ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

དཔལ་ལྡན་རྒྱུད་བཞིའི་བྱུང་ཚུལ་ལ་ཅུང་ཟད་དཔྱད་པ།

སྤེལ་དུས 2009-06-10 ཡོང་ཁུངས། བོད་རིག་པའི་དྲ་བ། རྩོམ་པ་པོ། བསྟན་པ་དར་རྒྱས།

ནང་དོན་གནད་བསྡུས།   དཔལ་ལྡན་རྒྱུད་བཞི་ནི་བོད་ཀྱི་གསོ་དཔྱད་ཀྱི་རྩ་བའི་རིག་པའི་གཞུང་ལུགས་དང་། སྨན་རྫས་རིག་པ། བརྟག་ཐབས་དང་བཅོས་ཚུལ།ནད་ཐོག་ལག་ལེན།སྔོན་འགོག་བདེ་སྲུང་སོགས་ཆ་ཡོངས་སུ་ཚང་བའི་རྒྱུད་ཆེན་ཞིག་དང་། བོད་ཀྱི་གསོ་རིག་ལ་འཇུག་མཁན་རྣམས་ཀྱིས་ལྟ་རྟོག་དགོས་ངེས་ཀྱི་རྩ་བའི་རིག་གཞུང་ཞིག་ཡིན་པས། དེའི་དགོངས་དོན་དངོས་དང་བཀའ་དྲིན་མཉམ་མེད་དགེ་བའི་བཤེས་གཉེན་ཁྲོ་རུ་ཚེ་རྣམ་རིན་པོ་ཆེའི་ཞལ་རྒྱུན་ལ་གཞིར་བཟུང་། བོད་ཀྱི་གསོ་རིག་ལོ་རྒྱུས་ཁག་གཅིག་ལ་དཔྱད་གཞིར་བྱས་ནས་དཔལ་ལྡན་རྒྱུད་བཞིའི་བྱུང་ཚུལ་ལ་ཅུང་ཟད་དཔྱད་པ།

 

 བརྡ་ཆད་གཙོ་བོ། དཔལ་ལྡན་རྒྱུད་བཞི། བྱུང་ཚུལ།

 

སྔ་རབས་བོན་གྱི་གསོ་དཔྱད་དལ་འགྲོའི་རྒྱུན།།

མཐའ་བཞིའི་གསོ་རིག་ཆུ་ཕྲན་དང་འགྲོགས་ཏེ།།

དེང་རབས་བོད་ཀྱི་ཚེ་རིག་རྒྱ་མཚོ་འཁྱིལ།།

གླིང་བཞིའི་མཁས་པའི་ཡིད་དབང་བརྟན་པ་འཕྲོག།།

གངས་ཅན་སྨན་རྒྱལ་རྗེ་བཙུན་གཡུ་ཐོག་པ།།

དེ་ཡི་ཐུགས་བཅུད་དཔལ་ལྡན་རྒྱུད་ཆེན་བཞི།།

དད་བརྩོན་ཤེས་རབ་བློ་ཡིས་བསྟེན་བྱས་ན།།

ཡིད་ལ་འདོད་པའི་རེ་བ་ཅིས་མི་འགྲུབ།།

 སྤྱིར་བོད་ཀྱི་གསོ་བ་རིག་པའི་ཆེ་བ་ནི།

 

   བོད་ཀྱི་གསོ་བ་རིག་པ་ནི་གནའ་རབས་རྒྱུན་སྲོལ་གྱི་ཚན་རིག་ཅིག་དང་མེས་རྒྱལ་གསོ་རིག་བང་མཛོད་ནང་གི་ནོར་བུ་འོད་མདངས་འབར་བ་ཞིག་རེད། དེ་ནི་བོད་ཀྱི་མེས་པོ་རིམ་བྱོན་རྣམས་ཀྱིས་དུས་རབས་རིམ་པར་རང་བྱུང་ཁམས་དུ་འཚོ་གནས་བྱེད་སྐབས་ནད་རིགས་སྣ་ཚོགས་འགོག་བཅོས་བྱས་པའི་མྱོང་ཚོར་རིམ་བཞིན་བསགས་པ་དང་། སྤུན་ཟླ་མི་རིགས་དང་མཐའ་ཕྱོགས་རྒྱལ་ཁབ་ཀྱི་གསོ་རིག་སྙིང་བཅུད་དང་བོད་ཀྱི་རང་བྱུང་འཁོར་ཡུག་དང་སྨན་རྫས་འབྱུང་ཁུངས་སོགས་ལ་ཞིབ་འཇུག་དང་ལག་ལེན་བྱས་ཏེ་རིམ་བཞིན་རིག་གཞུང་དང་ལག་ལེན་ཕུན་སུམ་ཇེ་ཚོགས་སུ་སོང་བའི་རིག་པ་ཞིག་སྟེ། རིག་གཞུང་དང་ལག་ལེན་ཆ་ཚང་ཞིང་ནང་དོན་ཕུན་སུམ་ཚོགས་པ། བོད་མི་རིགས་ཀྱི་ཁྱད་ཆོས་གསལ་བར་མ་ཟད་ལོ་རྒྱུས་ཡུན་རིང་ལྡན་པའི་རྒྱུན་སྲོལ་བོད་ཀྱི་གསོ་བ་རིག་པ་ནི་ཚུལ་མཐུན་ཚན་རིག་ཅིག་ཡིན་པ་དང་། འཛམ་གླིང་ཐོག་གི་གསོ་དཔྱད་ག་འདྲ་ཞིག་ཡིན་རུང་དེ་ལ་ཚད་ལྡན་གྱི་རྩ་བའི་རིག་གཞུང་ཡོངས་གྲགས་ཤིག་མེད་མི་སྲིད་པས། དཔལ་ལྡན་རྒྱུད་བཞི་ནི་བོད་ཀྱི་གསོ་དཔྱད་ཀྱི་ཆེས་རྩ་བའི་རིག་གཞུང་ཡོངས་སུ་གྲགས་པ་ཞིག་རེད།

 

དཔལ་ལྡན་རྒྱུད་བཞིའི་དགོངས་དོན་རགས་བསྡུས།

 

དཔལ་ལྡན་རྒྱུད་བཞིའམ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད་ཅེས་བྱ་བ་དུམ་བུ་བཞི་དང་ལེའུ་༡༥༦གི་བདག་ཉིད་ཅན་དེ་ལས།

 

དུམ་བུ་དང་པོ་རྩ་བའི་རྒྱུད་ལེའུ་༦གིས་ལུས་ནད་གཉེན་པོའི་གནས་ལུགས་མཚན་ཉིད་སོགས་སྤྱི་སྡོམ་གྱི་སྒོ་ནས་མདོ་རུ་བསྡུས་ཏེ་བསྟན་པ་དང་། 

 

དུམ་བུ་གཉིས་པ་བཤད་པའི་རྒྱུད་ལེའུ་༣༡གིས་ལུས་ཀྱི་གནས་ལུགས། ནད་ཀྱི་མཚན་ཉིད་དང་བརྟག་བཅོས། ཟས་སྤྱོད་སྨན་དཔྱད་གྱི་ངོ་བོ།        ནད་རིགས་སྔོན་འགོག་དང་ལུས་ཁམས་ཀྱི་བདེ་སྲུང་། སྨན་པའི་ཀུན་སྤྱོད་སོགས་རིག་པའི་གཞུང་ལུགས་གི་རྨང་གཞི་གསལ་ཞིང་རྒྱས་པར་བསྟན། 

 

དུམ་བུ་གསུམ་པ་མན་ངག་རྒྱུད་ལེའུ་༩༢ཀྱིས་ནད་རིགས་སོ་སོའི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་ཐབས་རྣམས་ཞིབ་རྒྱས་སུ་བསྟན། 

 

དུམ་བུ་བཞི་པ་ཕྱི་མ་རྒྱུད་ལེའུ་༢༧ གྱིས་བརྟག་པ་རྩ་ཆུ་དང་ཞི་སྦྱོང་སྨན། འཇམ་རྩུབ་དཔྱད་བཅས་ལག་ལེན་དམར་ཁྲིད་ཀྱི་སྒོ་ནས་གསལ་བར་བསྟན།

 

   དེ་ལྟར་དཔལ་ལྡན་རྒྱུད་བཞིའི་དགོངས་དོན་གོང་འོག་དཀྱུས་གཅིག་གིས་ལུས་ཀྱི་གནས་ལུགས་དང་མཚན་ཉིད། ནད་ཀྱི་རྒྱུ་རྐྱེན་དབྱེ་བ་རྟགས་བཅོས་འགོག་སྲུང་སོགས་མ་ཚང་བ་མེད་པ་གསལ་ཞིང་རྒྱས་པར་བསྟན་པས་གསོ་དཔྱད་ཀྱི་རྒྱལ་པོ་ཞིག་དང་། བོད་ཀྱི་གསོ་བ་རིག་པའི་བསྟན་པ་སྔར་གནས་རྒྱུན་འཛིན་མ་འོངས་དར་སྤེལ་ཡོང་བའི་གཞི་མ་དང་གནའ་རབས་ནས་བཟུང་ཕྱོགས་ཡོངས་ནས་བོད་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་རྣམ་པ་གསལ་རྟོགས་ཐུབ་པས་ལོ་རྒྱུས་ཀྱི་བདེན་དཔངས། འཆད་ཉན་གྱི་རྒྱུན་དེའང་དམ་ལྡན་ཚུལ་བཞིན་ད་ལྟའི་བར་དུ་བརྒྱུད་པ་བར་མ་ཆད་པ་བཞུགས་པས་བྱིན་རླབས་ཀྱི་ཚན་ཁ་དང་ལྡན་པ་སྟེ་དེ་ལྟ་བུའི་གཞུང་དེ་ཉིད་ཇི་བཞིན་ཉམས་སུ་བླངས་ན་གཞི་ནས་བོད་ཀྱི་གསོ་དཔྱད་ཟབ་ཅིང་རྒྱ་ཆེ་བའི་རིག་པ་ཚད་མ་གང་ཡིན་པ་རྟོགས་ནས་འགྲོ་བ་ནད་པའི་དོན་རྒྱ་ཆེན་པོའང་འགྲུབ་པར་གསུངས།

 

ཁྱད་ཆོས་དེ་ལྡན་གྱི་གསོ་རིག་རྒྱུད་བཞིའི་རྨང་གཞི་གནའ་རབས་བོད་ཀྱི་གསོ་དཔྱད་བྱུང་ཚུལ།

 

བོད་ཀྱི་མེས་པོ་རྣམས་ཀྱིས་གནའ་རབས་ནས་ནད་འགོག་ནད་བཅོས་ཀྱི་བྱ་རིམ་ནང་ཞིབ་འཇུག་སློབ་སྦྱོང་དང་ཉམས་མྱོང་ཕུན་སུམ་ཚོགས་པར་བསགས་ཏེ་བོད་ཀྱི་གསོ་རིག་རིམ་བཞིན་འཕེལ་རྒྱས་ཕྱིན་པ་ལོ་རྒྱུས་ཡིག་ཐོག་ཏུ་འཁོད་པར་གཞིགས་ན་ཉུང་མཐར་མི་ལོ་༣༣༠༠ལྷག་སོང་། བོད་བཙན་པོའི་སྔོན་ཞང་ཞུང་སྐབས་ནས་གསོ་དཔྱད་དར་རྒྱས་ཆེ་ཙམ་ཡིན་ཏེ། བོན་གྱི་སྟོན་པ་གཤེན་རབ་མི་བོ་ཆེ་འཇིག་རྟེན་དུ་བྱོ་པའི་དུས་སུ་དེའི་གདུང་སྲ་བརྒྱད་ཀྱི་ཆེ་ཤོས་དཔྱད་བུ་ཁྲི་ཤེས་ཞེས་པ་སྨན་དཔྱད་ཀྱི་རྐང་འཛིན་ཡིན་པ་དེས་གསོ་དཔྱད་ནད་འབུམ་ནག་པོ། གསོ་ཐབས་དཔྱད་འབུམ་ཁྲ་བོ། གསོ་དཔྱད་སྨན་འབུམ་དཀར་པོ། གསོ་དཔྱད་ཀྱི་མདོ་དགུ གསོ་རིག་དཔྱད་རྒྱུད་ཟླ་ཟེར་སོགས་གསོ་དཔྱད་ཀྱི་གཞུང་ལུགས་ཀྱང་མང་པོ་མཛད་ཡོད་པ་སོགས་ལོ་རྒྱུས་ཡིག་རིགས་མང་པོ་གསལ། གཡུ་ཐོག་རྙིང་མའི་རྣམ་ཐར་ལས། གཡུ་ཐོག་ཆེན་པོས་རྒྱ་གར་གྱི་སྨན་པའི་དྲི་བར་ལན་གནང་སྐབས། ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་སྦྱོང་བ་བཤལ་གྱི་རྒྱུད་དང་། གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེས་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད་དང་། བོད་ཀྱི་ལུགས་ལ་ནད་གསོ་བར་བྱེད་པ་གཉེན་པོ་བཞི་ལྡན་གྱི་རྒྱུད་ཅེས་པ་སོགས་ཡོད་ཚུལ་འཁོད་ཡོད་པ་དེས་བོད་ཀྱི་གསོ་དཔྱད་ནི་གཙོ་བོ་བོད་རང་ནས་བྱུང་བ་ཞིག་ཡིན་པ་གསལ་པོར་བསྟན།

བོད་རྗེ་གཉའ་ཁྲི་བཙན་པོའི་དུས་སུ་བོད་ལ་གསོ་དཔྱད་ཀྱི་རིག་གཞུང་དང་ལག་ལེན་ཡོད་དེ། གཉའ་ཁྲི་བཙན་པོ་སྲིད་ཁྲིར་འཁོད་སྐབས་ཆབ་འབངས་དང་རྒྱལ་སྲིད་ལ་གནོད་པ་ཡོད་པའི་དོགས་པ་དྲུག་བཏོན་ཏེ། དེ་བློན་པོ་ཤེས་པ་ཅན་རྩིབས་ལྷ་སྐར་མ་ཡོལ་སྡེས་གནོད་པ་རེ་རེ་བཞི་སེལ་བའི་ཐབས་ཡོད་པའི་ལན་ཞུས་པའི་ནང་། དུག་གི་གནོད་པ་བྱུང་ན་ཇི་ལྟར་བྱ་ཞེས་དྲིས་པ་ན། དེ་ལ་ཕན་པའི་ཐབས་སྨན་བསྟེན་རྒྱུ་ཡོད། ཅེས་ལན་བཏབས་ཡོད་པ་དང་། གཞན་ཡང་། ཕན་ཤེས་སྨན་དཔྱད་པ་དང་། སྐོར་ཤེས་རྩིས་པ་ཟེར་བ་ཡོད་པར་གསུངས། དེས་ན་མཐོ་སྒང་བོད་ཀྱི་ཡུལ་ཁམས་འདིར་གནའ་སྔ་མོའི་དུས་ནས་སྨན་རྩིས་རིག་པ་དར་རྒྱས་མི་དམན་ཙམ་ཡོད་པར་རྟོགས་ཐུབ།

 

རྒྱལ་རབས་ཉེར་བདུན་པ་ལྷ་ཐོ་ཐོ་རི་གཉན་བཙན་གྱི་སྐུ་དུས་ནས་འགོ་ཙམ་བརྩམས་ཏེ་བོད་ཀྱི་རྒྱལ་རབས་རིམ་བྱོན་གྱིས་རྒྱལ་ཁག་དང་མི་རིགས་གཞན་གྱི་གསོ་དཔྱད་ཀྱི་ལག་ལེན་དང་། བོད་ལུགས་གསོ་རིག་ཟུང་འབྲེལ་སྒོ་ནས་བོད་ཀྱི་སྨན་དཔྱད་འཕེལ་རྒྱས་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་གནང་བ་སོགས་ཕྱི་ཕྱོགས་དང་འབྲེལ་བ་བཙུགས་ཏེ་གསོ་དཔྱད་ཀྱི་བྱ་བ་གོ་འཕེལ་བཏང་། ལྷག་པར་དུ་རྒྱལ་རབས་སོ་གསུམ་པ་ཆོས་སྐྱོང་བའི་རྒྱལ་པོ་ཆེན་པོ་སྲོང་བཙན་སྒམ་པོའི་སྐུ་དུས་བོད་ཀྱི་སྨན་པ་རྣམ་ནས་བོད་དར་རིག་གནས་ཁོ་ནར་བློ་ཡིད་ཚིམ་ནས་མ་ལྡན་པར་མི་རིགས་དང་རྒྱལ་ཁབ་གཞན་དག་གི་གསོ་རིག་གཞུང་དང་ལག་ལེན་ཁག་གཅིག་སློབ་སྦྱོང་བྱས་ཏེ་དེ་དག་བོད་སྐད་དུ་བསྒྱུར། བོད་རང་གི་གནམ་གཤིས་དང་ས་བབ། མིའི་ལུས་ཁམས་ཀྱི་ཁྱད་ཆོས་དང་མཐུན་པའི་ལེགས་ཆ་མང་དུ་བླང་སྟེ་སྔར་གྱི་ལག་ལེན་ཉམས་མྱོང་རྣམས་དང་ཕྱོགས་གཅིག་ཏུ་སྡེབས་པ་མི་འཇིག་པའི་མཚོན་ཆ  ཞེས་པའི་གཞུང་ཤིག་རྩོམ་པར་བོད་མི་རིགས་རང་ཉིད་ཀྱིས་རྩོམ་པའི་གསོ་བ་རིག་པའི་གཞུང་ལུགས་སྔ་ཤོས་ཀྱི་གྲས་ཡིན།

 

རྒྱལ་རབས་སོ་བརྒྱད་པ་ཁྲི་སྲོང་སྡེའུ་བཙན་གྱི་སྐུ་དུས་སུ་སྔར་ལས་ལྷག་པའི་སྒོ་ནས་ཕྱི་ཕྱོགས་དང་འབྲེལ་བ་བཙུགས། རྒྱ་དཀར་ནག་བལ་ཡུལ་སོགས་ནས་མཁས་པ་མང་པོ་གདན་འདྲེན་ཞུས། བསམ་ཡས་སུ་སློབ་གྲྭ་བཙུགས། བེེ་རོ་ཙ་སོགས་བོད་ཀྱི་མཁས་པ་མང་པོ་གསོ་སྐྱོང་གནང་། ཕྱི་ནང་གི་མཁས་པ་མང་པོ་ཞལ་འཛོམས་ནས་སོ་སོའི་ཁྱད་ཆོས་ལུགས་སྲོལ་མི་འདྲ་བ་རྣམས་སློབ་སྦྱོང་དང་ལག་ལེན་གནང་བར་བརྒྱུད། འཛམ་གླིང་རྩེ་མཐོའི་མིའི་ལུས་ཁམས་དང་མཐུན་པའི་གསོ་དཔྱད་ཀྱི་གཞུང་ལུགས་རིན་ཆེན་སྤུང་པ་ཞེས་པ་སོགས་རྩོམ། ལོ་ཆེན་བེེ་རོ་རྒྱ་གར་ལ་ཕེབས་ཏེ་ཁ་ཆེ་ཟླ་བ་མངོན་དགའ་སོགས་ལ་གཏུག་ནས་གསོ་རིག་ཁག་གཅིག་སློབ་སྦྱོང་གནང་། བོད་དུ་ཕྱིར་ཕེབས་རྗེས་ཁ་ཆེ་ཟླ་དགའི་མན་ངག་ཞལ་ཤེས་དང་བོད་སྔ་རབས་ཀྱི་ལུགས་སྲོལ་ཟུང་དུ་སྦྲེལ་ཏེ་ཉམས་ཡིག་མཐོང་བ་དོན་ལྡན།     ཁྱད་པར་ཟབ་པ་རྣམ་གསུམ།གསོ་དཔྱད་སྔོའི་མན་ངག་སྔོ་འབུམབརྩམས་ནས་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཕུན་སུམ་ཇེ་ཚོགས་སུ་སོང་། གོང་གསལ་གསོ་དཔྱད་ཀྱི་གཞུང་དེ་དག་ནི་དཔལ་ལྡན་རྒྱུད་བཞིའི་རྨང་གཞི་ལྟ་བུར་གྱུར།

 

དཔལ་ལྡན་རྒྱུད་བཞི་གངས་ཅན་གྱི་ལྗོངས་འདིར་དངོས་སུ་བྱུང་ཚུལ།

 

དེ་ནས་བོད་ཀྱི་གསོ་བ་རིག་པ་སྔར་ཡོད་རྒྱུད་འཛིན་དང་མ་འོངས་འཕེལ་རྒྱས་ཡོང་ཆེད་བོད་ཕྲུག་བློ་རྣོ་བ་ཁག་གཅིག་བསྡུས་ནས་གསོ་རིག་སློབ་སྦྱོང་བྱེད་དུ་བཅུག་སྟེ་རྒྱུད་འཛི་པ་གསོ་སྐྱོང་བྱས། དེ་དག་ལས་ཀྱང་ཁྱད་པར་དུ་གྱུར་པ། གངས་ཅན་སྨན་པའི་རྒྱལ་པོ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ་རྒྱ་གར་དུ་ཕེབས་ནས་ཁ་ཆེ་ཟླ་བ་མངོན་པར་དགའ་བར་གཏུག་ནས་རྒྱ་གར་གྱི་གསོ་རིག་གཞུང་ལུགས་ཁག་ལ་སློབ་སྦྱོང་གནང་། སླར་བོད་དུ་ཕེབས་ནས་ཁ་ཆེ་ཟླ་དགའི་མན་ངག་ཞལ་ཤེས་རྣམས་དང་ལོ་ཆེན་བེེ་རོ་ཙ་ནའི་སྔོ་འབུམ་དང་བོད་སྔ་རབས་ནས་བརྒྱུད་པའི་བོད་ཀྱི་གསོ་རིག་གི་གཞུང་གདམས་མྱོང་བྱང་ཐུན་མིན་གྱི་ཁྱད་ཆོས་ལྡན་པ་བཅས་ཕྱོགས་བསྒྲིགས་གནང་བ་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུདགཅེས་པ་ཕྱིས་ཀྱི་རྒྱུད་ཆེ་བ་ལ་ལྟོས་ནས་ཡོངས་གྲགས་རྒྱུད་ཆུང་བདུད་རྩི་སྙིང་པོ་ཞེས་བཏགས་པ་ད་ལྟ་ཆ་ལག་བཅོ་བརྒྱད་གྲས་སུ་བཞུགས་པ་དེའོ། །

 

གཡུ་ཐོག་པ་དགུང་ལོ་ལྔ་བཅུ་ཕེབས་པའི་སྐབས་སུ་ཀོང་པོ་སྨན་ལུང་དུ་ཕེབས་ཏེ་དེར་སྨན་གྱི་གྲོང་ཁྱེར་ལྟ་ན་སྡུག་ཅེས་བྱ་བའི་སློབ་གྲྭ་ཞིག་ཕྱག་བཏབ། སྨན་རྩིས་གཉིས་ལྡན་གྱི་རྒྱུད་འཛིན་པ་མང་པོ་གསོ་སྐྱོང་མཛད། གསོ་དཔྱད་ཀྱི་བསྟན་པ་རྒྱ་ཆེར་སྤེལ། སློབ་མ་སོ་སོའི་ཞིབ་ཕྲའི་སྦྱོང་འབྲས་ལ་གཞིགས་ཏེ་སྨན་པ་འབུམ་རམས་པ་དང་། སྨན་པ་རབས་འབྱམས་པ། སྨན་པ་དཀའ་བཅུ་པ། སྨན་པ་བསྡུས་ར་བ་བཅས་ལག་རྩལ་ཤེས་ཡོན་གྱི་རིམ་པ་བཞི་ཕྱེས་ནས་སོ་སོའི་མཚན་གནས་གནང་རྒྱུའི་གཏན་འབེབས་མཛད།  

 

གཡུ་ཐོག་གསར་མ་ཡོན་ཏན་མགོན་པོ་ཉིད་ཀྱིས་བདུད་རྩི་སྙིང་པོ་གསང་བ་མན་ངག་གི་རྒྱུདཉིད་རྩ་བར་བཟུང་། མི་རབས་བཅུ་གསུམ་བར་དུ་བརྒྱུད་པའི་ལག་ལེན་མན་ངག་གིས་ཟུར་བརྒྱན་ཏེ་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ལག་ལེན་ཆ་ཚང་བ་བདུད་རྩི་སྙིང་པོ་ཡན་ལག་བརྒྱད་པ་གསང་བ་མན་ངག་གི་རྒྱུད·ཅེས་པའམ་དཔལ་ལྡན་རྒྱུད་བཞིཞེས་འཛམ་གླིང་ཀུན་ཏུ་ཡོངས་སུ་གྲགས་པའི་བོད་ཀྱི་གསོ་དཔྱད་ཀུན་གྱི་རྒྱལ་པོའམ་རྩ་བའི་རིག་པའི་གཞུང་ལུགས་འདི་ཉིད་རྩོམ་སྒྲིག་གནང་། འདི་འཆད་སྤེལ་གནང་ནས་ད་བར་ལོ་གྲངས་༨༠༠ ལྷག་སོང་།

 

དཔལ་ལྡན་རྒྱུད་བཞིའི་འཕྲིན་ལས་ཁྱབ་བདལ་དུ་འགྲོ་ཚུལ།

 

   དེ་ནས་བོད་ཡུལ་སྟོད་སྨད་བར་གསུམ་གྱི་མཁས་པ་མང་པོས་རྒྱུད་བཞི་སློབ་སྦྱོང་བྱས་ཏེ་ཤེས་ལྡན་མི་སྣ་མང་པོ་གསོ་མཛད་པ་དང་ཆབས་ཅིག་སྨན་དཔྱད་ཀྱི་ལག་ལེན་རྒྱ་ཆེར་གནང་། རྩ་བ་དཔལ་ལྡན་རྒྱུད་བཞིའི་རིག་པའི་གཞུང་ལུགས་གཞིར་བཟུང་། རང་རང་སོ་སོའི་ལག་ལེན་དངོས་ལས་ཐོབ་པའི་ཉམས་མྱོང་གི་གིས་ཟུར་བརྒྱན་ཏེ་གཞུང་འགྲེལ་དང་ཉམས་ཡིག་བསྟན་བཅོས་ཤིན་ཏུ་མང་པོ་རྩོམ་སྒྲིག་མཛད་པ་ད་ལྟའི་དུས་སུའང་དཔྱད་གཞིའི་ཡིག་ཆར་ཉེ་བར་མཁོ་བ་འདི་དག་ལགས། དཔེར་ན་དུས་དེ་ཙམ་ནས་བོད་ཀྱི་གསོ་དཔྱད་ལ་མཁས་པ་ཚོས་མི་ལུས་ཕྱི་ནང་བར་གསུམ་གྱི་གྲུབ་ཆ་ཕྲ་རགས་ཐམས་ཅད་ཀྱི་དབྱེ་བའི་རྣམ་གྲངས་དང་། ངོ་བོ། ངེས་ཚིག  སོ་སོའི་བྱེད་ལས། ཕན་ཚུན་གྱི་འབྲེལ་བ། སོ་སོའི་ལྡང་ཚད། གཉན་པའི་གནད། འཕེལ་ཟད་ཀྱི་ཁྱད་པར་སོགས་ཀྱི་གནས་ལུགས་དང་། སྨན་གྱི་རོ་ནུས་ཞུ་རྗེས། ནད་ཀྱི་རྒྱུ་རྐྱེན་གྱུར་ཚུལ་རྟགས་དང་བཅོས་ཐབས་བཅས་ཕལ་ཆེར་ཆ་ཚང་བར་རྟོགས་ཤིང་ཡིག་ཆར་འཁོད་པ་དེ་ལྟ་བུར་མཚོན་ནའང་། ད་ལྟ་འཛམ་གླིང་སྤྱིའི་འཕེལ་རྒྱས་ཤིན་ཏུ་ཆེ་ལ་ཁྱད་པར་བཟོ་ལས་ལག་རྩལ་འཕེལ་རྒྱས་ཆེས་ཆེ་བའི་དུས་རབས་འདི་ལྟ་བུར་ཡང་ཚན་རིག་གི་ཤེས་བྱ་དང་ཆེས་སྔོན་ཐོན་གྱི་ལག་ཆ་སྤྱད་དེ་བརྟག་དཔྱད་ཐེངས་མང་བྱས་པ་ལས་བྱུང་བའི་འཇུག་སྡོམ་ངོས་འཛིན་བྱས་པ་དང་ཕལ་ཆེར་སྒོ་མཐུན་པ་ཙམ་མ་ཟད། ད་དུང་དེ་ལས་ཁྱད་པར་དུ་འཕགས་ཤིང་རིན་ཐང་ཧ་ཅང་ཆེ་བའི་རིག་པའང་མང་པོ་ཡོད་དོ།།  

 

རྒྱུ་མཚན་དེས་ན་དཔལ་ལྡན་རྒྱུད་བཞི་འདི་ཉིད་དེང་རབས་གསོ་བ་རིག་པའི་འཕེལ་རྒྱས་ཐད་ལའང་འཛུབ་ཁྲིད་ཀྱི་དོན་སྙིང་ཧ་ཅང་ཆེན་པོ་དང་ལྡན་ཡོད་པ་ཡིན་ནོ།།

 

དཔྱད་གཞིའི་ཡིག་ཆ།

     གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་གསོ་རིག་རྒྱུད་བཞི། སྡེ་དགེའི་ཤིང་པར།

     གཡུ་ཐོག་ཡོན་ཏན་མགོན་པོས་མཛད་པའི་ཆ་ལག་བཅོ་བརྒྱད། སྡེ་དགེའི་ཤིང་པར།

     སློབ་དཔོན་དཔའ་བོས་མཛད་པའི་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ། སྡེ་དགེའི་ཤིང་པར།

    ཟུར་མཁར་བློ་གྲོས་རྒྱལ་པོས་མཛད་པའི་གསོ་རིག་ཁོག་དབུབས་གཏད་པ་མེད་པའི་མཆོད་སྦྱིན། བྲིས་མ།

     སྡེ་སྲིད་སངས་རྒྱས་རྒྱ་མཚོས་མཛད་པའི་གསོ་རིག་ཁོག་དབུབས་དྲང་སྲོང་དགྱེས་པའི་དགའ་སྟོན། ཀན་སུའུ་མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ།

     ཀོང་སྤྲུལ་ཡོན་ཏན་རྒྱ་མཚོས་མཛད་པའི་ཤེས་བྱ་ཀུན་ཁྱབ། མི་རིགས་དཔེ་སྐྲུན་ཁང་། ༡༩༨༢ ལོ།

    བྱམས་པ་ཕྲིན་ལས་ཀྱིས་མཛད་པའི་གངས་ལྗོངས་གསོ་རིག་བསྟན་པའི་ཉིན་བྱེད་རིམ་བྱོན་གྱི་རྣམ་ཐར། མི་རིགས་དཔེ་སྐྲུན་ཁང་། ༡༩༩༠ ལོ།

     ཁྲོ་རུ་ཚེ་རྣམ་གྱིས་མཛད་པའི་རྒྱུད་བཞིའི་འགྲེལ་ཆེན། སི་ཁྲོན་མི་རིགས་དཔེ་སྐྲུན་ཁང་། ༢༠༠༡ ལོ།

     ཁྲོ་རུ་ཚེ་རྣམ་གྱི་གསུང་རྩོམ། བོད་ལྗོངས་མི་དམངས་དཔེ་སྐྲུན་ཁང་། ༢༠༠༣ ལོ།

རྩོམ་པ་པོ་མཚམས་སྦྱོར། བསྟན་པ་དར་རྒྱས། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་བོད་སྨན་ཞིབ་འཇུག་ཁང་དུ་ཕྱག་ལས་གནང་བཞིན་ཡོད།