏོང་རྒྱུ་མེད།
གལ་སྲིད་ཁྱེད་ལ་དགོང་ལས་བྱེད་པ་དང་དཔེ་དེབ་ལྟ་བའི་གོམས་གཤིས་ཡོད་ན། དཀའ་ལས་ཁག་པ་དང་རྙོག་འཛིང་ཆེ་བ་དག་སྔོན་ནས་བསྒྲུབས་ཏེ། ཉལ་ཁར་ཀླད་པར་ངལ་གསོ་ཡག་པོ་ཐེབས་སུ་འཇུག་དགོས། འདི་འདྲ་བྱས་ན་གཉིད་ཁུག་བདེ་བ་ཡོད། དེ་ལས་ལྡོག་སྟེ་ཉལ་ཁར་ཀླད་པར་ངལ་གསོ་ཡག་པོ་མ་ཐེབས་ཚེ་གཉིད་ཁུག་དཀའ་བ་མ་ཟད། ཡུན་རིང་སོང་ཚེ་གཉིད་མི་ཁུག་པའི་ནད་ཀྱང་ཕོག་སྲིད།
ཁ་ཟས་མང་པོ་ཟ་རྒྱུ་མེད།
དགོང་ཟས་བཟས་ཚར་རྗེས་ཉལ་ཁར་ཁ་ཟས་མང་པོ་ཟ་རྒྱུ་མེད། གལ་སྲིད་མང་དྲགས་ཚེ། ཕོ་བར་འཇུ་ཁག་པ་དང་རྟག་ཏུ་རྨི་ལམ་གཏོང་བ་མ་ཟད་གཉིད་སྐྱིད་པོ་ཞིག་ཁུག་དཀའ།
ཁ་པར་བརྩེས་ནས་ཡུན་རིང་སྡོད་རྒྱུ་མེད།
ཉིན་མོ་ལས་ཀ་དང་སློབ་སྦྱོང་གི་ལས་བྲེལ་ཆེ་བས་ཉལ་ཁར་ཁ་པར་ནས་གསར་འགྱུར་དང་ཆོབ་ཚ་བའི་བརྙན་ཐུང་སོགས་བལྟས་ན་ཀླད་པར་ངལ་གསོ་ཡག་པོ་ཐེབས་སྲིད། འོན་ཀྱང་ཁ་པར་བརྩེས་ནས་དུས་ཡུན་ཆུ་ཚོད་གཅིག་ཡན་སོང་ཚེ་མིག་ཙམ་མ་ཟད་གཟུགས་པོར་ཡང་གནོད་འཚེ་ཆེན་པོ་ཡོད།
ཆུ་མང་པོ་འཐུང་རྒྱུ་མེད།
ཉལ་ཁར་ཆུ་མང་པོ་འཐུང་རྒྱུ་མེད། ལྷག་པར་དུ་ནམ་ཕྱེད་ལ་གཅིན་པ་གཏོང་བའི་གོམས་གཤིས་ཡོད་པའི་མི་རྣམས་ཀྱིས་ཉལ་ཁར་ཆུ་མང་པོ་བཏུངས་ན། གཉིད་ཡག་པོ་ཁུག་མི་ཐུབ་ལ་ཀླད་པར་ཡང་ངལ་གསོ་ཡག་པོ་ཐེབས་མི་སྲིད།
སེམས་ལ་ཕོག་ཐུག་ཐེབས་སྲིད་པའི་དེབ་དང་གློག་བརྙན་མང་པོ་ལྟ་རྒྱུ་མེད།
རྒྱུན་དུ་ཉལ་ཁར་སྐྱི་གཡའ་བའི་གློག་བརྙན་དང་སྒྲུང་དེབ་མང་པོ་བལྟས་ཚེ། ཀླད་པར་ངལ་གསོ་ཐེབས་ཀྱི་མེད་ལ་སེམས་ལ་འཇིགས་སྣང་དང་དངངས་སྐྲག་ཆེན་པོ་སྐྱེ་སྲིད་པས། དེ་རིགས་ཉུང་ཙམ་ལྟ་དགོས།