ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

དྲེག་ནད་ཀྱི་བརྟག་བཅོས་སྐོར་ལ་རགས་ཙམ་དཔྱད་པ།

སྤེལ་དུས 2012-01-19 ཡོང་ཁུངས། གསོ་རིག་དྲ་བ། རྩོམ་པ་པོ། དབང་སྒྲོལ་སྐྱིད་ཀྱིས་བསྒྲིགས།

ནང་དོན་གནད་བསྡུས། ཐོར་བུའི་ནད་བཅུ་དགུའི་ཡ་གྱལ་དྲེག་ནད་ནི་དེང་གི་དུས་འདིར་འབྱུང་མང་ལ།ནད་འདི་ཟུག་གཟེར་ཆེ་ཞིང་རྙིང་ན་རྐང་ལག་ཞ་བ་དང་འཐེང་བར་འགྱུར་ལ།གསོ་བཅོས་དཀའ་བས་གསར་དུས་གསོ་བ་སྒྲིམས་རྒྱུ་ནི་ཤིན་ཏུ་གལ་ཆེ།འདིར་རླུང་ཁྲག་འཁྲུགས་པ་ལས་བྱུང་བའི་ནད་འདིའི་ངོ་བོ།རྒྱུ་རྐྱེན།གསོ་ཐབས་བཅས་ཀྱི་སྒོ་ནས་ཅུང་ཟད་ངོ་སྤྲོད་བྱས་ཡོད།

གནད་ཚིག    དྲེག་ནད ། ངོ་བོ། གྱུར་ཚུལ།

གླེང་གཞི།

དེ་ཡང་དེང་གི་དུས་འདིར་མི་རྣམས་ཀྱི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བཞིན་པ་དང་བསྟུན་ནས་བཟའ་བྱ་དང་བཏུང་བྱའི་རིགས་ཤིན་ཏུ་མང་ལ།དེ་བཞིན་སྐྱིད་པར་འདུག་པ་དང་དྲག་ཤུལ་སོགས་སྤྱོད་ལམ་དམན་ལྷག་ལོག་པས་རླུང་ཁྲག་འཁྲུགས་པ་རྒྱུ་བྱས་ཏེ་ནད་འདི་བསྐྱེད།ཐོག་མར་རྐང་བའི་མཐེ་བོང་དང་ལག་པའི་གྲུ་མོའི་རུས་པར་ནད་འདི་འབྱུང་མང་ཞིང་།ཟུག་གཟེར་ཆེ་ཞིང་རྙིང་བར་གྱུར་ན་གསོ་བཅོས་དཀའ་བས་གསར་དུས་གསོ་བ་སྒྲིམས་པ་ནི་ཤིན་ཏུ་གལ་ཆེའོ་སྙམ།

དྲེག་ནད་ཅེས་བྱ་བ་ནི།གཡུ་ཐོག་དགོངས་རྒྱན་དུ་སྟག་ཚང་ལོ་ཙ་བས།གྲུ་ཚིགས་གཉིས་དང་རྒྱ་ཚིགས་གཉིས།།དྲེག་བཞི་ཞེས་གྲགས་དེའི་གནས་སམ།།གང་ནའི་གནས་སུ་དྲེག་སྨུག་ནག།།ཆགས་པས་དྲེག་ནད་ཅེས་སུ་བཤད།།ཞེས་གསུངས་པ་ལྟར་ཟས་སྐོམ་ཚ་སྐྱུར་དང་ཡང་རྩུབ་རིགས་བསྟེན་དྲགས་པས་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་འཕེལ་བ་དང་།རྩོལ་བས་དུབ་པའམ་སྐྱིད་པར་བསྡད་པ་བཅས་ཀྱིས་ལུས་ཁམས་ཀྱི་རླུང་ཁྲག་འཁྲུགས་ཏེ་དང་ཐོག་རྐང་པའི་མཐེ་བོང་དུ་ན་ཟུག་བཟོད་མེད་གཏོང་བ་དང་སྦྲགས་ནས་དམར་ལ་སྐྲངས་ཤིང་སྨུག་ཐིག་ཆགས་པ་དང་།དེ་ནས་རིམ་བཞིན་མཆེད་དེ་གྲུ་ཚིགས་སོགས་སུ་ཟུག་རྔུ་ལྡང་བས་གནས་དང་མདོག་ལ་བལྟོས་ནས་བཏགས་པའི་ནད་རིགས་ཤིག་ཡིན།དྲེག་ནད་ནི་ལུས་ཀྱི་རླུང་ཁྲག་འཁྲུགས་པ་ལས་བྱུང་ཞིང་གཙོ་ཆེར་རྐང་ལག་གི་དྲེག་བཞི་དང་གཞན་རྐང་སོར་ཚིགས་ཕྲན་དང་པིར་མགོའི་ཚིགས།ཨན་སྟོང་དང་དཔུང་བ་སོགས་ལ་གནས།རྒྱ་ཚིགས་ཞེས་བར་གོ་བ་ལེན་ཚུལ་འགའ་ཞིག་མཆིས་ཏེ།ཁ་ཅིག་གིས་རྒྱ་ཚིགས་ནི་རྐང་བའི་མཐེ་བོང་སྣ་ནས་སོར་བརྒྱད་བཅལ་བས་གནས་སུ་ཡོད་པའི་བོལ་ཚིགས་ཀྱང་ཟེར་བ་དེའི་མིང་གི་རྣམ་གྲངས་ཤིག་ཡིན་པར་འདོད།ཟླ་རྒྱལ་ལས།མཐེ་བོང་སྣ་ནས་སོར་བརྒྱད་གཞལ།།རྒྱ་ཚིགས་སྲོག་རྩ་ཞེས་བྱ་སྟེ།།ཞེས་དང་བོད་མཁས་བས།རྒྱ་ཚིགས་སྟེང་ན་གཏར་རྩ་ཡོབ་གོང་གཉིས།།ཞེས་གསུངས་བ་ལྟར་ལས་རྒྱ་ཚིགས་གཉིས་དང་ལོང་ཚིགས་གཉིས་གཅིག་པར་ངོས་འཛིན་མཁན་ཡོད་ཀྱང་དེ་ལྟར་མ་ཡིན་ཏེ།དུས་རྒྱུན་དུ་ས་གནས་ཁག་གི་དམངས་ཁྲོད་ཀྱི་འཚོ་བའི་ནང་དུའང་རྐང་བའི་མཐེ་བོང་གི་སྤུ་འཁྱིལ་ཚིགས་ལ་རྒྱ་ཚིགས་ཞེས་འབོད་པ་ལྟར་རྒྱ་ཚིགས་གཉིས་ནི་རྐང་བའི་མཐེ་བོང་གཉིས་ཀྱི་སྤུ་ཁ་ཤས་སྐྱེས་བའི་ཚིགས་དེ་ལ་ངོས་བཟུང་ན་མ་ནོར་བ་སྙམ།།གྲུ་ཚིགས་ནི་ཚིགས་ཆེན་བཅུ་གཉིས་ཀྱི་ནང་གསེས་གྲུ་མོའི་ཚིགས་ཡིན་པས་དེ་དག་གཡས་གཡོན་གཉིས་རེ་བཅས་བཞི་ལ་དྲེག་བཞི་ཞེས་བརྗོད་པའོ།།

ས་བཅད་དང་བོ། རྒྱུ་རྐྱེནབཤད་པ།

དང་བོ། རྒྱུ་བཤད་པ།

རྒྱུད་ལས།རྒྱུ་རྐྱེན་ཁྲག་འཁྲུགས་བྱེད་པའི་ཟས་སྤྱོད་བསྟེན།།ཞེས་དང་།ཡན་ལག་བརྒྱད་པའི་སྙིང་བོ་བསྡུས་བ་ཡིད་བཞིན་ནོར་བུ་ལས།།དྲེག་རྒྱུ་ཁྲག་ནད་འཁྲུགས་པའི་ཟས་སྤྱོད་བསྟེན།།ཞེས་གསུངས་བ་ལྟར་ཞེས་དང་།རླུང་ཁྲག་ཀུན་ཏུ་རྒྱུ་བས་ཚོང་དཔོན་བཞིན།།ཞེས་བ་ལྟར་རླུང་གི་བྱེད་པ་ལ་བརྟེན་ནས་ཁྲག་ནི་ལུས་ཀྱི་སྟོད་སྨད་གང་རུང་དུ་རྒྱུ་ཞིང།དེ་ལ་རང་གི་མཚན་ཉིད་ཀྱི་རྗེས་སུ་མཐུན་པའི་ཟས་དང་སྤྱོད་ལམ་བསྟེན་ཉེས་བའམ་བསྟེན་དྲགས་པའི་དབང་གིས་རླུང་ཁྲག་རྒྱུ་བས་བུ་ག་བཀག་པའམ་ལོག་པའི་ལམ་དུ་ཞུགས་ཏེ་དྲེག་ནད་བསྐྱེད་པ་ཡིན།

གཉིས་བ།རྐྱེན་བཤད་པ།

༡ ཟས།

ཡན་ལག་བརྒྱད་པའི་སྙིང་བསྡུས་ལས།ཁྲག་ནི་འཁྲུགས་པར་བྱེད་པའིཟས།།ཚ་བ་དང་ནི་མི་འཕྲོད་པ།།བསྟེན་དང་སྦྱོར་བ་ལོག་པ་དང་།།ཞེས་བ་ལྟར་ཁ་ཟས་དྲོད་བཅུད་ཆེ་བའི་རིགས་དང་ཚ་སྐྱུར་ཤ་ཚིལ་མར་སོགས་སྣུམ་ཅ ན་བསྟེན་དྲགས་པ་དང་།ལྷག་པར་ཆང་རག་ལ་བག་མེད་ལོངས་སུ་སྤྱོད་པ།དེ་བཞིན་ཤིང་ཏོག་རིགས་འདྲ་མིན་སོགས་དང་བཟའ་བྱ་དང་བཏུང་བྱ་གྲང་མོ་འཐུང་ཆེས་བ།མ་ཚོས་པའམ་ཁེངས་བོའི་ཟས་རིགས་དང་།དེང་དུས་དར་ཁྱབ་ཆེ་བའི་ཚ་སྦྲིད་ཀྱི་ཟས་དང་རྒྱ་མཚོར་གནས་བའི་ཉ་སོགས་འབུ་སྲིན་རིགས།སྔོ་ཚལ་རིགས་སོགས་མ་གོམས་པའི་རིགས་བསྟེན་དྲགས་པས་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་འཕེལ་བ་དང་ངན་ཁྲག་འཁྲུགས་པའི་རྐྱེན་གྱིས་བསྐྱེད་པའོ།།

༢ སྤྱོད་ལམ།

སྤྱོད་ལམ་ཐད་དུས་རྒྱུན་དུ་དལ་བར་སྡོད་དྲགས་པ་དང་།དུས་མིན་ཁ་ཟས་བསྟེན་ཆེ་བ།བརྡབས་འགྲམས་དང་རུས་ཚིགས་ཆེ་ཆུངཁག་ལ་སྐྱོན་ཤོར་བ།ཉིན་པར་གཉིད་ལོག་ནས་མཚན་མོ་གཉིད་མི་ལོག་པ།ཉལ་བོ་མང་དུ་སྤྱད་པ།རྡོ་དང་དབྱུག་པས་བསྣུན་པ་དང་དྲག་ཤུལ་གྱི་ལས་སོགས་སྤྱོད་ལམ་ལོག་པས་དྭངས་མ་རང་གནས་སུ་མ་སྨིན་པར་ཆུ་སེར་འཕེལ་བ་དང་ངན་ཁྲག་འཁྲུགས་པའི་རྐྱེན་གྱིས་བསྐྱེད་པར་བྱེད་དེ།ཡན་ལག་བརྒྱད་པའི་སྙིང་བསྡུས་ལས།ཉལ་པོ་དྲགས་དང་སྐྱིད་པར་གནས།།ཆགས་པའི་སྤྱོད་ལམ་མང་བསྟེན་དང་།།སྣད་དང་སྦྱང་བ་མ་བྱས་བས།།མི་ཡི་ཁྲག་ནི་འཁྲུགས་གྱུར་ཅིང་།།རླུང་བསྐྱེད་ཟོས་བས་རླུང་ནད་ནི།།འཕེལ་བས་འཁྲུགས་ཏེ་ལམ་གཞན་ཞུགས།།དེ་བཞིན་ཁྲག་ཀྱང་ལམ་འགག་པ།།དང་བོར་གནོད་པར་འགྱུར་བ་ཡིན།།དེ་ཡང་དང་བོར་རྐང་བར་རྒྱུ།།མཆོག་ཏུ་བཞོན་སོགས་འཕྱང་ལས་བྱུང་།།ཞེས་གསུངས་སོ།།

ས་བཅད་གཉིས་བ། གྱུར་ཚུལ་བཤད་པ།

དྲེག་ནད་ནི་ཟས་སྐོམ་རྣམས་མེ་དྲོད་རྣམ་པ་གསུམ་གྱིས་མྱག་བཞུ་དྭངས་སྙིགས་ལེགས་པར་འབྱེད་མ་ནུས་བའི་དབང་གིས་སྙིགས་མ་དྭངས་མའི་རྩ་མིག་ཤོར་ནས་མཆིན་པར་སླེབས་ལ།མཆིན་པའི་གནས་སུ་སྐྱོན་དང་ལྡན་པའི་དྭངས་མ་དེ་མདངས་སྒྱུར་མཁྲིས་བས་ཟུངས་ཁྲག་ཏུ་སྨིན་མ་ཐུབ་པའི་ངན་ཁྲག་རྣམས་ཡང་གཡོའི་མཚན་ཉིད་དང་ལྡན་པའི་རླུང་གིས་ལུས་ཀུན་ལ་ཁྱབ་པ་དང་ཁྱད་པར་རང་གནས་ཀུན་ལ་ཁྱབ་པ་དེར།ཟས་དང་སྤྱོད་ལམ་མི་མཐུན་པའམ་མི་འཕྲོད་པ་བསྟེན་པ་ལས་དྲེག་ནད་བསྐྱེད་པ་ཡིན།

ས་བཅད་གསུམ་པ། དབྱེ་བ་བཤད་པ།

རྒྱུད་ལས་།དབྱེ་བ་རླུང་མཁྲིས་ཁྲག་དང་བད་ཀན་བཞི།ཞེས་པ་ལྟར་དྲེག་ནད་དབྱེ་བ་ལ་རླུང་ལས་གྱུར་བ་དང་།མཁྲིས་པ་ལས་གྱུར་བ།ཁྲག་ལས་གྱུར་བ།བད་ཀན་ལས་གྱུར་བ་ཞེས་བཞི་རུ་བསྟན་ཡོད།དེ་ཡང་ཉེས་པ་ཤས་ཆེ་ཆུང་གིས་དཀར་ནག་ཁྲ་གསུམ་ལ་དབྱེ་སྟེ་།དཀར་པོ་ནི་གཙོ་བོ་བད་རླུང་ཤས་ཆེ་བ་དང་།ནག་པོ་ནི་ཁྲག་མཁྲིས་ཤས་ཆེ་བའི།་ཕྱིར་ཏེ།ཕྱག་རྡོར་མགོན་པོས།དཀར་པོ་རྟིང་པར་བརྒྱུད་ནས་མཐེབ་ཆུང་འགར།ནག་པོ་ལོང་རྩ་བརྒྱུད་ནས་མཐེབ་ཆེན་འགར།ཁྲ་བོ་བྱིན་གཞུག་བརྒྱུད་ནས་རྟིང་པར་འགར་ཞེས་དང་།ཡང་ངོ་བོའི་དབང་དུ་བྱས་ན་ཚ་གྲང་གཉིས་སུ་ཕྱེ་བའོ།