ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བོད་ཀྱི་གསོ་བ་རིག་པའི་བྱུང་འཕེལ་མདོ་ཙམ་གླེང་བ།

སྤེལ་དུས 2018-01-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
          འདིར་བོད་ཀྱི་སྨན་བཅོས་ལག་ལེན་ཐོག་མར་ཇི་ལྟར་དར་བ་དང་།   བར་དུ་རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཇི་ལྟར་བྱུང་བ།    ཐ་མ་གསོ་རིག་གཞུང་ལུགས་ཀྱི་མ་ལག་ཅན་དུ་ཇི་ལྟར་གོང་འཕེལ་སོང་བ་བཅས་སྐབས་གསུམ་དུ་བསྡུས་ནས་བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་གནས་ཚུལ་རགས་ཙམ་སྤྲོ་བར་འདོད་ལ། གསོ་རིག་གི་ཐོག་མའི་བྱུང་ཚུལ་གྱི་ལོ་རྒྱུས་ཁ་ཅིག་ནི་འཛམ་གླིང་གསོ་དཔྱད་རིག་པ་དར་ཚུལ་གྱི་སྤྱིའི་ཆོས་ཉིད་ལས་མ་འདས་པས་འདིར་མི་སྤྲོའོ། །
དང་པོ།   སྨན་བཅོས་ལག་ལེན་ཇི་ལྟར་དར་བའི་སྐོར།
          ༡. བོད་ཡུལ་འདི་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་པའི་ལྟ་བའི་སྒོ་ནས་བཤད་པ།
          མིའི་རིགས་ཐོག་མར་བྱུང་བའི་ས་ཆའི་སྐོར་ལ་འཛམ་གླིང་གི་མཁས་དབང་མང་པོས་ས་གཞིའི་གོ་ལ་སྟེང་གནས་པའི་སྲོག་ཆགས་དང་།    གླིང་ཆེན་སོ་སོའི་ས་བབ་གནས་སྟངས།  སྔ་རྗེས་སུ་རྙེད་པའི་སྤྲ་རིགས་(猿类)དང་།    མིའི་སྡེ་ཚན།   (Homimdae)གནའ་བོའི་སྤྲ་མི།    སྤྲ་མི་བཅས་ཀྱི་འགྱུར་རྡོ་སོགས་ལ་བརྟག་དཔྱད་མཛད་པ་བརྒྱུད།  གླིང་ཆེན་ཨ་ཧྥེ་རི་ཁ་དང་ལྷག་ཏུ་ཨ་ཤེ་ཡའི་གླིང་ཆེན་ནི་མིའི་རིགས་ཀྱི་ཐོག་མའི་བྱུང་ས་ཡིན་པར་ངོས་འཛིན་གནང་ཡོད།    ཉེ་བའི་ལོ་འགའི་རིང་།    རྒྱལ་ཁབ་ཕྱི་ནང་གི་གནའ་རྫས་མཁས་དབང་དང་ས་གཤིས་ཆགས་ཚུལ་སྨྲ་བ་དུ་མས་གླིང་ཆེན་ཨ་ཤེ་ཡའི་དཀྱིལ་དབུས་སུ་གནས་པའི་མཚོ་བོད་མཐོ་སྒང་ངམ་དེའི་ཉེ་འདབས་ས་ཁུལ་ཉིད་འཛམ་གླིང་གི་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་པར་ཚོད་དཔག་མཛད་ཡོད་པ་སྟེ། དེའང་བོད་ཀྱི་ཡུལ་འདི་བསྐལ་བ་ཡ་ཐོག་ནས་བརྩིས་པའི་ཆེས་གདོད་མིའ་དུས་སུ་ལྟེམ་ལྟེམ་དུ་འཁྱིལ་བའི་རྒྱ་མཚོ་ཆེན་པོ་(地质学称“特提斯海”也称“古地中海”或“青藏海”)ཞིག་ཡིན་པ་དང་།   ལོ་ངོ་དུང་ཕྱུར་ལྷག་རིང་རིམ་གྱིས་ཆུ་རྣམས་གཞན་དུ་ཐིམ་ཞིང་ཁྱད་པར་ལོ་ངོ་བྱེ་བ་གསུམ་གྱི་སྔོན་དུ་ཧི་མ་ལ་ཡའི་ས་འགྱུར་(喜马拉雅运动)ཞེས་པ་བྱུང་སྟེ་ཆུ་ཡོངས་སུ་སྐམ་པ་ལས་བོད་ཁམས་ཡུལ་གྱི་ཐོག་མའི་རྣམ་པ་དོད་ཅིང་སྐབས་དེར་རི་རྒྱུད་ཧི་མ་ལ་ཡ་དང་བོད་ཡུལ་གྱི་མཐོ་ཚད་མཚོ་ངོས་ལས་མུས་ཆིག་སྟོང་དུ་མི་སླེབས་ལ།   མཁའ་དབུགས་དྲོད་གཤེར་ལྡན་ཞིང་ཚ་ཁུ་ནགས་ཚལ་དུ་གཏོགས་པས་རྒྱ་མཚོ་ལས་སྐམ་སར་བུད་པའི་སྲོག་ཆགས་ཀྱི་འཚོ་ཁམས་དང་ཤིན་ཏུ་འཚམ།    དེའང་ཧི་མ་ལ་ཡའི་ས་འགྱུར་ལ་བརྟེན་ནས་བོད་ཡུལ་འདི་མུ་མཐུད་འབུར་དུ་དོད་ནས་མཐོ་སྒང་གི་རྣམ་པར་གྱུར་པ་ལས་མཁའ་དབུགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཡུན་གྱིས་གྲང་ངར་སྐམ་ཤས་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཅིང་ཚ་ཁུལ་ནགས་ཚལ་གྱི་རྒྱ་ཁྱོན་ཡང་ཇེ་ཆུང་ཇེ་ཞན་དུ་སོང་བའི་དབང་གིས་ནགས་ཚལ་ལ་གོམས་ཡོད་པའི་སྤྲ་རིགས་རྣམས་ས་ངོས་ཀྱི་འཚོ་བར་མི་རོལ་ག་མེད་བྱུང་ནས་འཚོ་བ་སྤྱོད་སྟངས་ཡང་གསར་བར་བསྒྱུར་འགོ་བརྩམ་པ་དང་རིམ་གྱིས་གཟུགས་པོར་འགྱུར་ལྡོག་བྱུང་ནས་ག་ལེར་མིའི་རིགས་སུ་གྱུར་པ་རེད།    དེ་ལྟར་སྤྲ་རིགས་འཕེལ་འགྱུར་བྱུང་ནས་མིའི་རིགས་སུ་དངོས་སུ་འགྱུར་ཡོད་པའི་དུས་སྐབས་ནི་ལོ་ངོ་བྱེ་བ་གཉིས་ཡས་མས་ནས་ས་ཡ་གསུམ་གྱི་བར་ཏེ་མཚོ་བོད་མཐོ་སྒང་འབུར་ཐོན་བྱུང་བའི་དུས་ཚོད་དང་ཏག་ཏག་འཁེལ་ཡོད་སྟབས།    མཚོ་བོད་མཐོ་སྒང་གི་འབུར་ཐོན་དེ་སྤྲ་རིགས་ནས་མིའི་རིགས་སུ་འགྱུར་བའི་གལ་ཆེའི་ཆ་རྐྱེན་ཞིག་ཏུ་གྱུར་འདུག་པ་དང་།    དུས་རབས་ཉི་ཤུ་བའི་ལོ་རབས་བདུན་ཅུའི་ནང་།    ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་རྟོག་ཞིབ་ཚོགས་པས་བོད་ལྗོངས་འབྲུ་རུ་རྫོང་དང་སྐྱིད་རོང་རྫོང་སོགས་སུ་ལོ་ངོ་བྱེ་བ་གཅིག་ལྷག་སྔོན་གྱི་སྲོག་ཆགས་ཚོགས་(三蹄马动物群)གྱི་འགྱུར་རྡོ་རྙེད་པ་དང་།    འགྱུར་རྡོའི་སྟེང་རིམ་གྱི་སྐྱེས་དངོས་ཟེའུ་འབྲུའི་རྡུལ་ནང་མཆིས་པའི་ཚ་ཁུལ་རྩི་ཤིང་རིགས་ཀྱིས་དུས་དེའི་བོད་ཡུལ་ཉིད་ཚ་ཁུལ་ནགས་ཚལ་དུ་གཏོགས་ཤིང་མཁའ་དབུགས་དྲོད་གཤེར་ལྡན་པ་མཚོན་ཡོད་པ་མ་ཟད།    ཐ་ན་མི་ལོ་ལྔ་སྟོང་ཙམ་གྱི་ལོ་རྒྱུས་ལྡན་པའི་ཆབ་མདོ་མཁར་རོའི་གནའ་ཤུལ་གྱི་སྐྱེས་དངོས་ཟེའུ་འབྲུའི་རྡུལ་(孢粉花粉分析与栽培作物研究)སོགས་ཀྱི་བརྟག་ཞིག་ཐོག་ནས་ཀྱང་སྐབས་དེའི་མཁའ་དབུགས་དེང་ལས་དྲོད་གཤེར་ཆེ་བ་ར་སྤྲོད་བྱུང་ཡོད།    གཞན་ཉེ་བའི་ལོ་དུ་མར་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་འབྲེལ་མཚམས་ཀྱི་ཞི་ལྦ་རི་བོ་(西瓦克拉山)དང་།   རང་རྒྱལ་གྱི་ཡུན་ནན།   ཀོས་ཀྲིག   ཟི་ཁྲོན་སོགས་མཚོ་བོད་མཐོ་སྒང་གི་ཉེ་འདབས་མཐའ་འཁོར་དག་ཏུ་གནའ་བོའི་སྤྲ་རིགས་དང་།   སྤྲ་མི།   གནའ་མི་བཅས་ཀྱི་འགྱུར་རྡོ་རིགས་འབོར་ཆེན་རྙེད་པ་དང་།    དེའང་གནའ་རྫས་རིག་གནས་ནི་མང་ཉུང་ལ་མ་བལྟོས་པའི་འབྲེལ་བ་ཡོད་པ་ལས་ཁེར་རྐྱང་དུ་གནས་པ་ཤིན་ཏུ་དཀོན་པས་ན།    གལ་ཏེ་འགོ་བརྩམ་མ་ཐག་ཡིན་པའི་བོད་ཁམས་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀ་འདི་ཉིད་གོམ་གང་མདུན་སྤོས་ངང་ས་བབ་མཐོ་སའི་ཕྱོགས་སུ་ཉམས་ཞིབ་བགྱིད་ནུས་ཚེ།    འཛམ་གླིང་གི་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཀྱི་རྗེས་ཤུལ་ཏེ་ཆེས་གནའ་བོའི་འགྱུར་རྡོ་རིགས་རྙེད་སྲིད་ངེས་ཡིན་ཚུལ་སོགས་ཚན་རིག་གི་ལྟ་བའི་སྒོ་ནས་ཚོད་དཔག་མཛད་པ་ཡོད་པར་གཞིགས་ན།    མི་ལོ་ས་ཡ་གསུམ་ཡུན་གྱི་སྤྲ་མི་ནས་མིར་འགྱུར་བའི་གོ་རིམ་རིང་པོ་དེ་ཡང་རང་ས་ཉིད་ནས་བརྒྱུད་དགོས་པ་དང་།   དེས་ན་ཨན་ཀི་སིའི་ངལ་རྩོལ་གྱིས་མིའི་རིགས་གསར་བསྐྲུན་བྱས་པ་ཡིན་པའི་གཞུང་ལུགས་ལྟར་རང་རེའི་མེས་པོ་གོང་མ་རྣམས་ཀྱིས་ཡར་ཀླུང་གཙང་པོའི་འབབ་རྒྱུད་དུ་ངལ་རྩོལ་ལ་བརྟེན་ནས་རང་ཉིད་གསར་བསྐྲུན་དང་།    ངལ་རྩོལ་ལ་བརྟེན་ནས་རྡོ་ཆས་གསར་སྐྲུན།   ངལ་རྩོལ་ལ་བརྟེན་ནས་དངོས་པོ་དང་བསམ་བློ་གཉིས་ཀྱིས་བསྡུས་པའི་རིག་གནས་ཤེས་བྱ་གསར་སྐྲུན་བྱས་པ་ཡིན་ན།     བོད་དུ་ཆེས་གདོད་མའི་དུས་ནས་བཟུང་མིའི་ལྷན་ནུས་དང་ཉམས་མྱོང་སོགས་ལས་རིམ་གྱིས་བྱུང་བའི་སྨན་བཅོས་བྱེད་སྒོ་དར་ཡོད་པ་ནི་སྨོས་མ་དགོས་ཏེ།     ཅིའི་ཕྱིར་ན་མིའི་རིགས་བྱུང་བ་ནས་ནད་རིགས་མཆིས་པ་དང་ནད་ཡོད་པས་དེའི་སལ་ཐབས་ལ་བརྩོན་ངེས་པས་སོ། །
          ༢.བོད་ཀྱི་ས་བབ་གནས་སྟངས་དང་ཆུ་བོའི་འབབ་རྒྱུད་ཀྱི་ཐད་ནས་བཤད་པ།
          འཛམ་གླིང་གི་གནའ་བོའི་དཔལ་ཡོན་དར་སྔ་བའི་མི་རིགས་གང་ཞིག་ཡིན་ཡང་གཅིག་མཐུན་གྱི་ཆོས་ཉིད་ཅིག་ཡོད་པ་ནི།    གནའ་བོའི་ཤེས་རིག་དེ་ས་བབ་གནས་སྟངས་དང་ཆུ་བོའི་འབབ་རྒྱུད་ལ་འབྲེལ་བ་ཡོད་པ་ཤ་སྟག་སྟེ།    ས་བབ་ཀྱི་དབང་དུ་བཤད་ན།   སྐད་གྲགས་ཡོད་པའི་གནའ་བོའི་ཤེས་རིག་དར་སའི་ཡུལ་གྲུ་རྒྱ་གར་དང་།   ཞི་ལཱ།   ཨེ་ཅིབ་སོགས་གང་ཡང་ཨ་ཤེ་ཡ་དང་།    ཡོ་རོབ།   ཨ་ཧྥེ་རི་ཁ་སྟེ་སྐམ་ས་ཆེན་པོ་ཁོ་ནར་གནས་པ་དང་།    ཆུ་རྒྱུད་ཀྱི་དབང་དུ་བཤད་ན།   ཧིན་རྡུ་ཆུ་བོའི་འབབ་རྒྱུད་ཀྱི་རིག་གནས་ཏེ་རྒྱ་གར་གྱི་དཔལ་ཡོན་དང་།   ས་དབུས་རྒྱ་མཚོའི་ཆུ་རྒྱུད་ཀྱི་རིག་གནས་ཏེ་ཞི་ལཱའི་དཔལ་ཡོན།    ཉེའུ་རོ་ཆུ་བོའི་འབབ་རྒྱུད་ཀྱི་རིག་གནས་ཏེ་ཨེ་ཅིབ་ཀྱི་དཔལ་ཡོན་ཅེས་ཡོངས་སུ་གྲགས་པ་དང་།    དེ་བཞིན་རང་རེའི་བོད་ཡུལ་འདིའང་ས་བབ་ཀྱི་སྒོ་ནས་འཛམ་གླིང་གི་སྐམ་ས་ཆེན་པོ་ཡོངས་ཀྱི་དབུས་འགྱུར་ཨ་ཤེ་ཡའི་གླིང་དཀྱིལ་དུ་གནས་པ་མ་ཟད།     “རྒྱལ་ཁམས་གཞན་པ་དུ་མ་དང་འདབས་འབྲེལ་བར་ཡོད་པས་ས་ཚིགས་ཀྱི་དབང་དུ་བྱས་ན་བོད་འདི་འཛམ་གླིང་གི་ལྟེ་བ་ཡིན་ཞིང་།” (ཚེ་ཏན་ཞབས་དྲུང་གིས་མཛད་པའི་བོད་གངས་ཅན་གྱི་སྒྲ་རིག་པའི་བསྟན་བཅོས་ལས་གསལ།  མཚོ་སྔོན་མི་རིགས་དཔེ་སྐྲུན་ཁང་།)ཆུ་རྒྱུད་ཀྱི་ཐད་ནས་ཡར་ཀླུང་གཙང་པོའི་འབབ་ཡུལ་དུ་གྱུར་པའི་ཡར་ཀླུང་ས་ཆ་ནི་ཡོངས་གྲགས་བོད་ཀྱི་ལོ་རྒྱུས་ལྟར་ན།   མི་ལ་སྔ་བ་དང་།   རྒྱལ་པོ་ལ་སྔ་བ།   ཕོ་བྲང་ལ་སྔ་བ།   ཞིང་ལས་ལ་སྔ་བ། མཁས་པ་ལ་སྔ་བ་ཞེས་ལོ་རྒྱུས་དར་སྔ་བའི་ས་ཆ་ཞིག་ཏུ་གྱུར་ཡོད་པས།   ཡར་ཀླུང་ས་ཁུལ་གྱི་རིག་གནས་གཞི་རྐང་བྱས་པའི་གནའ་བོའི་བོད་ཀྱི་དཔལ་ཡོན་དེ་ལ་ཡར་ཀླུང་གཙང་བོའི་འབབ་རྒྱུད་ཀྱི་རིག་གནས་(雅鲁藏布江流域文明)ཞེས་པའི་མིང་གིས་བསྙད་ཀྱང་མི་འཚམ་པ་ཅི་ཡང་མེད་དེ།   མིག་སྔར་ཀྲུང་གོ་ཚན་རིག་ཉེན་ཞིབ་ཚོགས་པས་ཀྱང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་གསར་རྟོགས་ཀྱི་སྙན་ཞུའི་ནང་།   ཡར་ཀླུང་གཙང་པོའི་འབབ་ཡུལ་གྱིས་བོད་ཁམས་དང་།   བོད་མི།   བོད་ཀྱི་ཤེས་རིག་བཅས་ལེགས་བསྐྲུན་མཛད་ཡོད་པར་གསུངས་པ་ནི་ལེགས་བཤད་དུ་འཁུམས་སོ། །
          དེ་ལྟར་བོད་ཀྱི་ས་བབ་གནས་སྟངས་དང་ཆུ་བོའི་འབབ་རྒྱུད་འདི་བཞིན་གནའ་བོའི་ཤེས་རིག་དཔལ་ཡོན་དར་བའི་ཆ་རྐྱེན་ངེས་ཅན་ཞིག་ཏུ་གྱུར་ཡོད་པས།    རང་རེའི་ཡབ་མེས་རྣམས་ཀྱིས་ཡར་རླུང་གཙང་པོའི་འབབ་རྒྱུད་དུ་རང་གི་ངལ་རྩོལ་ལ་བརྟེན་ནས་གནའ་བོའི་ཤེས་རིག་དཔལ་ཡོན་གསར་བསྐྲུན་བགྱིས་སྔ་བ་དང་།   དུས་མཚུངས་སུ་ཕྱི་བཅོས་ལག་ཐབས་སོགས་ཀྱིས་མཚོན་པའི་སྨན་བཅོས་ཤེས་བྱའང་སྔ་ས་ནས་གསར་སྐྲུན་དང་།  གསོག་འཇོག    རྒྱུད་སྤེལ་བཅས་བྱས་ཡོད་པར་གདོན་མི་ཟ།
          ༣.བོད་དུ་བཙལ་རྙེད་བྱུང་བའི་རྡོ་ཆས་གསར་རྙིང་གི་རིག་རྫས་དུ་མའི་སྒོ་ནས་བཤད་པ།
          བོད་དུ་མིག་སྔར་བཙལ་རྙེད་བྱུང་བའི་གནའ་རྫས་ལས་མིའི་རིགས་བྱུང་བའི་ལོ་རྒྱུས་ལ་ཡང་དག་པའི་སྡོམ་ཚིག་ཅིག་འཇོག་དཀའ་ནའང་།   བོད་ལྗོངས་ཀྱི་དིང་རི་དང་།   ཤན་རྩ།   རུ་ཐོག    པུ་རངས།   མཚོ་སྔོན་གྱི་ཡུལ་ཤུལ་དང་།   གོར་མོ།    གུང་ཧོ་སོགས་སུ་གསར་རྙེད་བྱུང་བའི་རྡོ་ཆས་རྙིང་པ་ཁག་ལ་དཔྱད་ཞིབ་བྱས་པ་ལྟར་ན།   དེ་དག་སྲོལ་རྒྱུན་རིག་གནས་གཅིག་གི་ཁོངས་སུ་བྱུང་བའི་རྡོ་ཆས་རྙིང་པ་ཡིན་ཞིང་དེང་བར་མི་ལོ་ལྔ་ཁྲི་ཙམ་སོང་ཡོད་པ་གཏན་འཁེལ་བྱུང་སྟབས།    རང་རེའི་མེས་པོ་གོང་མ་རྣམས་ཀྱིས་མི་ལོ་ཁྲི་ཚོ་ལྔ་ཙམ་གྱིས་ཡས་མས་ནས་མདོ་དབུས་མཐོ་སྒང་སྟེང་དུ་འཚོ་གནས་དང་ངལ་རྩོལ་བྱེད་བཞིན་པར་བདེན་དཔང་བཙན་པོ་ཐོབ་པ་རེད།  
          ཉེ་བའི་ལོ་འགའི་རིང་།   ཀན་སུའུ་དང་མཚོ་སྔོན་གཉིས་འབྲེལ་མཚམས་ཀྱི་མ་ཅ་ཡོའི་གནའ་ཤུལ་དང་།   མཚོ་སྔོན་གྱི་ལྕང་ར།   བོད་ལྗོངས་ཀྱི་ཉིང་ཁྲི་དང་།    མེ་ཏོག   ལྷ་ས།   ལྷུན་གྲུབ།   སྣེ་གདོང་།   མངའ་རིས།   ཆབ་མདོ་སོགས་རྡོ་ཆས་གསར་བའི་རིག་རྫས་ཅུང་མང་དུ་རྙེད་པ་དང་།   མིག་སྔར་བརྟག་ཞིབ་ཀྱི་འབྲས་བུ་ལྟར་ན་དེ་དག་ཕལ་ཆེ་བར་མི་ལོ་ལྔ་སྟོང་ཡས་མས་ཀྱི་ལོ་རྒྱུས་ལྡན་ཞིང་སྲོལ་རྒྱུན་རིག་གནས་གཅིག་གི་ཁོངས་སུ་བྱུང་བའི་རྡོ་ཆས་ཡིན་པ་གསལ་ལ།    དུས་དེར་རུས་རྒྱུད་ཚོ་བར་སླེབས་ཤིང་ཞིང་ལས་ཐོན་སྐྱེད་བྱུང་ཡོད་ཚུལ་ཡང་ར་གསལ་པོ་འཕྲོད་དེ།   དཔེར་ན་ཆབ་མདོ་མཁར་རོའི་གནའ་ཤུལ་གྱི་ས་འོག་ཏུ་འབྲུ་རིགས་སོ་བ་དང་།  མ་རྨོས་ལོ་ཏོག   ཕུང་ཐལ་སོགས་རྙེད་པ་དང་།   “ལྷ་སའི་ཆུ་གོང་གནའ་ཤུལ་ནི་ཡི་གེ་མ་བྱུང་སྔོན་གྱི་མཐོ་སྒང་གི་ཞིང་རྨོ་རིག་གནས་ཤིག་ཡིན་པ་” (公元10世纪以前吐蕃医学史研究(摘要)漾正冈布著,油印本)སོགས་ཀྱིས་མཚོན་ནོ།   ང་ཚོས་རྡོ་ཆས་གསར་པ་སྤྱོད་པའི་གནའ་ཤུལ་ལས་ཐོན་པའི་ཁང་ཤུལ་དང་།  ཐབ་ཀ   ཐལ་སྒམ།   རུས་ཁབ།   རྫ་ཆས་དང་བྲག་བརྐོས་ཞབས་བྲོའི་རི་མོ་སོགས་ལ་ཅུང་ཟད་དཔྱད་ཚེ།   རང་རེའི་ཡང་མེས་རྣམས་ཀྱིས་ལོ་ལྔ་སྟོང་ལྷག་གི་གོང་ནས་ཁང་ཁྱིམ་བསྐྲུན་པ་དང་།    ཟས་སྐོམ་གཡོས་སྦྱོར་བྱེད་པ།   རྒྱན་གོས་བཀླུབས་ཤིང་ཞབས་བྲོ་འཁྲབ་པ་སོགས་ལ་བརྟེན་ནས་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་ཐོག་ལུས་ཁམས་འཕྲོད་བསྟེན་བདེ་སྲུང་གི་བྱ་བཞག་ལ་འབྲས་བུ་ཆེན་པོ་ཐོབ་ཡོད་པ་ཤེས་ཐུབ། འཛམ་གླིང་གི་གནའ་རབས་ཤེས་རིག་ཅེས་པར།   ཀླད་རུས་གཤགས་བཅོས་བྱས་མྱོང་པའི་མགོ་རུས་ནི་གནའ་བོའི་རླབས་ཆེན་གྱི་ཤེས་རིག་དར་སའི་བང་སོ་གནའ་ཤུལ་ལས་ད་ལྟ་མང་དུ་རྙེད་དོ།   ཞེས་གསུངས་པ་ལྟར།   བོད་རང་ལ་ཀླད་རུས་ཕྱེས་ནས་ཀླད་སྲིན་དང་རྣག་ཐུམ་སྐྲན་རིགས་ལེན་པའི་གཏམ་རྒྱུད་དང་སྨན་པ་མཁས་པས་ཀླད་རུས་ཕུག་པའི་ལོ་རྒྱུས་སོགས་སྔོན་གྱི་རྣམ་ཐར་ཡིག་ཚང་ནང་མང་དུ་མཐོང་པ་དང་།   ཉེ་ཆར་མཚོ་སྔོན་ལྕང་རའི་བང་སོའི་ཚོགས་ལས་རྙེད་པའི་མགོ་རུས་གསུམ་གྱི་སྟེང་དུ་ཆེ་ཆུང་མཉམ་པའི་བུ་ག་སྒོར་དབྱིབས་ཅན་ཡོད་ལ།    གནའ་རྫས་བརྟག་ཞིབ་ཀྱི་རིག་ལམ་སྤྱད་ནས་དབྱེ་ཞིབ་བྱས་པ་ལྟར་ན་མགོ་རུས་དེ་གསུམ་ག་རྡོ་ཆས་གསར་པ་སྤྱོད་པའི་དུས་རབས་ཏེ་ད་ལྟའི་དབར་ལོ་ངོ་ལྔ་སྟོང་ལྷག་འདས་པར་བཞེད་ཅིང་།   ཀླད་རུས་བུ་གའི་མཐའ་འཁོར་དུ་རུས་གསར་སྐྱེས་ཡོད་པར་གཞིགས་ན།  ལག་ཐབས་འདི་སྦྱོར་སྐབས་ནད་པའི་སྲོག་བཏང་མེད་ཅིང་གཤགས་བཅོས་ལེགས་འགྲུབ་བྱུང་བ་མཚོན་པར་སྨྲ།    དེ་བས་གངས་ཅན་ལྗོངས་འདིར་མི་ལོ་ལྔ་སྟོང་ལྷག་སྔོན་གྱི་རྡོ་ཆས་གསར་པ་སྤྱོད་པའི་དུས་རབས་སུ་སྨན་དཔྱད་རིག་པའི་ལག་རྩལ་སྤྱིར་བཏང་ཙམ་མ་ཡིན་པར་ཀླད་རུས་གཤགས་འབྱེད་བྱེད་པའི་ཆུ་ཚད་མཐོ་པོར་སླེབས་ཡོད་པར་དོན་དངོས་ར་སྤྲོད་བྱུང་བ་མ་ཟད།   སྔ་མོ་ནས་པུར་རྒྱལ་བོད་ཀྱི་ཤེས་རིག་སྤྱི་དང་སྒོས་སུ་གསོ་དཔྱད་ལག་རྩལ་དར་རྒྱས་ཆེན་པོ་བྱུང་ཡོད་པ་ནི་དཔལ་ལྡན་རྒྱུད་བཞིའི་མཚོན་རྨ་གསོ་བའི་ནང་དོན་དང་ད་ལྟ་ང་ཚོའི་མིག་ལ་མཇལ་དུ་ཡོད་པའི་སྲོལ་རྒྱུན་གྱི་ཆ་བྱད་དག་གི་སྟེང་ནས་ཀྱང་དཔག་ནུས།
          ༤. བོད་ཀྱི་གནའ་བོའི་ལོ་རྒྱུས་སུ་བྱུང་མྱོང་བའི་“ལམ་ག”གཉིས་ཀྱི་སྒོ་ནས་བཤད་པ།
          ཀུན་གྱིས་མཁྱེན་གསལ་ལྟར།    ཤེས་རིག་གི་དར་སྤེལ་དང་།    མི་རིགས་ཀྱི་གནས་སྤོར།   དམག་དོན།   ཕྱི་འབྲེལ་སོགས་གང་ཡིན་ཡང་འགྲིམ་ལམ་དང་རག་མི་ལས་པ་གཅིག་ཀྱང་མེད།    དེ་སྔ་གནའ་བོའི་ཤར་ནུབ་རྒྱལ་ཁབ་ཁག་བར་གྱི་འགྲུལ་འགྲིམ་གླེང་སྐབས་སུ་སྤྱིར་བཏང་དུ་རྒྱ་ནག་གི་དར་ཟབ་འགྲིམ་ལམ་(丝绸之路)གཅིག་པུ་མ་གཏོགས་བགྲང་སྲོལ་མེད་པ་དང་།    དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་མཇུག་ཏུ་རང་རྒྱལ་གྱི་རྒྱ་རིགས་མཁས་དབང་ཁ་ཅིག་གིས།    མཚོ་བོད་མཐོ་སྒང་བརྒྱུད་ནས་གནའ་བོའི་ཤར་ནུབ་རྒྱལ་ཁབ་ཁག་བར་འགྲོ་འོང་བྱེད་སའི་ལམ་ག་ཞིག་ཡོད་པ་སྟེ།    དེ་ནི་གླ་རྩི་འགྲིམ་ལམ་(麝香之路)ཞེས་བོད་ཀྱི་གླ་རྩི་གཙོ་བོ་བྱས་པའི་རྒྱ་ནག་གི་དར་གོས་སྐྱེལ་འདྲེན་བྱེད་སའི་ཚོང་ལམ་ཞིག་ཡིན་པ་དང་།    དམག་དོན་དང་།    ཕྱི་འབྲེལ།    ཆོས་ལུགས་དར་སྤེལ་བཅས་ཀྱི་ལམ་ག་ཞིག་ཏུའང་གྱུར་ཡོད་ངེས་ལ།    ལམ་ག་དེ་བྱུང་བའི་ལོ་ཚིགས་ནི་སྤྱི་ལོ་དུས་རབས་བདུན་པའི་སྔོན་ཡིན་པ་སོགས་བོད་ལྗོངས་སྐྱིད་རོང་རྫོང་གི་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་ཡི་གེར་གཞི་བཅོལ་ནས་གསུངས་ཡོད།  གནའ་རྫས་རྟོག་ཞིབ་མཁས་པས་བོད་དང་ས་གནས་གཞན་པའི་རྡོ་ཆས་གསར་རྙིང་གི་གནས་དབར་གཤིབ་བསྡུར་བྱས་པ་བརྒྱུད་ནས་ཕན་ཚུན་འདྲ་མཚུངས་ཡོད་ཚུལ་ཞིག་རྟོགས་ཡོད་པ་སྟེ།    དཔེར་ན་མཚོ་སྔོན་ལྕང་ར་ནས་རྙེད་པའི་ཀླད་རུས་གཤག་བཅོས་ཀྱི་མགོ་རུས་དང་ཡོ་རོབ་གླིང་ཆེན་ས་ཁུལ་ནས་ཐོན་པའི་མགོ་རུས་གཤགས་འབྱེད་གཉིས་ཁྱད་ཆོས་གཅིག་པ།    ཆབ་མདོ་མཁར་རོའི་གནའ་ཤུལ་ལས་བྱུང་བའི་རིག་རྫས་ཁག་ཅིག་ནི་མི་ལོ་ཆིག་ཁྲི་ལྷག་གི་ལོ་རྒྱུས་ལྡན་པའི་དབྱི་ལིང་གི་རྡོ་ཆས་ཁག་དང་འབྲེལ་བ་ཟབ་པ་ལྟ་བུ་སོགས་ལས།    བོད་ཡུལ་འདི་ཆེས་གནའ་སྔ་མོའི་དུས་ནས་བཟུང་ཨ་ཤེ་ཡ་ཤར་མ་དང་།    ལྷོ་མ།   དཀྱིལ་མ་བཅས་དང་།    ཐ་ན་ཨ་ཤེ་ཡ་ནུབ་མ་དང་གླིང་ཆེན་ཡོ་རོབ།    ཨ་ཧྥེ་རི་ཁ་བྱང་མ་སོགས་དང་ཡང་རིག་གནས་བརྗེ་རེས་བྱས་མྱོང་པར་རིག་པས་བདེན་དཔང་སྤྲད་ཡོད་པ་དང་།    དེ་མིན་མདོ་དབུས་མཐོ་སྒང་གི་ས་བབ་གནས་སྟངས་ཀྱི་ཐད་ནས་འཛམ་གླིང་གི་སྐམ་ས་ཆེན་པོའི་ལྟེ་བར་གྱུར་ཡོད་པ་སོགས་ཀྱི་རྒྱུ་མཚན་ལས།    བོད་ཡུལ་འདི་རྡོ་ཆས་གསར་རྙིང་སྤྱོད་པའི་དུས་རབས་ནས་པུར་རྒྱལ་བཙན་པོའི་རྒྱལ་རབས་བར་དུ་གནའ་བོའི་ཤར་ནུབ་ས་ཁུལ་འབྲེལ་བྱེད་ཀྱི་ལམ་ག་ཞིག་ཏུ་དོན་དངོས་ཀྱི་སྟེང་ནས་གྲུབ་པ་ལ།   དེང་གི་མཁས་དབང་ལ་ལས་མཐོ་སྒང་འགྲིམ་ལམ་(高原之路)ཞེས་མིང་གིས་བོས་པ་ནི་ངེས་ངེས་དོན་དང་མཐུན་སྙམ།
          དེ་ལས་ང་ཚོས་ཅུང་སླ་མོར་ཤེས་པ་ནི།    བོད་ཁམས་འདི་ཕྱི་ནང་རྒྱུ་རྐྱེན་དུ་མའི་དབང་གིས་ཉེ་རབས་ལོ་རྒྱུས་སུ་གཞན་དང་འབྲེལ་འདྲིས་ཉུང་བ་མ་གཏོགས།   གནའ་བོའི་དུས་སུ་གླ་རྩི་འགྲིམ་ལམ་དང་མཐོ་སྒང་འགྲིམ་ལམ་གཉིས་ཀྱི་ཕྱི་ཕྱོགས་ལ་འབྲེལ་འདྲིས་ཟབ་ཅིང་རིག་གནས་ཕར་སྤྲོད་ཚུར་སྡུད་ཀྱི་ལྟེ་གནས་ཞིག་ཏུ་གྱུར་ཡོད་པ་ནི།    སྤྱི་ལོ་དུས་རབས་དགུ་པའི་སྔོན་ལ་བོད་དུ་གྲགས་ཆེ་བའི་གསོ་དཔྱད་སྨྲ་བའི་ལུགས་བཅུ་ཕྲག་ལྷག་ཅིག་དར་ཡོད་པ་དེས་ཀྱང་ཤེས་ཐུབ་ལ།    དུས་དེར་ཞང་ཞུང་གི་ལུགས་དང་།    སྤུ་རྒྱལ་གྱི་ལུགས།   གཡུང་དྲུང་བོན་གྱི་ལུགས།    མི་ཉག་གི་ལུགས།    དོལ་པོའི་ལུགས།    འ་ཞ་ཧོར་གྱི་ལུགས།    མོན་གྱི་ལུགས།    རྒྱ་གར་གྱི་ལུགས།    ཚངས་པ་ལྷའི་ལུགས།    འཕགས་པ་བྱང་ཆུབ་སེམས་དཔའི་ལུགས།    དྲང་སྲོང་གི་ལུགས།    ཐགས་བཟང་ལྷ་མ་ཡིན་གྱི་ལུགས།    ཕྱི་པའི་ལུགས།   ནང་པའི་ལུགས།   རྒྱ་ནག་གི་ལུགས།    བལ་པོའི་ལུགས།    ཁ་ཆེའི་ལུགས།    སོག་པོའི་ལུགས།    གར་ལོག་གི་ལུགས།    ཏ་ཟིག་གི་ལུགས།    ཁྲོམ་གྱི་ལུགས། (希腊学学派)ཟ་ཧོར་གྱི་ལུགས།    གེ་སེར་གྱི་ལུགས།(罗马拜占庭学派)ཨོ་རྒྱན་གྱི་ལུགས།    དྲུ་གུའི་ལུགས།    ལི་ཡུལ་གྱི་ལུགས་སོགས་(公元10世纪以前吐蕃医学史研究(摘要)漾正冈布著,油印本)གསོ་དཔྱད་ཀྱི་རིང་ལུགས་མི་འདྲ་བ་སུམ་ཅུར་ཉེ་བ་ཙམ་ཞིག་ས་གནས་ཁག་གཅིག་ཏུ་དར་ཡོད་པ་དེ་འདྲ་ནི་འཛམ་གླིང་གི་གསོ་རིག་ལོ་རྒྱུས་གང་དུའང་དཀོན་པ་དང་།    དེས་སྐབས་དེར་བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་མཁས་བརྒྱ་འགྲན་གླེང་གི་རྣམ་པ་རྒྱ་ཆེན་པོ་ཞིག་ཆགས་ཡོད་པའང་གསལ་པོར་བསྟན་ནོ། །
གཉིས་པ།    གསོ་དཔྱད་གཞུང་ལུགས་ཇི་ལྟར་བྱུང་བའི་སྐོར།
          ༡.གནའ་བོའི་ཞང་བོད་གསོ་དཔྱད་ཀྱི་སྤྱིའི་གནས་བབ།
          ང་ཚོས་དེབ་ཐེར་དམར་པོ་དང་ཞང་བོད་དཔྱད་ཡིག་སྐོར་གྱི་ལོ་རྒྱུས་ཡིག་ཚང་དག་ལ་མཇལ་དུས།    བོད་དུ་གཉའ་ཁྲི་བཙན་པོ་མ་བྱོན་གོང་ནས་རྒྱལ་ཕྲན་ཉི་ཤུ་རྩ་ལྔ་དང་།   རྒྱལ་ཕྲན་བཅུ་གཅིག    ཞང་ཞུང་གྲགས་ལྡན་གྱི་རྒྱལ་རབས་བཅོ་བརྒྱད་སོགས་བྱུང་ཡོད་པ་གསལ་པོར་མཐོང་ཐུབ་པ་དང་།    དེ་ལས་བོད་སྤྱི་ཚོགས་ཀྱི་རྣམ་པ་ཅུང་སྔ་མོའི་དུས་ནས་རུས་རྒྱུད་ཚོ་པ་ལས་བརྒལ་ཏེ་བྲན་གཡོག་ལམ་ལུགས་སུ་སླེབས་ཡོད་པ་གསལ་ཤིང་སྤྱི་ཚོགས་ཀྱི་ཐོན་སྐྱེད་སྟོབས་ཤུགས་ཆེས་ཆེར་འཕེལ་རྒྱས་སུ་ཕྱིན་ཏེ་དཔལ་ཡོན་དར་བའི་མཚོན་རྟགས་གཙོ་བོའམ་བསླབ་པ་ཀུན་གྱི་གཞིར་གྱུར་པའི་ཞང་བོད་ཀྱི་ཡི་གེ་བྱུང་ཡོད་པ་གཞིར་བྱས།   སྨན་རྩིས་སོགས་སྔ་རབས་བོད་ཀྱི་ཤེས་རིག་ཅུང་འཕེལ་རྒྱས་སུ་སོང་ཡོད་པ་ནི་སོམ་ཉི་མ་དགོས་ཏེ།    ཅིའི་ཕྱིར་ན།    སྤྱིར་བྲན་གཡོག་ལམ་ལུགས་ལ་སླེབས་པ་ནི་མིའི་རིགས་ལོ་རྒྱུས་འཕེལ་རྒྱས་ཀྱི་ལམ་ཚད་ངེས་ཅན་ཞིག་ལ་སླེབས་ཡོད་པའི་རྟགས་ཡིན་པ་དང་།    དུས་དེར་ཚན་རིག་རིག་གནས་ཀྱིས་མཚོན་པའི་སྤྱི་ཚོགས་དང་དཔལ་འབྱོར་འཚོ་བ་བཅས་གོང་འཕེལ་དུ་འགྲོ་བའི་སྒུལ་ཤུགས་ཆེན་པོ་སྟེ་ཐོན་སྐྱེད་སྟོབས་ཤུགས་ཀྱང་རང་ཤུགས་ངང་མཐོར་འདེགས་སུ་སོང་ཡོད་པས་ན།    འཛམ་གླིང་གི་ཤེས་རིག་དར་སྔ་བའི་མི་རིགས་ཤིག་ཡིན་ཚེ།    རིགས་པའི་གཞུང་ལུགས་ཀྱི་ཤེས་བྱ་ཕྱོགས་བསྡོམས་དང་རྒྱུད་སྤེལ་བྱེད་པའི་ཡོ་བྱད་དུ་གྱུར་པའི་ཡི་གེའང་བྱུང་ཡོད་ངེས་པ་ནི་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཐུན་མོང་གི་ཆོས་ཉིད་ཉག་གཅིག་ཡིན་པས་སོ།
          ཏུན་ཧོང་བྲག་ཕུག་ནས་རྙེད་པའི་བོད་ཀྱི་སྨན་བཅོས་ཤོག་དྲིལ་གྱི་མཇུག་བྱང་དུ།    དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དེ།     ཞང་ཞུང་གི་དཔྱད་ཕུགས་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ།   ཞེས་གསུངས་པ་དང་།    ཤེས་བྱ་སྤྱིའི་ཁོག་འབུགས་ལས།    ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ་བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་ལ།   ཞེས་དང་།    ཕོ་བྲང་དམར་པོ་ན་བཞུགས་པའི་གསོ་རིག་གི་བྱུང་བ་སྲོང་པོར་བརྗོད་པའི་གཏམ་དྲང་སྲོང་སྲིད་སྒྲུབ་ཀྱི་མདའ་ལས།   སྔ་རབས་པ་འགས་བྱས་པ་ཡི།    གསོ་དཔྱད་བྱུང་བ་བརྗོད་པའི་སྐབས།    བོད་ཡུལ་གསོ་དཔྱད་བསྟན་པའི་དབུ།    ཐོ་རིའི་སྐུ་དུས་བརྙེས་ཞེས་བརྗོད།    དེ་ནི་མ་བརྟག་གཏམ་ཡིན་ཏེ།    ཆོས་རྒྱལ་འདིའི་རིང་རྒྱ་གར་ནས།   བི་བྱི་བི་ལྷ་གཉིས་བྱོན་ཏེ།    འཕགས་ཡུལ་གསོ་དཔྱད་བོད་ཡུལ་དུ།    སྤེལ་བའི་ཐོག་མར་དབུ་བརྙེས་ལས།    འདི་དུས་བོད་ཀྱི་གསོ་དཔྱད་དབུ།    བརྙེས་པར་བརྗོད་ན་མངོན་སུམ་འགལ།   གངས་ཅན་བོད་ཀྱི་གསོ་དཔྱད་ནི།    གཉའ་ཁྲི་བོད་རྗེར་མ་བྱོན་གོང་།    སྟོན་པ་གཤེན་རབ་མི་བོ་ཆེ།    ཞང་ཞུང་འོལ་མོ་ལུང་རིང་བལྟམས།    དཔྱད་སྡེ་ཉི་ཁྲི་ཆིག་སྟོང་མཛད།    དཔྱད་བུ་ཁྲི་ཤེས་ལ་སོགས་པའི།    རྗེས་འཇུག་མཁས་པ་མང་བསྐྱངས་ནས།    བོད་ཡུལ་གསོ་དཔྱད་བསྟན་སྤེལ་ཞེས།    གཡུང་དྲུང་བོན་ལ་རླུང་ལྟར་གྲགས།    དེས་ན་བོད་ཀྱི་གསོ་དཔྱད་དབུ།    གཡུང་དྲུང་བོན་གྱི་དུས་སུ་བརྙེས།    ཞེས་དང་།    ཐུའུ་བཀྭན་གྲུབ་མཐའ་ལས།   བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད།    འཆར་བའི་ལམ་ཡངས་འཆའ་བར་གཤེན་ལུགས་ཀྱི།    སྐྱ་རེངས་ཕོ་ཉ་སྔོན་དུ་འོང་པ་ལ།    བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང་།   ཞེས་བོན་ཆོས་གཙོས་བོན་པོའི་རིག་གནས་སྤྱི་ལ་ལོ་རྒྱུས་ཡུན་རིང་ལྡན་ཚུལ་ངང་གིས་བསྟན་པ་བཅས་མ་ཧཱ་པཎ་ཏྲི་ཏ་ཆེན་པོ་སྟག་ཚང་ལོ་ཙཱ་བ་ཤེས་རབ་རིན་ཆེན་དང་།   མཁས་པའི་དབང་པོ་ཟུར་མཁས་བློ་གྲོས་རྒྱལ་པོ།    ཐུའུ་བཀྭན་བློ་བཟང་ཆོས་ཀྱི་ཉི་མ།    དེ་བཞིན་དེའུ་དམར་པཎ་ཆེན་བསྟན་འཛིན་ཕུན་ཚོགས་སོགས་སྔར་བྱོན་གྱི་བློ་གཟུ་བོར་གནས་པའི་སྐྱེས་ཆེན་དག་གིས་བོད་ཀྱི་སྨན་རྩིས་རིག་གནས་གཙོ་བྱས་པའི་ཤེས་རིག་ལོ་རྒྱུས་ཀྱི་ཕུགས་དེ་གཡུང་དྲུང་བོན་ལ་གཏུགས་ཡོད་ཅིང་།    གནའ་བོའི་ཞང་བོད་ས་ཆ་ནི་ཤེས་རིག་དཔལ་ཡོད་དར་སྔ་བའི་ཡུལ་གྲུ་ཞིག་ཏུ་ངོས་འཛིན་མཛད་གནང་འདུག་ལ།   དེ་མཚུངས་སློབ་དཔོན་བྱམས་པ་འཕྲིན་ལས་མཆོག་གི་ཞལ་སྔ་ནས།   ཞང་ཞུང་གི་ཡུལ་ནི་སྔ་རབས་པུར་རྒྱལ་བོད་ཀྱི་རྒྱལ་རབས་མང་པོའི་བར་བོན་གྱི་བསྟན་པ་དར་ཡུལ་གཙོ་བོ་ཡིན་པས་སྨན་དཔྱད་སྐོར་ནས་བཤད་ནའང་ལོ་རྒྱུས་ཀྱི་ཁུངས་སྔ་ཤོས་དེ་ཞང་ཞུང་རང་ལ་ཐུག་ཡོད་པ་དོན་དངོས་ཐོག་ནས་གསལ་བཤད་བྱས་འདུག(《敦煌本吐蕃医学文献精要》民族出版社2002年9月第一版。P127)ཅེས་དང་།    དགེ་རྒན་ཆེན་མོ་གོ་འཇོ་དབང་འདུས་ལགས་ཀྱིས།    བོད་ཀྱི་བཙན་པོའི་རྒྱལ་རབས་དང་པོ་གཉའ་ཁྲི་བཙན་པོ་རྒྱལ་པོར་མངའ་གསོལ་སྐབས་གདན་འདྲེན་ཞུ་མཁན་བོན་ཤེས་པ་ཅན་བཅུ་གཉིས་ཀྱི་ནང་དུ།    ཕན་ཤེས་སྨན་དཔྱད་ཀྱི་བོན།   ཞེས་བཀོད་ཡོད་པར་གཞིགས་ན་སྐབས་དེ་དུས་ནས་བོད་སྨན་གསོ་དཔྱད་ཀྱི་བྱ་བ་བྱེད་མཁན་ཆེད་ལས་མཁས་པ་ཡོད་པ་བཅས་ངེས་ཤེས་རྙེད་པའི་གཏན་ཚིགས་དེ་དག་གི་ཐོག་ནས་བོད་ཀྱི་སྨན་དང་དཔྱད་ཀྱི་ཁུངས་ནི་བོད་ཡུལ་གྱི་ཞང་ཞུང་ནས་དར་བ་དང་།    དུས་བོད་མི་སྟོན་པ་གཤེན་རབ་ཀྱི་སྐུ་དུས་སུ་དར་བ་ལུང་རིགས་ཚད་མས་གྲུབ་པོ།    (མཚོ་སྔོན་དགེ་ཐོན་སློབ་ཆེན་མི་རིགས་དགེ་ཐོན་སློབ་གླིང་གི་རིག་དེབ།   2004ལོའི་དེབ་2པ།།P4)ཞེས་དང་།  གཞན་ཡང་གནས་ལྔའི་དབང་ཕྱུག་མཁན་ཆེན་ཁྲོ་རུ་ཚེ་རྣམ་དང་།   དགེ་རྒན་ཆེན་མོ་བསམ་གཏན་ལོ་རྒྱུས་སྨྲ་བ་ནམ་མཁའི་ནོར་བུ།    ཚལ་ཅིན་ཧྥུན།    གཡུང་དྲུང་སྒམ་པོ།   ཐུབ་བསྟན་ཕུན་ཚོགས།    ལིས་ཏེ་སོགས་ཀྱིས་ཀྱང་བོད་ཀྱི་གསོ་བ་རིག་པའི་ཐོག་མའི་འབྱུང་ཁུངས་ནི་གནའ་རབས་ཞང་ཞུང་དང་སྐབས་དེའི་ཞང་བོད་ས་ཆ་ནི་ཤེས་རིག་དཔལ་ཡོན་ངེས་ཅན་དར་ཡོད་པའི་ཡུལ་ཁམས་ཞིག་ཏུ་སྨྲ་བ་ནི་ཕལ་ཆེར་ཞལ་བཞེད་གཅིག་པ་དང་།    དེ་མིན་ཞང་ཞུང་བོན་གྱི་གནའ་བོའི་རིག་གནས་ཀྱི་མཚོན་རྟགས་གཙོ་བོ་ཞིག་སྟེ་གཡུང་དྲུང་རི་མོ་འདི་ལ་མཚོན་ན།   ཆུ་བོ་གཉིས་འགྲམ་གྱི་རིག་གནས་དར་ཡུལ་ཨ་ཤེ་ཡ་ནུབ་མ་དང་།    མེ་གླིང་།    ཞི་ལཱ།   རྒྱ་གར་ཆུ་བོའི་འབབ་རྒྱུད།    རང་རྒྱལ་གྱི་ཁྲུང་ཆིན་དང་ཁྲི་འདུའི་རྒྱུད་སོགས་སུ་སྔ་མོ་ནས་མཐོང་རྒྱུ་ཡོད་པ་དག་གིས་ཀྱང་ཞང་བོད་འདི་བཞིན་ཕྱི་ཕྱོགས་མི་རིགས་ཁག་དབར་རིག་གནས་བརྗེ་རེས་བྱས་མྱོང་བ་གསལ་ལོ།
          དེ་ལྟར་གནའ་དེང་ཕྱི་ནང་གི་མཁས་པ་མང་པོ་ཞིག་གིས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ཚན་རིག་གི་ལྟ་བ་བེད་སྤྱད་ནས་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་གནའ་རབས་ཞང་བོད་ཀྱི་ས་ཆ་ཡིན་པར་བདེན་དཔང་མཛད་པ་དག་ལས།    དེང་གི་གནའ་རྫས་རྟོག་ཞིབ་མཁས་པས་མིག་སྔར་ཞང་ཞུང་གནའ་རྫས་རིག་གནས་ཀྱི་རྒྱུ་ཆ་དངོས་སུ་བཙལ་རྙེད་མ་བྱུང་ཡང་།    གནའ་བོའི་ཞང་བོད་ཀྱི་དུས་དེར་ཡི་གེའི་ལམ་ནས་འཁོད་པའི་བོད་ཀྱི་གསོ་དཔྱད་རིག་པ་དང་རིགས་པའི་གཞུང་ལུགས་ཐད་ཀྱི་ཤེས་བྱའི་བསྟན་བཅོས་བྱུང་ཡོད་པ་ནི་འུ་ཅག་དཔྱོད་ལྡན་རྣམས་ཀྱིས་ཞིབ་གཞིགས་གནང་ཚེ་ཤེས་སླའོ། །
          ༢.གསོ་དཔྱད་གཞུང་ལུགས་གང་ཡོད་དང་སྨན་དཔྱད་མི་སྣ་སུ་ཡིན་སྐོར།
          མིག་སྔའི་ང་ཚོའི་ལག་སོན་གྱི་དཔྱད་ཡིག་ལྟར་ན།    གནའ་རབས་ཞང་བོད་ཀྱི་ཤེས་རིག་དར་བའི་དུས་དེར་གཤམ་དུ་འཆད་འགྱུར་གྱི་གསོ་རིག་གཞུང་ལུགས་དང་སྨན་དཔྱད་མི་སྣ་དག་བྱུང་ཡོད་པ་རྟོགས་སླ་སྟེ།    བོན་གཞུང་ལེགས་བཤད་མཛོད་ལས།   བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་བ་དར་བར་བྱེད་པ་ལ་སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད།    ཅེས་དང་།    བོན་གྱི་མདོ་དྲི་མེད་གཟི་བརྗིད་ལས།    དཔྱད་ཀྱི་རྒྱུད་སྡེ་ཆེན་པོ་གཞུང་ལྔ།    མདོ་སྡེ་ཆེན་པོ་སྡེ་དགུ།    མན་ངག་ཡན་ལག་བརྒྱད་ལྡན།   ཉིང་ལག་ཉི་ཁྲི་ཆིག་སྟོང་རྣམས་དཔྱད་བུ་ཁྲི་ཤེས་དང་དྲང་སྲོང་ཆེན་པོ་བརྒྱད་ལ་ཉེར་དུ་གཏད།    ཅེས་དང་།    གཞུང་རྣམ་རྒྱལ་ལས།   གསོ་བྱའི་ནད་འབུམ་ནག་པོ།    གསོ་ཐབས་ཀྱི་དཔྱད་འབུམ་ཁྲ་བོ།    གསོ་བྱེད་ཀྱི་སྨན་འབུམ་དཀར་པོ་དང་གསུམ་རི་གཡུང་དྲུང་དགུ་བརྩེགས་སུ་དཔྱད་བུ་ཁྲི་ཤེས་ལ་གསུངས་སོ།    ཞེས་དང་།    དེའུ་དམར་པཎ་ཆེན་གྱིས།    ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་ལས།    ཞེས་སོགས་གསུངས་ཡོད་པ་ལས།    དུས་དེར་ཞང་བོད་ཡུལ་དུ་གསོ་རིག་འབུམ་བཞི་དང་།    དཔྱད་རྒྱུད་ཟླ་ཟེར།    དཔྱད་རྒྱུད་གྱི་མདོ་དགུ།    དུག་བཅོས་གཡུང་དྲུང་འཁྱིལ་བ་ཞེས་པ་སོགས་ཀྱི་གཞུང་ལུགས་བྱུང་ཡོད་པ་དོན་གྱིས་གྲུབ་པའི་མི་ཚད།    སྨན་དཔྱད་ཀྱི་གཞུང་དེ་དག་ལས་དུག་འཇོམས་དབང་པོ་རིལ་བུའི་ལོ་རྒྱུས་དང་ནང་གསེས་ཀྱི་དབྱེ་བ་སོ་སོའི་ཕན་ཡོན།    ཤ་གསོ་དང་རུས་འབྱོར་རྒྱུས་མཐུད་ཀྱི་གདམས་པ།    དུག་ཡོད་ན་སྨན་ཡོད་ཅེས་རྩོད་སྒྲུབ་རིག་པ་དང་མཐུན་པའི་བཤད་ཚུལ་བཀོད་དེ་དུག་ཀྱང་སྨན་དུ་བསྒྱུར་ཐུབ་པ་སྟེ་རྫས་སྦྱོར་རིག་པ་ལ་བརྟེན་ནས་ནད་རིགས་གསོ་བཅོས་བྱེད་བཞིན་པ་སོགས་འཁོད་ཡོད་པའི་གནས་ཚུལ་ལ་གཞིགས་ན།    ད་ནས་ཡར་བརྩིས་པའི་མི་ལོ་སུམ་སྟོང་བརྒྱད་བརྒྱ་ལྷག་(གཤེན་སྟོན་ཡེ་ཤེས་བློ་གྲོས་ཀྱིས་མཛད་པའི་རྨ་བཅོས་འཆི་སོས་ལ་ཆུའི་ཞལ་གདམས་དང་།    ནམ་མཁའི་ནོར་བུས་མཛད་པའི་ཞང་བོད་ཀྱི་ལོ་རྒྱུས།    དགེ་རྒན་དབང་འདུས་ཀྱིས་སྤེལ་བའི་བོད་སྨན་གྱི་གཤག་ལས་དར་རྒྱས་རྒུད་གསུམ་གྱི་སྐོར་རགས་ཙམ་གླེང་བ་ཉི་གཞོན་འདྲེན་པའི་སྐྱ་རེངས།    ཁོ་བོས་བྱས་པའི་བོད་ཀྱི་གསོ་རིག་གི་ཐོག་མའི་བྱུང་ཚུལ་སྐོར་ལ་གསར་དུ་དཔྱད་པ་སོགས་སུ་གསལ།)གི་སྐབས་དེ་དུས་ནས་བོད་གནའ་རབས་ཀྱི་སྨན་དཔྱད་ཤིན་ཏུ་དར་ཏེ་མིའི་ལུས་ཁམས་ཀྱི་ནད་རིགས་དེ་རང་བྱུང་གི་རྒྱུ་རྐྱེན་ལས་བྱུང་བ་ཡིན་ཚུལ་དང་།    ཕྱི་རོལ་གྱི་སྣང་ཚུལ་འབྱུང་བ་ས་ཆུ་མེ་རླུང་བཞིའི་བཤད་པ་གསོ་རིག་ཏུ་ཚུར་དྲངས་ནས་ལུས་ནད་སྨན་གསུམ་ལ་འགྲེལ་རྒྱག་པའི་འགོ་བརྩམ་ཡོད་པ་བཅས་ང་ཚོས་ཤེས་ཐུབ་ཅིང་།    རིགས་པའི་གཞུང་ལུགས་ཀྱི་ཆུ་ཚད་ངེས་ཅན་ལྡན་པའི་གསོ་དཔྱད་གཞུང་ལུགས་མི་ཉུང་བ་ཞིག་བྱུང་ཡོད་པའང་ངང་གིས་ཚོར་རོ། །
          ཡང་དུས་དེར་བྱོན་པའི་གསོ་དཔྱད་མི་སྣ་ནི།    བོན་གྱི་བསྟན་འབྱུང་སྐལ་བཟང་མགྲིན་རྒྱན་ལས།    ལྔ་པ་རྒྱལ་སྲས་དཔྱད་བུ་ཁྲི་ཤེས་ནི།   སྐུ་ལས་བསྐྱེད་པའི་སྲས་ཀྱི་གཉིས་པ་སྟེ།   སྲས་སྤྲུལ་མཛད་སྐབས་ཁྲི་སྨོན་རྒྱལ་བཞད་དུ།   ཧོས་བཟའ་རྒྱལ་མེད་སྐུ་ལས་འཁྲུངས་པ་སྟེ།  གསོ་དཔྱད་ལ་སོགས་བོན་སྒོ་མ་ལུས་པ།   ཡབ་ཀྱི་དྲུང་དུ་གསན་ཅིང་ཐུགས་རབ་བསྐྱེད།    དཔྱད་བརྒྱུད་ཉི་ཁྲི་ཆིག་སྟོང་ཐུགས་ལ་བཀྲ།    སངས་རྒྱས་སྨན་གྱི་བླ་དང་དབྱེར་མེད་གྱུར།    གསོ་དཔྱད་འབུམ་གསུམ་ལ་སོགས་ཞུས་ཤིང་བསྡུས།   ཞེས་དང་།    བསྟན་པ་ཉེར་གཏད་ཀྱི་མདོ་ལས།    དཔྱད་རྒྱུད་ཉིས་ཁྲིར་གྱུར་པ་རྣམས།    དཔྱད་བུ་ཁྲི་ཤེས་དག་གིས་བསྡུས།    ཞེས་དང་།    མཛད་མདོ་འབྲིང་པོ་ལས།    རིག་པའི་དཔྱད་ལ་རྣོ་བས་དཔྱད།    སེམས་ཉིད་ཡོངས་ལ་བྱམས་པས་བུ།    དཔྱད་ལ་ཁྲི་སྡེ་མཁྱེན་པས་ཁྲི།    མ་ནོར་དོན་རྣམས་ཤེས་པས་ཤེས།    དེ་ཡི་ཕྱིར་ན་དཔྱད་བུ་ཁྲི་ཤེས་སོ།    ཞེས་སོགས་གསུངས་པ་ལ་དཔྱད་ན།    དཔྱད་བུ་ཁྲི་ཤེས་ནི་སྨན་དཔྱད་གཉིས་ཀ་ལ་མངའ་བརྙེས་པའི་གསོ་དཔྱད་ཀྱི་བསྟན་པ་སྤེལ་མཁན་རླབས་ཆེན་གྱི་མེས་པོ་ཞིག་ཡིན་པར་རྟོགས་ཐུབ་པ་དང་།    དེ་བཞིན་གསོ་རིག་འབུམ་བཞིའི་དང་པོ་ཐུགས་འབུམ་མཁའ་སྔོན་གྱི་མཇུག་བྱང་དུ།   བདུད་རྩི་སྨན་གྱི་མདོ་དགུའི་རྒྱུད་རིམ་ནི།    སངས་རྒྱས་བསྟན་པའི་གཙོ་བོས་དཔྱད་བུ་ཁྲི་ཤེས་ལ་གསུངས།   དེས་དམུ་ཙ་ཏྲ་ཧེ་ལ་བཤད།    དེས་གསར་ཐོག་ལྕེ་འབྱམས་ལ་བཤད།    དེས་སྟོང་རྒྱུད་མཐུ་ཆེན་ལ་བརྒྱུད།    ཅེས་འཁོད་པ་ལས།    གཤེན་རབ་མི་བོ་ཆེ་དང་།    དཔྱད་བུ་ཁྲི་ཤེས།    དམུ་ཙ་ཏྲ་ཧེ།    གསར་ཐོག་ལྕེ་འབྱམས།   སྟོང་རྒྱུད་མཐུ་ཆེན་བཅས་ནི་དུས་རབས་དེའི་སྔ་ཕྱིས་སུ་བྱོན་ཞིང་ཧ་ཅང་སྔ་མོའི་དུས་ནས་སྨན་དཔྱད་ཀྱི་བསྟན་པའི་བྱ་བར་ཞུགས་མཁན་གྱི་འཚོ་བྱེད་མི་སྣ་དག་ཡིན་པའང་དོན་དངོས་ཀྱིས་གྲུབ།
གསུམ་པ།    གསོ་རིག་མ་ལག་ཇི་ལྟར་གྲུབ་པའི་སྐོར།
          ལྡོག་མེད་མདུན་དུ་བསྐྱོད་པའི་ལོ་རྒྱུས་ཀྱི་འཁོར་ལོའི་འགྲོས་དང་བསྟན་ནས་བོད་ཡུལ་འདི་བཙན་པོའི་རྒྱལ་རབས་ཀྱི་སྐུ་དུས་ལ་སླེབས་པ་ནས་བཟུང་།    རྒྱལ་པོ་སྒེར་ལ་ཆེད་དུ་མངགས་པའི་བླ་སྨན་གྱི་སྲོལ་ངོ་མ་བྱུང་བ་དང་།   གཤག་ལས་རིག་པ་དར་རྒྱས་ཕྱིན་ཏེ་རུས་སྐྱོན་གཅོད་པ་དང་།   ཤ་སྐྱོན་གཤག་པ།    པགས་རལ་བཙེམས་པ།    མིག་ནད་བར་འགྲིབ་(白内障)ཐུར་མས་གཤག་བཅོས་བྱེད་པ་སོགས་གངས་ལྗོངས་གསོ་དཔྱད་རིག་པའི་ཆུ་ཚད་སྒོ་དུ་མ་ནས་མཐོར་འདེགས་བྱུང་ཡོད་ལ།    ལྷག་ཏུ་ཆོས་རྒྱལ་དེ་དག་གི་རིང་དུ།    ཕྱི་ཕྱོགས་སུ་ཤེས་ཡོན་གྱི་སྒོ་མོ་དབྱེ་སྟེ་མི་རིགས་གཞན་གྱི་མཁས་དབང་ནང་དུ་གདན་ཞུ་དང་།    མི་རིགས་རང་གི་ལོ་པཎ་ཕྱིར་མངགས་གཏོང་མཛད་ཅིང་།    ཕྱི་རྒྱལ་གྱི་གསོ་རིག་གལ་ཆེན་བོད་སྤྱིའི་སྐད་དང་མཐུན་པའི་མི་གེའི་ལམ་ནས་ཚུར་བསྒྱུར་པ།  གསོ་དཔྱད་པ་རྣམས་ཀྱི་མིང་དུ་འཚོ་བྱེད་སྨན་པ་དང་ལྷ་རྗེ་ཞེས་པའི་མཚན་བསྩལ་ཞིང་།    གཙིགས་ཆེན་བཅུ་གཉིས་དང་གཙིགས་ཆེན་བཅུ་གསུམ་ཞེས་པའི་བཀའ་ཁྱབ་བསྒྲགས་ནས།    བོད་ཀྱི་གསོ་རིག་འཕེལ་རྒྱས་གཏོང་སླད་སྒོ་གང་ས་ནས་སྲིད་བྱུས་བཀའ་དྲིན་ཇི་སྙེད་ཅིག་བསྐྱངས་པ་ཡིས།    བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་མཁས་བརྒྱ་འགྲན་གླེང་གི་རྣམ་པ་རྒྱ་ཆེན་པོ་ཞིག་ཆགས་པ་དང་ཆབས་ཅིག    བསྒྱུར་ཞིང་བརྩམས་པའི་གསོ་རིག་གི་བསྟན་བཅོས་མང་པོ་ཐོན་པ་བཅས་ས་མཐོའི་ཁྱད་ཆོས་ལྡན་པའི་སྨན་དཔྱད་མ་ལག་ཕྱོགས་ཡོངས་ནས་འཕེལ་རྒྱས་ཆེས་ཆེ་བར་བྱུང་བ་སྟེ།   ལོ་རྒྱུས་ཀྱི་དུས་སྐབས་དེའི་ནང་དུ་ལུགས་ཆེན་གསུམ་གྱི་སྨན་པ་དང་།   ཧྭ་ཤང་མ་ཧྭ་དེ་ལྦ།   ཆོས་ཀྱི་མཛོད།    རྒྱལ་པོའི་བླ་སྨན་དགུ།    བེེ་རོ་ཙ་ན།    སྤྲུལ་བའི་སྲས་གསུམ།    གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོ།    བི་མ་ལ་མི་ཏྲ་དང་།    གཞན་བོད་སྨན་མཁས་པ་མི་དགུའང་དུས་དེ་ནས་བྱོན་མགོ་ཚུགས་པ་བཅས་ངེས་པ་དོན་ལྡན་གྱི་གསོ་རིག་མཁས་ཆེན་མང་དུ་བྱོན་ཞིང་།    སྨན་དཔྱད་ཆེན་མོ་དང་།    མི་འཇིགས་པའི་མཚོན་ཆ།    སྨན་དཔྱད་ཟླ་བའི་རྒྱལ་པོ།   དཔལ་ལྡན་རྒྱུད་བཞི།    ཅེས་པར་གྲུབ་པ་སོགས་བསྒྱུར་ཞིང་བརྩམས་པའི་གཞུང་ལུགས་ཏེ་གསོ་རིག་གླིང་དུ་སྐད་གྲགས་འབར་བའི་བསྟན་བཅོས་ཁྱད་འཕགས་ཅན་དེ་དག་བྱུང་བ་རེད།
          དེ་ལས་གཞུང་ལུགས་བརྩམས་ཆོས་སྐོར་ཞིག་ནི་ལོ་རྒྱུས་ཀྱི་ཀྱོག་ལམ་རིང་མོ་དང་དུས་རབས་ཀྱི་འགྱུར་བའི་ཁྲོད་ཉམས་བརླག་ཏུ་སོང་ཟིན་པས་བདག་ཅག་ཕྱི་ཐོག་པ་རྣམས་ལ་མཇལ་ཀློག་གི་གོ་སྐབས་མི་ལྡན་པ་དང་།    ད་ལྟ་འོ་སྐོལ་རྣམས་ཀྱི་མིག་བསོད་དུ་གྱུར་པའི་བོད་ལུགས་གསོ་རིག་གི་དཔེ་མཚོན་རང་བཞིན་གྱི་བསྟན་བཅོས་ཏེ་སྨན་དཔྱད་ཟླ་བའི་རྒྱལ་པོ་དང་དཔལ་ལྡན་རྒྱུད་བཞི་གཉིས་ཀྱི་རྩ་བའི་དགོངས་པ་དང་རིན་ཐང་རགས་ཙམ་གླེང་བ་ལ།    ཐོག་མར་སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་པ་ནི།   ཉེ་བའི་ལོ་འདི་འགའི་རིང་གསོ་རིག་ལོ་རྒྱུས་སྨྲ་བ་མི་ཉུང་ཞིག་གིས་གཞུང་གང་གི་ནང་དོན་དངོས་ལ་དཔྱད་ཞིབ་མཛད་པ་བརྒྱུད་ནས་ཤེས་རིག་འཕེལ་རྒྱས་ཀྱི་ཆོས་ཉིད་དང་ཡོངས་སུ་མཐུན་པའི་སྡོམ་ཚིག་ཅིག་བཀོད་ཡོད་པ་ནི།    སྨན་དཔྱད་ཟླ་བའི་རྒྱལ་པོ་ཞེས་བྱ་བ་ཉིད་རྒྱ་དཀར་ནག་སོགས་ཀྱི་ཡི་གེའི་ལམ་ནས་ཐད་ཀར་བོད་ཡིག་ཏུ་བསྒྱུར་པའི་འགྱུར་ཡིག་ཅིག་མ་ཡིན་པར་མདོ་དབུས་མཐོ་སྒང་གི་སྒེར་ཆོས་གསལ་ལེར་མངོན་པའི་བོད་རང་གི་གསོ་དཔྱད་སྨན་གཞུང་རྨ་མེད་པ་ཞིག་ཡིན་པར་སྨྲ་བ་སྟེ།    གཞུང་ཡོངས་ལ་ལེའུ་བརྒྱ་དང་བཅུ་གསུམ་ཡོད་པ་ལས་དེའི་ནང་དུ་ལུས་ཁམས་རིག་པ་དང་།    ནད་ཁམས་རིག་པ།   བརྟག་ཐབས་རིག་པ།   གསོ་ཐབས་རིག་པ།   སྨན་རྫས་རིག་པ་སོགས་ཀྱིས་བསྡུས་པའི་ནང་དོན་ཅུང་ཆ་ཚང་བ་ཞིག་ཡོད་ཅིང་།    གསོ་དཔྱད་ཀུན་གྱི་ཟིལ་གནོན་དུ་གྱུར་པའི་དཔལ་ལྡན་རྒྱུད་བཞིའི་སྔོན་ཚུལ་དུ་བྱུང་བའི་ཆེས་མ་ལག་རང་བཞིན་ལྡན་པའི་གཞུང་ལུགས་ཤིག་ཏུ་གྱུར་ཡོད་དོ།    དེའི་རིན་ཐང་གཙོ་བོ་ནི་འདི་ལྟ་སྟེ།   གཅིག་ནི་སྤུ་རྒྱལ་གསོ་དཔྱད་ཕྱོགས་ཡོངས་ནས་གོམ་གང་མདུན་སྤོས་ཀྱིས་འཕེལ་རྒྱས་སུ་འགྲོ་བར་སྐུལ་མ་དང་མཛུབ་སྟོན་ལྟ་བུའི་བྱེད་ལས་ཐོན་ཡོད་པ་དང་།   གཉིས་ནི་ཉེས་གསུམ་གཙོ་བོར་འཛིན་པའི་བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་མ་ལག་འཛུགས་སྐྲུན་དང་གཏན་འབེབས་གནང་པ།    གསུམ་ནི་བོད་རང་གི་སྲོལ་རྒྱུན་དང་ཕྱི་ཕྱོགས་ནས་དར་བའི་གསོ་དཔྱད་ལུགས་གཉིས་ཟུང་འབྲེལ་དམ་ཚུགས་བྱས་ནས་བོད་རང་གི་ཁྱད་ཆོས་དུ་མ་ལྡན་པའི་ལུས་ཁམས་རིག་པ་དང་།    ནད་ཁམས་རིག་པ།   གསོ་བཅོས་རིག་པ།    སྨན་རྫས་རིག་པས་མཚོན་པའི་རིགས་པའི་གཞུང་ལུགས་ཀྱི་མ་ལག་གསར་བ་འཛུགས་བསྐྲུན་དང་འཐུས་ཚང་དུ་སྤེལ་བ།    བཞི་ནི་སྐབས་དེའི་སྨན་བཅོས་ལག་ལེན་གྱི་གཞི་རྩའམ་ཁྲིམས་སྲོལ་རང་བཞིན་ལྡན་པའི་བསྟན་བཅོས་ཤིག་ཏུ་གྱུར་ཡོད་པ་བཅས་སོ།    (བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས།    ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།   སྐལ་བཟང་འཕྲིན་ལས་ཀྱིས་བརྩམས། 1997ལོའི་ཟླ་དང་པོའི་དཔར་གཞི་དང་པོ་P188)དེའི་རྗེས་དུས་རབས་བརྒྱད་པ་ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱི་སྐབས་སུ་བྱུང་བའི་མི་རིགས་རང་ཉིད་ཀྱི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམ་པའི་དཔལ་ལྡན་རྒྱུད་བྱ་བ་དེས་ནི།    རྒྱུད་རིམ་ལྡན་པའི་སྒོ་ནས་བོད་ལུགས་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཆ་ཚང་གསར་དུ་བཏོད་ཅིང་།    བོད་ཀྱི་གསོ་བ་རིག་པ་དང་སྨན་རིག་ལག་རྩལ་འཕེལ་རྒྱས་སུ་ཕྱིན་ནས་གསོ་རིག་ལོ་རྒྱུས་ཧྲིལ་པོའི་ནང་ཆེས་མཐོ་པའི་ཚད་ལ་སླེབས་པ་མཚོན་ཐུབ་ཡོད་པ་རེད།   གསོ་རིག་འཕེལ་རྒྱས་ཆོས་ཉིད་ཀྱིས་ང་ཚོར་བཞག་པའི་སྡོམ་ཚིག་ནི།   འཛམ་གླིང་གི་མི་རིགས་གང་ཞིག་ཡིན་ཡང་སོ་སོའི་ཁྱད་ཆོས་ལྡན་ཞིང་ཆ་ཚང་བའི་གསོ་རིག་མ་ལག་ཅིག་བསྐྲུན་པར་ངེས་པར་དུ་ཕྱོགས་གསུམ་བརྒྱུད་དགོས་པ་སྟེ།    གཅིག་ནི་སྲོལ་རྒྱུན་གྱི་སྣ་མང་ཕུན་སུམ་ཚོགས་པའི་དམངས་ཁྲོད་སྨན་བཅོས་ལག་ལེན་རྣམས་འཚོལ་ཞིབ་ལེགས་སྒྲིག་བྱེད་པ།    གཉིས་ནི་གསོ་རིག་མཁས་དབང་གོང་མའི་རིག་གཞུང་གི་བསམ་བློ་དང་སྲོལ་རྒྱུན་གྱི་ཉམས་མྱོང་མཐའ་དག་ལ་ཞིབ་འཇུག་རྣལ་མ་མཛད་དེ་ཕྱོགས་བསྡོམ་གནང་བ་།   གསུམ་ནི་མི་རིགས་གཞན་གྱི་སྔོན་ཐོན་གསོ་རིག་གི་རིག་པའི་དྭངས་མ་ནང་འདྲེན་བྱས་ཏེ་དུས་རབས་ཀྱི་གདོང་ནས་ལངས་ཐུབ་པ་བྱེད་རྒྱུ་བཅས་རེད།   གངས་ཅན་གསོ་རིག་གི་གཙུག་རྒྱན་དམ་པ་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས་མི་ལོ་ཉི་ཤུ་ལྷག་གི་དུས་ཚོད་བེད་སྤྱད་ནས་གསོ་རིག་རྒྱུད་བཞི་རྩོམ་སྒྲིག་མཛད་སྐབས་ཀྱང་ཐབས་ལམ་གསུམ་པོ་དེ་བརྒྱུད་ཡོད་པ་ནི་སྨོས་མ་དགོས་ལ།   ཁོང་གིས་ང་ཚོར་ཤུལ་བཞག་གནང་བའི་ཕེབས་ལམ་ནི་ཁྲག་དང་རྔུལ་ཆུའི་བཞུར་ལམ་ཡིན་པའང་ཚོར་ཐུབ།
          དཔལ་ལྡན་རྒྱུད་བཞི་རྩོམ་སྒྲིག་གནང་པ་དེ་ནི།   བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་དུས་རབས་ལས་བརྒལ་བའི་རླབས་ཆེན་བྱ་བཞག་གི་རྡོ་རིང་ཆེན་པོ་ཞིག་བསྐྲུན་པ་མཚོན་པའི་མི་ཚད།    བོད་ཀྱི་ཚན་རིག་ལོ་རྒྱུས་སྟེང་གིའང་གཞུང་ལུགས་འགངས་ཆེན་ཞིག་ཡིན་པས།   དེང་དུས་ཀྱི་མཁས་དབང་མང་པོས་གསོ་རིག་ཚན་རྩལ་ཀུན་འདུས་ཀྱི་བསྟན་བཅོས་ཆེན་པོ་ཞེས་པ་དོན་ལ་གནས་ཏེ།    དེ་ནང་དུ་རྩི་ཤིང་རིག་པ་དང་།   སྨན་རྫས་རིག་པ།    སྨན་སྦྱོར་རིག་པ།    གནམ་དཔྱད་རིག་པ་།    མཚན་ཉིད་རིག་པ།    གཤག་འབྱེད་རིག་པ།   སྐྱེ་ལུགས་རིག་པ།    ཆགས་ཚུལ་རིག་པ།    ནད་ཁམས་རིག་པ།    བརྟག་ཐབས་རིག་པ།    ནད་ཐོག་གི་ཚན་ཁག་སོ་སོ།   རྨི་ལམ་རིག་པ།    མི་གཤིས་རིག་པ།     སེམས་ཁམས་རིག་པ།   བདེ་སྲུང་རིག་པ་སོགས་རེ་རེ་ནས་ནང་དོན་ཕྱུག་ཅིང་རིགས་པའི་གཞུང་ལུགས་ཀྱི་རྩ་དོན་ལྡན་པ་དང་།    གཏན་ཚིགས་དང་བརྒྱུད་རིམ་ལྡན་པའི་སྒོ་ནས་འབྱུང་ལྔ་རིག་པ་དེ་གསོ་རིག་གཞུང་དུ་བཀོལ་ནས་རླུང་མཁྲིས་བད་གསུམ་གྱི་རྣམ་བཤད་ཚད་ལྡན་མཛད་ཅིང་ལུས་ནད་གཉེན་པོ་གསུམ་གྱི་འབྱུང་བའི་བདག་ཉིད་རང་བཞིན་གཅིག་པར་འབྲེལ་བའི་ལྟ་བ་མངོན་གསལ་དུ་བཏང་ནས་བོད་གསོ་རིག་གི་ཆེས་རྩ་བའི་རྨང་གཞིར་གྱུར་ཡོད་དོ།
          དེ་ལྟར་སྤྱི་ལོ་དུས་རབས་བརྒྱད་པའི་སྔ་གཞུག་ཏུ་བྱུང་བའི་སྨན་དཔྱད་ཟླ་བའི་རྒྱལ་པོ་བྱ་བ་དང་ལྷག་ཏུ་དཔལ་ལྡན་རྒྱུད་བཞི་ཞེས་པའི་གསོ་དཔྱད་གཞུང་ལུགས་ཀྱི་བསྟན་བཅོས་ཆེན་པོ་དེས།    བོད་ཀྱི་གསོ་བ་རིག་པའི་གཞུང་ལུགས་ཀྱི་མ་ལག་ཆེན་པོ་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་ཡོད་པར་ལུང་རིགས་ཚད་མ་གང་གིས་ཆ་ནས་དཔྱད་ཀྱང་འགལ་བ་ཅི་ཡང་མེད་ལ་གཟུར་གནས་སྐྱེ་བོ་ཀུན་གྱིས་ཁས་འཆེས་དགོས་པའི་དོན་དངོས་ཤིག་ལགས་སོ། །