ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

གཅོང་ནད་འགོག་བཅོས་སྐོར་གྱི་ཤེས་བྱ།

སྤེལ་དུས 2009-07-31 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན། རྩོམ་པ་པོ། སྒྲོལ་མ་སྐྱིད་ཀྱིས་བསྒྱུར།

   19982ལོའི་ཟླ3ཚེས་24ཉིན་འཛམ་གླིང་སྟེང་མིང་དུ་གྲགས་པའི་འཇར་མན་གྱི་ཚན་རིག་མཁས་པ་ཀའོ་ཧོ་ཧྲི་ཡིས་པོ་ལིན་ནས་འདུས་འདྲིལ་དབྱིག་དབྱིབས་འབུ་ཕྲ་སྟེ་རྒྱ་སྐད་ཀྱིས(结核菌)ཟེར་བ་དེ་ཤེས་བ་ནས་བཟུང་། ཉུང་མཐར་ཡང་མི་དུང་ཕྱུར་གཉིས་གློ་གཅོང་ནད་ཀྱིས་ཤི་བ་དང་།   གློ་གཅོང་ནད་ཀྱིས་ཉིན་རེར་མི་སྟོང་བརྒྱད་ཀྱི་ཚེ་སྲོག་འཕྲོག་གི་ཡོད།   དོན་ངོ་མའི་སྟེང་ནས་གློ་གཅོང་ནད་ནི་དེང་རབས་འཛམ་གླིང་སྟེང་གི་ན་གཞོན་དང་དར་མའི་ཚེ་སྲོག་ལ་གནོད་པ་ཆེས་ཆེ་བའི་ནད་རིགས་ཤིག་རེད།   དེར་བརྟེན།   འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་རྒྱལ་སྤྱིའི་གློ་ནད་སྔོན་འགོག་མཉམ་འབྲེལ་ལྷན་ཚོགས་ཀྱིས་མཉམ་དུ་གྲོས་འགོ་བཏོན་ནས་ལོ་རེའི་ཟླ3ཚེས24ཉིནའཛམ་གླིང་གི་གློ་གཅོང་ནད་འགོག་བཅོས་བྱེད་པའི་ཉིན་མོརགཏན་ཁེལ་བྱས་ལ། དེའི་དམིགས་ཡུལ་གཙོ་བོ་ནི་རྒྱ་ཆེའི་མང་ཚོགས་སྐུལ་སློང་བྱས་ཏེ་འགོས་ནད་ཁྲོད་ཀྱི་ཆེས་ཚབས་ཆེ་བའི་གློ་གཅོང་ནད་ཚོད་འཛིན་བྱེད་པར་ཤུགས་སྣོན་བྱེད་དུ་འཇུག་རྒྱུ་དེ་རེད།

     ད་སྐབས་རང་རྒྱལ་ལ་གློ་གཅོང་ནད་པ་ས་ཡ་ལྔ་ཡོད་པ་དང་། འཛམ་གླིང་གི་ཨང་གཉིས་པ་ཟིན་ཡོད།   ལོ་རེར་གློ་གཅོང་ནད་བྱུང་ནས་ཤི་བའི་མི་གྲངས་འབུམ་གཅིག་དང་ཁྲི་གསུམ་ཡོད། རང་རྒྱལ་གྱི་གློ་གཅོང་ནད་པའི་བརྒྱ་ཆའི་བརྒྱད་ཅུ་ཞིང་སྡེ་རུ་ཡོད་པ་དང་། གློ་གཅོང་ནད་ནི་ཞིང་སྡེ་དབུལ་ཕོངས་སུ་གཏོང་བའི་ནད་རིགས་གཙོ་བོའི་གྲས་ཀྱི་གཅིག་རེད།   གློ་གཅོང་ནད་གསོ་བཅོས་བྱེད་ན་ཉུང་མཐར་ཡང་ཟླ་དྲུག་གི་དུས་ཡུན་དགོས་ལ།   ཟླ་དྲུག་གི་གསོ་བཅོས་དུས་ཡུན་ནང་།   ནད་པས་ངེས་པར་དུ་ཆོས་ཉིད་ལྟར་སྨན་བཀོལ་བ་རྒྱུན་འཁྱོངས་བྱེད་དགོས།   གལ་ཏེ་ནད་པས་དེ་ལས་ལྡོག་སྟེ་སྨན་འཐུང་མཚམས་འཇོག་པ་དང་ཡང་ན་ཆོས་ཉིད་ལྟར་སྨན་མ་འཐུང་ཚེ།   གསོ་བཅོས་ལ་འབྲས་བུ་མི་ཐོབ་པ་མ་ཟད་ནད་དྲག་ཏུ་འཇུག་མི་ཐུབ་པ་རེད།  

     རང་རྒྱལ་སྲིད་གཞུང་གིས་གློ་གཅོང་ནད་སྔོན་འགོག་དང་ཚོད་འཛིན་བྱེད་པར་མཐོང་ཆེན་བྱས་ཏེ།   2001ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས«རྒྱལ་ཡོངས་ཀྱི་གློ་གཅོང་ནད་འགོག་བཅོས་འཆར་གཞི»འགྲེལ་སྤེལ་བྱས།   འཆར་གཞི་དེའི་ནང་རང་རྒྱལ་གྱིས་གློ་གཅོང་ནད་འགོག་བཅོས་བྱེད་པའི་འགྲོ་གྲོན་ཐད་ལ་རིན་ལེན་པ་དང་ཇེ་ཉུང་དུ་གཏོང་བ། མེད་པར་བཟོ་བ་བཅས་ཀྱི་སྲིད་ཇུས་ལག་བསྟར་བྱས་ཏེ། སྨན་རིན་སྤྲོད་མི་ཐུབ་པའི་གློ་གཅོང་ནད་པར་རིན་མི་ལེན་པར་སྨན་བཅོས་བྱེད་པ་ལག་བསྟར་བྱེད་རྒྱུ་གཏན་ཁེལ་གསལ་བོ་བྱས་ཡོད།   རང་རྒྱལ་གྱི་རྫོང་རིམ་པ་དང་རྫོང་རིམ་པ་ཡན་གྱི་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་དང་།   མཁར་གྲོང་དང་གྲོང་ཁྱེར་བཅས་སུ་གློ་གཅོང་ནད་ལ་ཞིབ་བཤེར་དང་འགོག་བཅོས་བྱེད་པའི་ལས་ཁུངས་ཆེད་དུ་བཙུགས་ཡོད་ལ།   རྫོང་མཁར་དང་གྲོང་ཁྱེར་ཆེ་འབྲིང་ཚང་མར་གློ་གཅོང་ནད་འགོག་བཅོས་ས་ཚིགས་བཙུགས་ཡོད།   ལས་ཁུངས་དེ་དག་ནི་ཆེད་དུ་གློ་གཅོང་ནད་ལ་ཞིབ་བཤེར་དང་འགོག་བཅོས་བྱེད་ས་ཡིན་ལ། དེ་དག་གི་ནང་དུ་ད་རུང་གློ་གཅོང་ནད་ལ་ཞིབ་བཤེར་བྱེད་པའི་དཔྱད་ཆས་དང་སྒྲིག་ཆས་ཆ་ཚང་ཡོད་པར་མ་ཟད།   ཆེད་ལས་ཀྱི་སྨན་པ་ཡང་ཡོད།   གློ་གཅོང་ནད་འགོག་བཅོས་ས་ཚིགས་མང་ཆེ་བ་ནི་ནད་རིགས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་བཙུགས་ཡོད་པས།   གློ་གཅོང་ནད་པ་འདི་ལྟ་བུའི་ཆེད་ལས་ཀྱི་ལས་ཁུངས་སུ་སོང་ནས་ཞིབ་བཤེར་དང་སྨན་བཅོས་བྱེད་དགོས། 

   གལ་ཏེ་ཚད་ལྡན་ལྟར་གསོ་བཅོས་བྱས་ན།   བརྒྱ་ཆའི་དགུ་ཅུ་ཡི་གློ་གཅོང་ནད་ནི་དྲག་ཏུ་འཇུག་ཐུབ་པ་ཞིག་ཡིན།   ནད་པས་སྨན་པས་བཤད་པ་ལྟར་དུ་རྒྱུན་མ་ཆད་པར་སྨན་འཐུང་ཚེ།   ནད་པ་མང་ཆེ་བ་ཞིག་ནི་དྲག་བསྐྱེད་འབྱུང་ཐུབ་ལ།   གལ་ཏེ་སྨན་འཐུང་མཚམས་འཇོག་པ་དང་ཡང་ན་མཚམས་ལན་རེར་འཐུང་བ་དང་མཚམས་ལན་རེར་མ་འཐུང་ཚེ།   ནད་དྲག་ཏུ་འཇུག་མི་ཐུབ་པར་མ་ཟད་འགྲོ་སྒོ་ཆེ་ལ་གསོ་བཅོས་བྱེད་དཀའ་བ་རེད།  

     རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་གཏན་ལ་ཕབ་པའི«རྒྱལ་ཡོངས་ཀྱི་གློ་གཅོང་ནད་འགོག་བཅོས་འཆར་གཞིའི་»ནང་།   སྨན་རིན་སྤྲོད་མི་ཐུབ་པའི་གློ་གཅོང་ནད་པར་རིན་མི་ལེན་པར་གསོ་བཅོས་བྱེད་དགོས་པའི་བླང་བྱ་བཏོན་ཡོད།   མིག་སྔར།   རང་རྒྱལ་གྱིས་གློ་གཅོང་ནད་པར་རིན་མི་ལེན་པར་ཞིབ་བཤེར་དང་རིན་མི་ལེན་པར་སྨན་རྫས་བཀོལ་ནས་གསོ་བཅོས་བྱེད་བཞིན་ཡོད།   ནད་པ་སུ་ཡིན་རུང་རང་ཡོད་སའི་གློ་གཅོང་ནད་འགོག་བཅོས་ས་ཚིགས་སུ་སོང་ན་རིན་མི་ལེན་པར་ཞིབ་བཤེར་དང་གསོ་བཅོས་བྱེད་ཀི་ཡོད།

     དེས་ན་ཅི་ཞིག་ལ་གློ་གཅོང་ནད་ཟེར་ཞེ་ན། གློ་གཅོང་ནད་ནི་འདུས་འདྲིལ་དབྱིག་དབྱིབས་འབུ་ཕྲ་མིའི་ལུས་ཐོག་ཏུ་ཞུགས་ནས་བྱུང་བའི་དལ་བའི་རང་བཞིན་གྱི་འགོ་ནད་ཅིག་ཡིན་ལ། གཙོ་བོ་གློ་བར་གནོད་པ་ཚབས་ཆེན་བཟོ་བའི་ནད་ཅིག་ཡིན། གཅོང་ནད་འབུ་ཕྲ་དེས་དོན་སྣོད་གང་ཞིག་ལ་གནོད་པ་བཟོས་ཚེ་དེར་དོན་སྣོད་དེའི་གཅོང་ནད་ཟེར་བ་དང་། དཔེར་ན་ཀླད་སྐྱིར་གནོད་པ་བཟོས་ན་ཀླད་སྐྱིའི་གཅོང་ནད་དང་། རུས་པར་གནོད་པ་བཟོས་ན་རུས་པའི་གཅོང་ནད་ཟེར་བ་ལྟ་བུ་རེད། གློ་གཅོང་ནད་ཀྱིས་གཅོང་ནད་སྣ་ཚོགས་ཀྱི་བརྒྱ་ཆའི་བརྒྱད་ཅུ་ཟིན་ཡོད།

གཅོང་ནད་ནི་ཅི་ལྟར་འགོ་བ་ཡིན་ཟེར་ན། གཅོང་ནད་ནི་དབུགས་ལམ་གྱི་འགོས་ནད་ཅིག་ཡིན་པ་དང་། གློ་གཅོང་ནད་པ་ཚང་མར་འགོ་བའི་རང་བཞིན་ལྡན་པ་ཡིན། ཡིན་ན་ཡང་གློ་གཅོང་ནད་པ་རེ་རེའི་འགོ་བའི་རང་བཞིན་གྱི་ཚབས་ཆེ་ཆུང་དེ་མི་འདྲ་བ་ཡིན། གློ་གཅོང་ནད་དེ་གཙོ་བོ་གློ་གཅོང་ནད་པ་ལུ་བ་དང་སྣ་སྦྲིད་རྒྱག་པ། ཤུགས་ཆེན་པོས་སྐད་ཆ་བཤད་པ་བཅས་ཀྱི་སྐབས་སུ་གློ་བ་དང་གློ་སྦུག་ཕྲ་མོའི་ནང་གི་འདུས་འདྲིལ་དབྱིག་དབྱིབས་འབུ་ཕྲ་ཡོད་པའི་མཆིལ་མ་མཁའ་དབུགས་ནང་གཏོར་བ་དེ། བདེ་ཐང་ཅན་གྱི་མིས་འབྱིན་རྔུབ་བྱས་པ་ལས་ཕན་ཚུན་ལ་འགོས་བ་རེད། གཞན་ད་རུང་འཇུ་ལམ་དང་རྨ་ཁ་ལས་ཀྱང་ནད་དེ་འགོ་སྲིད།   གལ་ཏེ་ཕ་མ་སོགས་ལ་གཅོང་ནད་ཡོད་ཚེ། ཁོ་ཚོར་འབྲེལ་འདྲིས་དམ་པོ་བྱས་པའི་བྱིས་པར་གཅོང་ནད་འབྱུང་སླ་བ་ཡིན། མཁའ་དབུགས་རྒྱུ་མི་ཐུབ་པའི་ཁོར་ཡུག་དང་ཁྱད་པར་དུ་ཐུན་མོང་གི་འཚོ་བ་རོལ་ས་དང་སྡོད་གནས་འཚང་ཁ་ཆེ་བའི་མི་ཚོགས་ཀྱི་ཁྲོད་དུ།   གལ་ཏེ་མི་ཞིག་ལ་གློ་གཅོང་ནད་བྱུང་ཚེ། རྒྱུན་པར་གཅོང་ནད་འགོ་བ་དང་མཆེད་དུ་འཇུག་སྲིད།

        གློ་གཅོང་ནད་ནད་ལ་རྒྱུན་མཐོང་གི་ནད་རྟགས་གང་དག་ཡོད་ཟེར་ན། གློ་གཅོང་ནད་ཀྱི་རྒྱུན་མཐོང་གི་ནད་རྟགས་ནི་ལུ་བ་དང་ལུད་པ་ཐོན་པ།   ལུད་པའི་ནང་དུ་ཁྲག་འདྲེས་བ།   ཐང་ཆད་པ།   ཡི་ག་མེད་པ།   བྲང་ཁ་ན་བ།    ལུས་ཕུང་ཇེ་སྐམ་དུ་འགྲོ་བ། ཕྱི་དྲོ་ཚ་ཅུང་ལངས་བ།   དགུང་མོར་རྔུལ་ཆུ་བཞུར་བ།   གཞན་ད་རུང་སྐྱེས་མ་ཚོར་ཟླ་མཚན་རྒྱུན་ལྡན་མིན་པ་སོགས་ཀྱི་སྣང་ཚུལ་འབྱུང་གི་ཡོད།   མྱུར་ལངས་རང་བཞིན་གྱི་གློ་གཅོང་ནད་བྱུང་བའི་ནད་པ་ཉུང་ཤས་ལ་ཚ་ཆེན་པོ་རྒྱས་བ་སོགས་ཀྱི་ནད་རྟགས་ཚབས་ཆེན་འབྱུང་བ་རེད། 

གློ་བར་གནོད་པ་ཐེབས་པ་ལས་བྱུང་བའི་དབུགས་ལམ་གྱི་ནད་རྟགས་དེ་གཙོ་བོ་ལུ་བ་དང་། ལུད་པ་ཐོན་པ། ནད་པའི་སུམ་ཆའི་གཅིག་ལ་ཚད་མི་འདྲ་བའི་ཁ་ལུད་ཁྲག་ཅན་ཐོན་པ་དང་། བྲང་ཁ་ན་བ། དབུགས་ལེན་དཀའ་བ་སོགས་ཀྱི་སྣང་ཚུལ་འབྱུང་སྲིད། གློ་གཅོང་ནད་ཀྱི་ནད་རྟགས་དེ་གཅོང་ནད་ལ་དམིགས་གསལ་དུ་ཡོད་པ་ཞིག་མིན་ལ། ནད་རྟགས་ཀྱི་ཚད་རིམ་དེ་ནད་འགྱུར་གྱི་ཁྱབ་ཁོངས་དང་འཕེལ་ཚད། ལུས་ཁམས་ཀྱི་འགྱུར་ལྡོག་རང་བཞིན་བཅས་དང་འབྲེལ་བ་ཡོད་པ་ཞིག་ཡིན།   གཟའ་འཁོར་གཉིས་ཡན་ལ་ལུ་བ་དང་ལུད་པའི་ནང་ཁྲག་འདྲེས་ཚེ་གློ་གཅོང་ནད་བྱུང་བའི་ངེས་བ་ཆེ་བས།   གློ་གཅོང་ནད་ལ་དོགས་པ་ཟ་བའི་ནད་རྟགས་ལ་གཏན་ཁེལ་བྱེད་དགོས། 

      གློ་གཅོང་ནད་ནི་དལ་བའི་རང་བཞིན་གྱི་ནད་ཅིག་ཡིན་པས། ནད་རྟགས་མང་ཆེ་བ་དེ་ཡང་མོ་ནས་ལྗིད་མོ་དང་། ནད་རྟགས་མི་གསལ་བ་ནས་གསལ་བར་གྱུར་ནས་རིམ་བཞིན་ཇེ་སྡུག་ཏུ་འགྲོ་བ་དང་། དུས་ཐོག་མའི་ནད་པ་མང་ཆེ་བ་ཞིག་གི་ནད་རྟགས་ཅུང་ཡང་བས་རྒྱུན་པར་དོ་སྣང་བྱེད་ཀི་མེད་ཅིང་། ཡང་ལ་ལ་ཆམ་ནད་དང་གློ་ཡུའི་གཉན་ཚད་ལ་གོ་ནོར་འབྱུང་གི་ཡོད་པ་རེད། དེར་བརྟེན་གལ་ཏེ་གློ་གཅོང་ནད་ཀྱི་འབྲེལ་ཡོད་ནད་རྟགས་དང་ཁྱད་པར་དུ་གློ་གཅོང་ནད་ལ་དོགས་པ་ཟ་བའི་ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་ཞིབ་བཤེར་བྱེད་དགོས།

     དེས་ན་མི་གང་དག་ལ་གློ་གཅོང་ནད་འབྱུང་སླ་བ་ཡིན་ཟེར་ན། གཅོང་ནད་འབུ་ཕྲ་འགོས་མེད་པའི་མི་ཚོགས་ལ་མཚོན་ན། གལ་ཏེ་གཅོང་ནད་འབུ་ཕྲ་མཆེད་པའི་ཁོར་ཡུག་དུ་འཚོ་བ་རོལ་བ་དང་བྱ་བ་སྒྲུབ་ན། ཡོངས་ཁྱབ་ཏུ་ནད་དེ་འགོ་སླ་བ་ཡིན། དེའི་ནང་ད་རུང་ཤེས་མེད་པ་དང་གསོ་བཅོས་བྱས་ནས་སངས་དྲག་ཏུ་སོང་མེད་པའི་གློ་གཅོང་ནད་པ་དང་འབྲེལ་འདྲིས་དམ་པོ་བྱས་པའི་མི་ལ་གཅོང་ནད་འབུ་ཕྲ་འགོ་སླ་བ་ཡིན།   དཔེར་ན་གློ་གཅོང་ནད་པའི་ཁྱིམ་མི་དང་ནང་སྒོས་སུ་བྱིས་པ། གློ་གཅོང་ནད་པར་འབྲེལ་འདྲིས་བྱས་པའི་སྨན་བཅོས་མི་སྣ་བཅས་ཡིན། 

      དེས་ན་གློ་གཅོང་ནད་ལ་དོགས་པ་ཟ་མཁན་གྱིས་ཐོག་མར་གང་ལ་སོང་ནས་ནད་བརྟག་སྨན་བཅོས་བྱེད་དགོས་ཟེར་ན།   མིག་སྔར་རང་རྒྱལ་དུ་ཀྲུང་དབྱང་ནས་རྫོང་ཁག་སོ་སོར་གཅོང་ནད་འགོག་བཅོས་ཆེད་ལས་ལས་ཁུངས་བཙུགས་ཡོད་པ་དང་། གལ་ཏེ་གཅོང་ནད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་བྱུང་ན་མྱུར་དུ་རང་ཡོད་སའི་ས་ཁུལ་གྱི་གཅོང་ནད་འགོག་བཅོས་ས་ཚིགས་སུ་སོང་ནས་ནད་བརྟག་སྨན་བཅོས་བྱེད་དགོས། རྫོང་དང་ས་ཁུལ་གྱི་གཅོང་ནད་འགོག་བཅོས་ལས་ཁུངས་ནི་གཅོང་ནད་བྱུང་བའི་ནད་པར་བརྟག་དཔྱད་དང་གསོ་བཅོས། དོ་དམ་བཅས་བྱེད་པའི་ཆེད་ལས་ལས་ཁུངས་ཤིག་ཡིན་ཞིང་། སྨན་བཅོས་མི་སྣར་ཆེད་ལས་ཀྱི་གསོ་སྦྱོང་ཆ་ཚང་བྱས་ཡོད། 

     དེས་ན་ཅི་ཞིག་ལ་གློ་གཅོང་ནད་ཀྱི་དོགས་གཞི་ཡོད་མཁན་ཟེར་ཞེ་ན།   ནད་རིགས་གཞན་པ་དང་འདྲ་བར་ཐོག་མའི་དུས་རིམ་གྱི་གློ་གཅོང་ནད་དེར། ནད་གཞིར་འགྱུར་ལྡོག་ཆུང་བར་བརྟེན་ནས་མངོན་གསལ་གྱི་ནད་རྟགས་མེད་པ་རེད།   གལ་ཏེ་ནད་རྟགས་ཡོད་ན་ཡང་།   གློ་གཅོང་ནད་ཀྱི་ནད་རྟགས་ལ་ཆེས་མངོན་གསལ་གྱི་ཁྱད་ཆོས་མེད་པའི་དབང་གིས་ནད་པ་དང་སྨན་པས་ནད་གཞན་པར་གོ་ནོར་བྱུང་ནས་གློ་གཅོང་ནད་ལ་བསམ་བློ་གཏོང་གི་མེད། གློ་གཅོང་ནད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་ནི་གཟའ་འཁོར་གཉིས་ཡན་ལ་ལུ་བ་དང་ལུད་པའི་ནང་ཁྲག་འདྲེས་བ། ཚ་རྒྱས་བ། བྲང་ཁ་ན་བ་སོགས་ཡིན། 

     གློ་གཅོང་ནད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་བྱུང་ན་ཅི་ལྟར་ཐག་གཅོད་དགོས་ཟེར་ན།  མི་སུ་ཡིན་རུང་གལ་ཏེ་གློ་གཅོང་ནད་ཀྱི་དོགས་གཞི་ཡོད་པའི་ནད་རྟགས་བྱུང་ན། རང་ཉིད་ལ་གློ་གཅོང་ནད་བྱུང་ཡོད་མེད་ལ་བསམ་བློ་བཏང་ནས་མྱུར་དུ་གཅོང་ནད་འགོག་བཅོས་ལྟེ་གནས་སུ་སོང་ནས་ཞིབ་བཤེར་བྱེད་དགོས།   ཞིབ་བཤེར་བྱེད་ཐབས་གཙོ་བོ་ནི་ནད་པའི་ལུད་པར་བརྟག་དཔྱད་དང་བྲང་ཁོག་ལ་Xགློག་འོད་ཀྱིས་འདྲ་པར་ལེན་པ་དེ་ཡིན།   གལ་ཏེ་ཞིབ་བཤེར་བྱས་ནས་ལུད་པའི་ནང་གཅོང་ནད་འབུ་ཕྲ་ཡོད་ཚེ། དེར་འགོས་ཁྱབ་རང་བཞིན་ལྡན་པས།   མྱུར་དུ་གཅོང་ནད་འགོག་པའི་གསོ་བཅོས་བྱེད་དགོས། 

      དེས་ན་གཅོང་ནད་དེ་མི་རབས་རྗེས་མར་འགོ་སྲིད་དམ་ཟེར་ན། གཅོང་ནད་ནི་དལ་བའི་རང་བཞིན་གྱི་འགོ་ནད་ཅིག་ཡིན་པ་ལས་རྒྱུད་འཛིན་རང་བཞིན་གྱི་ནད་རིགས་ཤིག་མིན། དེར་བརྟེན་མི་རབས་རྗེས་མར་གཅོང་ནད་འགོ་མི་སྲིད་པ་ཡིན།   ཁྱིམ་ཚང་ལ་ལར་དུས་མཉམ་དུ་གཅོང་ནད་བྱུང་བའི་ནད་པ་ཁ་ཤས་ཡོད་པ་དེ། གཙོ་བོ་ཁྱིམ་ཚང་དུ་འགོས་ཁྱབ་རང་བཞིན་ལྡན་པའི་གློ་གཅོང་ནད་པ་ཡོད་པའི་རྐྱེན་གྱིས་ཕན་ཚུན་ལ་འགོས་པ་ལས།   རྒྱུད་འཛིན་ལ་འབྲེལ་བ་མེད། 

    འགོ་བའི་རང་བཞིན་གྱི་གློ་གཅོང་ནད་གསོ་བཅོས་བྱས་ནས་དྲག་རྗེས་ད་རུང་མི་གཞན་པར་འགོ་རུ་འཇུག་སྲིད་དམ་ཟེར་ན། འགོ་བའི་རང་བཞིན་གྱི་གློ་གཅོང་ནད་གསོ་བཅོས་བྱས་རྗེས་དེའི་འགོ་བའི་རང་བཞིན་མྱུར་དུ་ཇེ་དམའ་རུ་འགྲོ་སྲིད་པ་ཡིན། ནམ་རྒྱུན་སྨན་རྫས་ལ་ཚོར་བ་རྣོ་བའི་འགོ་བའི་རང་བཞིན་གྱི་གློ་གཅོང་ནད་དེ། གསོ་བཅོས་བྱས་ནས་གཟའ་འཁོར་གཉིས་འགོར་རྗེས་དང་།   ཁྱད་པར་དུ་ཟླ་གཉིས་ཀྱི་ནང་ལུད་པའི་ནང་གི་གཅོང་ནད་འབུ་ཕྲ་དེ་མགྱོགས་མྱུར་སྒོས་ཇེ་ཉུང་དུ་སོང་སྟེ། འབུ་ཕྲའི་འགུལ་སྐྱོད་ལ་ཡང་ཚོད་འཛིན་ཐེབས་པ་དང་ཡང་ན་རྩ་བ་ནས་མེད་པར་འགྱུར་བས། མཐའ་འཁོར་གྱི་མི་ཚོགས་ལ་འགོ་མི་སྲིད། གློ་གཅོང་ནད་པས་གཏན་ལ་ཕབ་པའི་གསོ་བཅོས་ཇུས་གཞི་དང་གསོ་བཅོས་དུས་ཡུན་ལྟར་གསོ་བཅོས་བྱས་ནས་དྲག་རྗེས། ལུད་པར་བརྟག་དཔྱད་བྱས་ནས་གཅོང་ནད་འབུ་ཕྲ་མེད་ཚེ། མི་གཞན་པར་འགོ་མི་སྲིད་པ་ཡིན།

     དེས་ན་གློ་གཅོང་ནད་པས་གང་སར་ལུད་པ་འཕེན་མི་རུང་བའི་རྒྱུ་མཚན་ཅི་ཡིན་ཟེར་ན། ལུད་པ་ནི་མིའི་དབུགས་ལམ་གྱི་ཟེགས་ཐོན་དངོས་རྗས་ཤིག་ཡིན་ཞིང་། རྒྱུན་ལྡན་གྱི་མིར་ལུད་པ་ཧ་ཅང་ཉུང་བ་ཡིན།   ཡིན་ན་ཡང་གློ་བའི་ནད་རིགས་སྟེ།   དཔེར་ན་གློ་ཡུའི་ཡན་ལག་ཆེར་འབྱེད་པ་དང་གློ་བར་རྣག་གཤིས་ཅན་གྱི་གཉན་ཚད་རྒྱས་སྐབས། ལུད་པ་སེར་བོ་ཇེ་མང་དུ་འགྲོ་བར་མ་ཟད། ད་རུང་ལུད་པའི་ནང་ནད་བསྐྱེད་པའི་འབུ་ཕྲ་མང་པོ་འདུས་བ་རེད།    གློ་གཅོང་ནད་པས་གལ་ཏེ་གང་སར་ལུད་པ་འཕངས་ཚེ།   ལུད་པའི་ནང་གི་གཅོང་ནད་འབུ་ཕྲ་མཁའ་དབུགས་ནང་ཁྱབ་པ་དེ།   རྒྱུན་ལྡན་གྱི་མིས་རྔུབ་པ་ལས་གློ་གཅོང་ནད་འགོ་སྲིད་པ་རེད། དེར་བརྟེན་གློ་གཅོང་ནད་པས་གང་སར་ཁ་ལུད་འཕེན་མི་རུང་བ་ཡིན། 

     དེས་ན་གློ་གཅོང་ནད་གསོ་བཅོས་བྱས་ནས་དྲག་རྗེས་ཕྱིར་འཕར་སྲིད་དམ་ཟེར་ན། སྤྱིར་བཏང་དུ་གསར་དུ་མཐོང་བའི་འགོ་བའི་རང་བཞིན་གྱི་གློ་གཅོང་ནད་པས་ཚད་ལྡན་གྱི་རྫས་འགྱུར་སྨན་གྱིས་གསོ་བཅོས་བྱེད་པའི་ཇུས་གཞི་ལྟར། ཆོས་ཉིད་ལྡན་པའི་སྒོ་ནས་གསོ་བཅོས་དང་། གཏན་ཁེལ་བྱས་པའི་སྨན་བཅོས་དུས་ཡུན་ལོངས་སུ་བཅུག་ཚེ། བརྒྱ་ཆའི་གོ་ལྔ་ཡན་གྱི་ནད་པ་ཡོངས་སུ་སངས་དྲག་འབྱུང་ཐུབ་པ་ཡིན། ལོ་གཉིས་ལ་ལྟ་ཞིབ་བྱས་བ་བརྒྱུད་ནས་ནད་ཕྱིར་འཕར་ཚད་དེ་བརྒྱ་ཆའི་གཉིས་ཡས་མས་རེད། ཡིན་ན་ཡང་ནད་ཕྱིར་འཕར་བ་དེ་སྔར་བཞིན་གཅོང་ནད་ཀྱི་ཁྱད་ཆོས་ཤིག་ཡིན་པས།   སྨན་འཐུང་མཚམས་བཞག་རྗེས་སྦྱོང་བརྡར་འོས་འཚམ་བྱེད་པ་དང་འཚོ་བཅུད་ཁ་གསབ་བྱེད་པ།    ཧུར་ཐག་སྒོས་མཉམ་བྱུང་ནད་གསོ་བཅོས་བྱེད་པ། ནད་རྟགས་ཡོད་ཚེ་དུས་ཐོག་ཏུ་སྨན་བཅོས་བྱེད་པ་སོགས་ནི་ནད་ཕྱིར་འཕར་བ་སྔོན་འགོག་བྱེད་པའི་ཕན་ནུས་ལྡན་པའི་བྱེད་ཐབས་ཡིན།  

     གློ་གཅོང་ནད་བྱུང་ཚེ་ལུས་ཕུང་ལ་གནོད་པ་ག་འདྲ་ཡོད་དམ་ཟེར་ན། སྔོན་ཆད་རང་རྒྱལ་དམངས་ཁྲོད་དུ་མི་བཅུ་ལ་གློ་གཅོང་ནད་བྱུང་ན་མི་དགུ་འཆི་བ་ཡིན་ཟེར་བའི་བཤད་སྲོལ་ཡོད་པ་དེས། གློ་གཅོང་ནད་ཀྱིས་རང་རྒྱལ་མི་དམངས་ཀྱི་ལུས་ཁམས་དང་སེམས་ཁམས་ལ་རྨ་ཁ་ཆེན་པོ་ཞིག་བཟོས་ཡོད་པ་ཤེས་ཐུབ། གཅོང་ནད་བྱུང་རྗེས་གློ་བའི་ནད་རྟགས་དང་ལུས་ཡོངས་ཀྱི་ནད་རྟགས་དེ་ཚང་མ་ཧ་ཅང་ཚབས་ཆེ་བ་དང་། ནང་སྒོས་སུ་མཉམ་དུ་ལུད་པ་ཁྲག་ཅན་ཐོན་པ་དེ་དུས་ཐོག་ཏུ་གསོ་བཅོས་མ་བྱས་ཚེ། དྲན་མེད་དུ་བརྒྱལ་བ་དང་དབུགས་ཆད་པ་སོགས་ཀྱི་སྣང་ཚུལ་འབྱུང་སླ་བ་དང་། ཐ་ན་འཆི་ཡང་སྲིད། གློ་གཅོང་ནད་པས་གལ་ཏེ་དུས་ཐོག་ཏུ་ཆོས་ཉིད་ལྡན་པའི་སྒོ་ནས་གསོ་བཅོས་མ་བྱས་ན། ནད་གཞི་མྱུར་དུ་ཇེ་སྡུག་ལ་སོང་ནས་ལས་ཀ་ཡང་ལས་མི་ཐུབ་པ་རེད།  

     གློ་གཅོང་ནད་པས་རིན་མི་ལེན་པར་ཞིབ་བཤེར་དང་རིན་མི་ལེན་པར་གསོ་བཅོས་བྱེད་པ་དེ་ཇི་ལྟར་དང་ལེན་བྱེད་དགོས་ཟེར་ན། གློ་གཅོང་ནད་ལ་འགོས་ཁྱབ་རང་བཞིན་ལྡན་པ་དང་། གསོ་བཅོས་ཀྱི་དུས་ཡུན་རིང་བས། སྨན་རྫས་སྣ་མང་མཉམ་དུ་བཀོལ་ནས་གསོ་བཅོས་བྱས་ན་ད་གཟོད་རྩ་བ་ནས་དྲག་ཐུབ་པ་ཡིན།   མིག་སྔར་རང་རྒྱལ་གྱི་གློ་གཅོང་ནད་ལ་རིན་མི་ལེན་པར་གསོ་བཅོས་བྱེད་པའི་སྲིད་ཇུས་དེ་གཙོ་བོ་གཅོང་ནད་འགོག་བཅོས་ལས་ཁུངས་ཀྱིས་ལག་བསྟར་བྱེད་དགོས་ལ། གཅོང་ནད་འགོག་བཅོས་ཆེད་ལས་ལས་ཁུངས་ཀྱིས་རྫས་འགྱུར་སྨན་རྫས་ཀྱིས་གསོ་བཅོས་དང་རིན་མི་ལེན་པར་གསོ་བཅོས་བྱེད་པའི་སྲིད་ཇུས་དངོས་འབེབས་བྱས་ཏེ། ནད་པར་ཚད་ལྡན་སྒོས་གསོ་བཅོས་དང་དོ་དམ་བྱེད་པ་ཡིན་པས།   གཅོང་ནད་བྱུང་བའི་ནད་པ་རྣམས་ཆེད་ལས་ལས་ཁུངས་དེ་དག་ཏུ་སོང་ནས་ཞིབ་བཤེར་དང་གསོ་བཅོས་བྱེད་དགོས། ནད་འབུ་མཆེད་པའི་ནད་པ་དང་འབྲེལ་འདྲིས་དམ་པོ་བྱེད་མཁན་ལ་མཚོན་ན་ཡང་། ཁོ་ཚོ་ཆེད་ལས་སྨན་ཁང་དུ་སོང་ནས་ལུས་ཕུང་ལ་བརྟག་དཔྱད་བྱས་ཏེ། ནད་སྔ་མོ་ནས་ཤེས་བ་དང་སྔ་མོ་ནས་གསོ་བཅོས་བྱེད་པར་སྐུལ་སློང་བྱེད་དགོས། དུས་མཚུངས་སུ་ཕྱོགས་བསྡུས་སྨན་བཅོས་ལས་ཁུངས་ཀྱིས་རྒྱལ་ཁབ་འཕྲོད་བསྟེན་པུའུ་ཡི«སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཀྱིས་གློ་གཅོང་ནད་པ་ཡར་ཞུ་དང་ཆེད་བཅོས། རྗེས་སྙེག་བཅས་ཀྱི་ལག་བསྟར་བྱེད་ཐབས»ལྟར།   ནན་ཏན་སྒོས་གཅོང་ནད་ཆེད་བཅོས་བྱ་བ་བཟང་བོར་སྒྲུབ་ནས།   སྨན་གྱི་ནུས་བ་མི་ཐོན་པའི་ནད་པ་འབྱུང་བར་གཡོལ་བ་དང་ཇེ་ཉུང་དུ་གཏོང་དགོས།

     དེས་ན་རང་ཉིད་ལ་གློ་གཅོང་ནད་བྱུང་ཡོད་མེད་ལ་ཇི་ལྟར་ལྟ་དགོས་ཟེར་ན། དུས་ཐོག་མའི་གློ་གཅོང་ནད་དེར་ནད་རིགས་གཞན་དག་དང་འདྲ་བར་མངོན་གསལ་གྱི་ནད་རྟགས་མེད་པ་རེད།   གལ་ཏེ་ནད་རྟགས་ཡོད་ན་ཡང་།   དེ་ལ་ཆེས་མངོན་གསལ་གྱི་ནད་རྟགས་མེད་པས།   ནད་པ་རང་ཉིད་དང་སྨན་པ་སུ་ཡིན་རུང་གློ་བའི་ནད་གཞན་པར་ནོར་འཁྲུལ་འབྱུང་གི་ཡོད།   གློ་གཅོང་ནད་ཡིན་མིན་ལ་ངོས་འཛིན་ཇི་ལྟར་བྱེད་དགོས་ཟེར་ན།   བསྟུད་མར་གཟའ་འཁོར་གཉིས་ཡན་ལ་ལུ་བ་དང་ལུད་པ་ཐོན་པ།   ལུད་པའི་ནང་དུ་ཁྲག་འདྲེས་བ། ཚ་ལངས་བ། བྲང་ཁ་ན་བ་སོགས་ཀྱི་རྟགས་བྱུང་ཚེ།   སྨན་ཁང་དུ་སོང་ནས་ཞིབ་བཤེར་བྱས་ན་ཤེས་ཐུབ། 

     གལ་ཏེ་གོང་གི་ནད་རྟགས་དེ་དག་ཡོད་པ་དང་ལྷག་པར་དུ་བསྟུད་མར་གཟའ་འཁོར་གཉིས་ཡན་ལ་ལུ་བ་དང་ལུད་པ་ཐོན་ཚེ།   རང་འགུལ་གྱིས་སྨན་ཁང་དུ་སོང་ནས་སྨན་པས་བཤད་པ་ལྟརཅེ་ཧི་ཅོན་སུའུཞེས་པའི་སྨན་ཁབ་བརྒྱབ་ནས་ནད་དེ་ཡིན་མིན་ལ་བརྟག་དགོས་བ་དང་། ལུད་པའི་ནང་ལ་འདུས་འདྲིལ་དབྱིག་དབྱིབས་འབུ་ཕྲ་ཡོད་མེད་ལ་བརྟག་དགོས།   དེ་མིན་ད་རུང x གློག་འོད་ཀྱི་འདྲ་པར་ཡང་ལེན་དགོས། དེ་ལྟར་བྱས་ཚེ་ནད་ངོས་འཛིན་གསལ་བོ་བྱེད་ཐུབ།

     གལ་ཏེ་གློ་གཅོང་ནད་ལ་ངོས་འཛིན་བྱས་ཚེ།   ས་གནས་ཀྱི་ནད་ཡམས་སྔོན་འགོག་ཚོད་འཛིན་ལྟེ་གནས་སུ་སོང་ན། ཁོ་ཚོས་སྨན་རིན་མི་ལེན་པར་ནད་བརྟག་སྨན་བཅོས་བྱེད་ངེས་རེད།  

    གལ་ཏེ་རང་ཉིད་ལ་གློ་གཅོང་ནད་བྱུང་ཚེ་ཇི་ལྟར་བྱེད་དགོས་ཟེར་ན། གལ་ཏེ་རང་ལ་གློ་གཅོང་ནད་བྱུང་རྗེས།   དུ་བ་དང་ཆང་གཅོད་དགོས་བ་དང་ངལ་གསོ་འོས་འཚམ་བྱེད་དགོས།   ཟ་མའི་ཕྱོགས་ནས་ཤ་གསར་བ་དང་སྔོ་ཚོད།   སིལ་ཏོག་སོགས་མང་པོ་ཟ་དགོས་ལ།   ལྭ་ཅོ་དང་ཚུའུ་སོགས་ཕོག་ཐུག་ཅན་གྱི་ཟས་རིགས་གཏན་ནས་ཟ་མི་རུང་།   གཞན་ད་རུང་ལུས་ཕུང་སྦྱོང་བརྡར་འོས་འཚམ་བྱས་ན་ནད་དྲག་པར་ཕན་པ་ཡོད།   གློ་གཅོང་ནད་པས་ངེས་པར་དུ་གློ་གཅོང་ནད་ཆེད་བཅོས་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་དགོས་བ་དང་།   སྨན་པ་དང་གསོ་སྦྱོང་བྱས་མྱོང་བའི་ཁྱིམ་མི་བཅས་ཀྱི་ལྟ་སྐུལ་འོག་ནས།   ཇ་ཁ་རེ་རེའི་སྨན་དུས་ཚོད་ལྟར་དུ་འཐུང་དགོས་ལ།   སྨན་འཐུང་རྒྱུ་བརྗེད་པ་དང་ཡང་ན་ཇེ་ཉུང་དུ་བཏང་ནས་འཐུང་བ་བཅས་བྱེད་མི་རུང་།   གློ་གཅོང་ནད་གསོ་བཅོས་བྱེད་ན་ངེས་པར་དུ་སྨན་བཅོས་ཀྱི་དུས་ཡུན་ལོངས་བར་ཁག་ཐེག་བྱེད་དགོས་བ་དང་།   ཚད་ལྡན་ལྟར་སྨན་བཅོས་བྱེད་རྒྱུ་རྒྱུན་འཁྱོངས་བྱས་ན།   བརྒྱ་ཆའི་གོ་ལྔ་ཡན་གྱི་ནད་པ་དྲག་ཐུབ་པ་ཡིན།    སྨན་བཅོས་བྱས་ནས་ནད་རྟགས་ཡོངས་སུ་མེད་ན་ཡང་།   གློ་གཅོང་ནད་དྲག་ཟིན་པ་མིན་ལ།   གལ་ཏེ་ཚད་ལྡན་གྱི་སྨན་བཅོས་དུས་ཡུན་ལྟར་སྨན་བཅོས་མ་བྱས་པར་རང་ཤུགས་ཀྱིས་སྨན་འཐུང་མཚམས་འཇོག་པ་དང་།   ཡང་ན་མཚམས་རེར་འཐུང་བ་དང་མཚམས་རེར་འཐུང་མཚམས་འཇོག་པ་བཅས་བྱས་ན།   གློ་གཅོང་ནད་གསོ་བཅོས་བྱེད་དཀའ་བར་མ་ཟད།   ཡང་བསྐྱར་འཕར་སླ་བས།   གློ་གཅོང་ནད་པས་སྨན་བཅོས་ཀྱི་དུས་ཡུན་ལོངས་སུ་འཇུག་རྒྱུ་ནི་ཧ་ཅང་གལ་ཆེ་བ་ཞིག་རེད། 

      དེས་ན་གློ་གཅོང་ནད་བྱུང་ཚེ་དྲག་ཏུ་འཇུག་ཐུབ་བམ། དེ་ལ་ལྟ་སྟངས་ཇི་འདྲ་འཛིན་དགོས་ཟེར་ན།   ལོ་ལྔ་བཅུ་ནས་དྲུག་ཅུའི་སྔོན་ལ། གློ་གཅོང་ནད་གསོ་བཅོས་བྱེད་པའི་སྨན་རྫས་མེད་ལ།   གློ་གཅོང་ནད་བྱུང་ཚེ་ངལ་གསོ་དང་འཚོ་བཅུད། དེ་མིན་ཕྱི་ནད་ཚན་ཁག་གི་བཅོས་ཐབས་བཅས་ཁོ་ནར་བརྟེན་བཞིན་ཡོད་པས།   གློ་གཅོང་ནད་སངས་དྲག་འབྱུང་ཚད་དེ་བརྒྱ་ཆའི་ཉེར་ལྔ་ཙམ་རེད། དུས་རབས་ཉི་ཤུ་བའི་ནང་གཅོང་ནད་འགོག་པའི་སྨན་རྫས་གསར་དུ་ཐོན་ནས་གཅོང་ནད་བྱུང་བའི་ནད་པ་སངས་དྲག་འབྱུང་བའི་གོ་སྐབས་ཐོབ། རྒྱལ་ཁབ་ཕྱི་ནང་གི་ཞིབ་འཇུག་རབ་དང་རིམ་པ་ལས་ཤེས་བ་ལྟར་ན། སྨན་རྫས་ལེན་མིས་སུའུ་(链霉素)དང་ཡིས་ཡན་ཅིན་(异烟肼)ལིས་ཧྥུ་ཕེན་(利福平)པིས་ཆིན་ཞན་ཨན་(吡嗪酰胺)བཅས་སྨན་རྫས་བཞི་བོ་དེ་མཉམ་དུ་བཀོལ་བའི་ཐབས་ཀྱིས་གློ་གཅོང་ནད་པར་གསོ་བཅོས་བྱས་པའི་ཕན་ནུས་དེ་བརྒྱ་ཆའི་དགུ་ཅུ་ཡན་ཡིན་པ་དང་། བྱེད་ཐབས་གཞན་པས་གསོ་བཅོས་བྱས་པའི་ཕན་ནུས་ཅུང་ཞན་པ་རེད། 

    གློ་གཅོང་ནད་ལ་ངོས་འཛིན་བྱས་པའི་ནད་པ་དང་ནད་གཞི་རྙོག་འཛིང་ཆེ་བའི་ནད་པ།   ནད་གཞི་ཇེ་སྡུག་ལ་སོང་བའི་ནད་པ་བཅས་ཚང་མས་དུས་སྔ་མོ་དང་ཆོས་ཉིད་ལྡན་པ། ཚད་ལོངས་བ། མཉམ་འབྲེལ། ཚད་རན་པ་བཅས་ཀྱི་གསོ་བཅོས་རྩ་དོན་གཞིར་བཟུང་ནས། སྨན་བཅོས་མི་སྣའི་མཛུབ་སྟོན་དང་རོགས་རམ་འོག་གཅོང་ནད་འགོག་པའི་སྨན་རྫས་བཀོལ་ནས་གསོ་བཅོས་བྱས་ན་གཅོང་ནད་འབུ་ཕྲ་བསད་ནས་ནད་སངས་དྲག་འབྱུང་བའི་དམིགས་ཡུལ་དུ་བསླེབ་ཐུབ། གལ་ཏེ་ཚད་ལྡན་གྱིས་གསོ་བཅོས་བྱེད་པ་དང་གསོ་བཅོས་ཀྱི་དུས་ཡུན་ལོངས་སུ་བཅུག་ཚེ།   གློ་གཅོང་ནད་པ་མང་ཆེ་བ་ཞིག་སངས་དྲག་འབྱུང་ཐུབ་པ་ཡིན། 

     དེས་ན་གློ་གཅོང་ནད་པར་སྨན་གྱི་ནུས་བ་མི་ཐོན་པའི་རྒྱུ་རྐྱེན་ཅི་ཡིན་ཟེར་ན། སྨན་གྱི་ནུས་བ་མི་ཐོན་པའི་རྒྱུ་རྐྱེན་གཙོ་བོ་ནི་ནད་པས་ནད་གཞིར་ངོས་མ་ཟིན་པ་དང་འགོར་འགྱངས་སུ་བཏང་བ་དང་། རྫས་འགྱུར་སྨན་རྫས་ཀྱི་གསོ་བཅོས་ཇུས་གཞི་ལུགས་མཐུན་མིན་པ། སྨན་རྫས་གང་བྱུང་དུ་བཀོལ་བ།   ནད་པའི་རིག་གནས་བྱང་ཚད་དང་བདེ་ཐང་ཆུ་ཚད། དཔལ་འབྱོར་རྨང་གཞི།   སྨན་དུག་སོགས་ཀྱི་རྐྱེན་གྱིས་ནད་པས་སྨན་འཐུང་ཚད་ཇེ་ཉུང་དུ་བཏང་སྟེ། ཚད་གཞི་ལྟར་སྨན་མ་འཐུང་བ་ལས་སྨན་ནུས་མི་ཐོན་པའི་གློ་གཅོང་གི་ནད་བྱུང་བ་རེད །

     སྨན་གྱི་ནུས་བ་མི་ཐོན་པའི་གཅོང་ནད་ནི་གནད་དོན་ཚབས་ཆེན་ཞིག་ཡིན་པའི་རྒྱུ་མཚན་ཅི་ཡིན་ཟེར་ན། རང་རྒྱལ་ནི་འཛམ་གླིང་གི་གཅོང་ནད་འབྱུང་ཚད་མཐོ་བའི་རྒྱལ་ཁབ་ཉེར་གཉིས་གྲས་ཀྱི་གཅིག་ཡིན་ལ། སྨན་གྱི་ནུས་བ་མི་ཐོན་པའི་གཅོང་ནད་ཀྱི་གནས་ཚུལ་ཧ་ཅང་ཚབས་ཆེ་བ་རེད། གཅིག་ན་བརྟག་དཔྱད་ངོས་འཛིན་རྙོག་འཛིང་ཆེ་བ་ཡིན། སྤྱིར་བཏང་གི་གཅོང་ནད་དེ་ལུད་པར་ཞིབ་བཤེར་དང་བྲང་ཁོག་ལ་Xགློག་འོད་ཀྱིས་བརྟག་དཔྱད་བྱས་ཚེ་འཕྲལ་དུ་ངོས་འཛིན་བྱེད་ཐུབ་པ་དང་། སྨན་གྱི་ནུས་བ་མི་ཐོན་པའི་ནད་པར་མཚོན་ན་ལུད་པའི་ནང་ནད་ཡོད་མེད་ལ་བརྟག་དཔྱད་དང་སྨན་འཕྲོད་མིན་གྱི་ཚོད་ལྟ་བྱེད་དགོས་བ་རེད། གཉིས་ནི་གསོ་བཅོས་ཀྱི་དུས་ཡུན་རིང་བ་ཡིན།   སྤྱིར་བཏང་གི་ནད་པའི་སྨན་བཅོས་དུས་ཡུན་ནི་ཟླ་དྲུག་ཡིན་པ་དང་། སྨན་གྱི་ནུས་བ་མི་ཐོན་པའི་ནད་པའི་སྨན་བཅོས་དུས་ཡུན་ནི་ཟླ༡༨ནས༢༤བར་དང་ཡང་ན་ཟླ་༣༦ཡིན། གསུམ་ནི་སྨན་ལོག་བྱུང་ནས་ནད་འབྱུང་ཚད་མཐོ་བ་ཡིན།   སྨན་གྱི་ནུས་བ་མི་ཐོན་པའི་ནད་པས་ཉུང་མཐར་ཡང་སྨན་རྫས་སྣ་ཁ་ལྔ་ནས་དྲུག་བར་འཐུང་དགོས་བར་མ་ཟད། དེ་དག་ནི་སྨན་ལོག་འབྱུང་ཚད་མཐོ་བའི་སྨན་རྫས་ཡིན་པ་རེད།   བཞི་ནི་ནད་དྲག་བསྐྱེད་འབྱུང་ཚད་དམའ་བ་ཡིན། གཅོང་ནད་དྲག་བསྐྱེད་འབྱུང་ཚད་དེ་བརྒྱ་ཆའི་ལྔ་བཅུ་ནས་དྲུག་ཅུ་ཙམ་ཡིན་པ་དང་།   ནད་པ་ཕྱེད་ཀ་ཙམ་གྱི་ནད་སངས་དྲག་འབྱུང་མི་ཐུབ་པ་རེད།   ལྔ་ནི་སྨན་རིན་མཐོ་བ་རེད། སྨན་གྱི་ནུས་བ་མི་ཐོན་པའི་ནད་པའི་སྨན་རིན་དེ་སྤྱིར་བཏང་གི་ནད་པ་དང་བསྡུར་ན་ལྡབ་བརྒྱ་ལྷག་གིས་མཐོ་བ་རེད། 

     དེས་ན་གློ་གཅོང་ནད་དེ་ཇི་ལྟར་སྔོན་འགོག་བྱེད་དགོས་ཟེར་ན། ནད་འདི་སྔོན་འགོག་བྱེད་ཐབས་ནི་གློ་གཅོང་ནད་ཡོད་པའི་ནད་པའི་དཀར་ཡོལ་དང་ཐུར་མ་སོགས་སྣོད་ཅ་ལག་ལོགས་སུ་འཇོག་པ་དང་།   ནད་པའི་ལུད་པ་གང་བྱུང་དུ་མི་འཕེན་པ།   རྒྱུན་དུ་གཙང་སྦྲར་དོ་སྣང་དང་ལུས་ཕུང་སྦྱོང་བརྡར་བཅས་བྱེད་དགོས།   གཞན་ད་རུང་གློ་གཅོང་ནད་སྔོན་འགོག་བྱེད་པའི་འགོག་ཁབ་རྒྱག་དགོས།

གློ་གཅོང་ནད་སྔོན་འགོག་གི་འགོག་ཁབ་སྟེ་ཁྭ་ཅེ་མེའོ་(卡介苗)ཟེར་བ་ནི་བྱིས་པའི་གློ་གཅོང་ནད་སྔོན་འགོག་བྱེད་པར་བཀོལ་བའི་འགོག་ཁབ་ཅིག་ཡིན་ལ།   འགོག་ཁབ་དེ་བརྒྱབ་རྗེས་བྱིས་པར་གློ་གཅོང་ནད་འགོག་པའི་ནུས་པ་ཁྱད་པར་ཅན་ཐོན་པ་རེད། མིག་སྔར། འཛམ་གླིང་སྟེང་གི་རྒྱལ་ཁབ་མང་ཆེ་བས་ཁ་ཅེ་མེའོ་འགོག་ཁབ་དེ་འཆར་ལྡན་རིམས་འགོག་གི་ངེས་པར་དུ་རྒྱག་དགོས་པའི་འགོག་ཁབ་གྲས་སུ་བཞག་ཡོད།   ཁ་ཅེ་མེའོ་འགོག་ཁབ་རྒྱག་ས་གཙོ་བོ་ནི་གསར་སྐྱེས་བྱིས་པ་རྣམས་ཡིན་ལ།   འགོག་ཁབ་བརྒྱབ་རྗེས་བྱིས་པའི་གློ་གཅོང་ནད་འབྱུང་བ་སྔོན་འགོག་བྱེད་ཐུབ།   ལྷག་པར་དུ་ཚབས་ཆེན་རང་བཞིན་གྱི་གློ་གཅོང་ནད་དེ་དག་སྔོན་འགོག་བྱེད་ཐུབ།   དཔེར་ན་འདུས་འདྲིལ་ཀླད་སྐྱིའི་གཉན་ཚད་ལྟ་བུ་རེད།   ཁ་ཅེ་མེའོ་འགོག་ཁབ་རྒྱག་པ་དེ་བྱིས་པ་བདེ་ཐང་ངང་འཚར་ལོངས་འབྱུང་བར་དགེ་མཚན་ཆེན་པོ་ཡོད། ཁ་ཅེ་མེའོ་འགོག་ཁབ་དེ་བྱིས་པ་སྐྱེས་མ་ཐག་ཏུ་རྒྱག་དགོས་བ་ཞིག་ཡིན་ལ།   གལ་ཏེ་དུས་ཐོག་ཏུ་འགོག་ཁབ་དེ་རྒྱག་མ་ཐུབ་ན།   བྱིས་པ་ལོ་གཅིག་ལ་མ་བུད་པའི་སྔོན་ལ་ངེས་པར་དུ་ས་གནས་ཀྱི་གློ་གཅོང་ནད་འགོག་བཅོས་ས་ཚིགས་དང་ཡང་ན་འཕྲོད་བསྟེན་རིམས་འགོག་ས་ཚིགས་སུ་སོང་ནས་འགོག་ཁབ་ཁ་གསབ་བྱེད་དགོས།

     གློ་གཅོང་ནད་ནི་ལུས་ཡོངས་རང་བཞིན་གྱི་ནད་རིགས་ཤིག་ཡིན་པས་ཡོངས་ཁྱབ་ཏུ་སྨན་བཅོས་བྱེད་པར་དོ་སྣང་བྱེད་དགོས།   ནད་དེ་བྱུང་ཚེ་ཡུན་རིང་བོ་ཞིག་ལ་སྨན་འཐུང་དགོས་པས་ངེས་པར་དུ་སྨན་བཅོས་རྒྱུན་འཁྱོངས་བྱེད་པའི་ཁར་འོས་འཚམ་གྱིས་འགུལ་སྐྱོད་དང་ངལ་གསོ། འཚོ་བཅུད་ཁ་གསབ་བཅས་ཚད་རན་པོ་བྱེད་དགོས། ནད་བབ་ཚབས་ཆེ་བའི་ནད་པར་གལ་ཏེ་ཚ་ཆེན་པོ་ལངས་བ་དང་ཁྲག་གི་ལུད་པ་འབྱུང་བའི་སྣང་ཚུལ་བྱུང་ཚེ་ངལ་གསོ་གཙོ་བོར་བཟུང་ནས་སྨན་བཅོས་བྱེད་དགོས། སྨན་གྱི་ཕྱོགས་ནས་རྒྱ་སྨན་འཐུང་ན་དབྱི་ཡན་ཅིན་(异烟肼)དང་ལིས་ཧྥུའུ་ཕེན་(利福平)དབྱི་ཨན་ཏེན་ཁྲོན་(乙胺丁醇)སོགས་སྨན་པའི་ངག་ལྟར་འཐུང་དགོས།   བོད་སྨན་འཐུང་ན་སྔ་སེས་གཙོ་བོ་ཉེར་ལྔ་རིལ་བུ་བཞི་དང་ཉིན་གོང་བསེ་རུ་ཉེར་ལྔ་རིལ་བུ་དྲུག   དགོང་མོར་བསིལ་བཅུད་བཅོ་ལྔ་རིལ་བུ་ལྔ།   ཁོག་སྟོད་ལ་ན་ཟུག་ཆེ་ན་ཨ་གར་སོ་ལྔ་རིལ་བུ་བཞིའམ་ཡང་ན་ཨ་གར་བཅོ་ལྔ་རིལ་བུ་བཞི།   ཁྲག་གི་ལུད་པ་བྱུང་ན་གུར་བརྒྱད་ཁ་ཚར་རིལ་བུ་གསུམ་བཅས་འཐུང་བ་སོགས་གཙོ་བོ་སྨན་པའི་མཛུབ་སྟོན་ལྟར་སྨན་བཅོས་བྱེད་དགོས་བ་ལས་རང་ཉིད་ཀྱིས་གང་འདོད་དུ་སྨན་གཏན་ནས་འཐུང་མི་ཉན་པ་ཡིན།