ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བོད་ཀྱི་གསོ་རིག་གི་ཐོག་མའི་བྱུང་ཚུལ་སྐོར་ལ་གསར་དུ་དཔྱད་པ།

སྤེལ་དུས 2018-01-31 ཡོང་ཁུངས། བྱ་མདོ་ཀླུ་བྱམས་རྒྱལ་གྱི་ཆེད་རྩོམ་ཕྱོགས་བསྒྲིགས། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
          འཛམ་གླིང་གསོ་རིག་ལོ་རྒྱུས་སྤྱིའི་ཐོག་མའི་བྱུང་ཚུལ་གྱི་འབྲེལ་ཡོད་དོན་གནད་མང་པོ་ཞིག་ད་དུང་རྦད་དེ་གཏན་འཁེལ་ཐུབ་མེད་པ་དེ་བཞིན་དུ་བོད་ཀྱི་གསོ་བ་རིག་པའི་འབྱུང་ཁུངས་ཡང་གསོ་རིག་ལོ་རྒྱུས་སྟེང་གི་ཞིབ་དཔྱོད་གནང་མུར་ལུས་པའི་གནད་དོན་ཞིག་ཡིན་པ་ཚང་མས་མཁྱེན་གསལ་རེད།   ཡིན་ནའང་།   མར་ཁེ་སིའི་ལོ་རྒྱུས་དངོས་གཙོ་སྨྲ་བའི་ལྟ་བའི་ངོས་ནས་བཤད་ན།  གསོ་བ་རིག་པ་ནི་མིའི་རིགས་ཀྱིས་དུས་ཡུན་རིང་པོའི་ལོ་ཟླའི་འཁོར་འགྲོས་ནང་རྒྱུན་ཆད་མེད་པར་ནད་རིགས་དང་འཐབ་རྩོད་བྱས་པའི་ཉམས་མྱོང་ཕྱོགས་བསྡོམས་བྱས་པ་ལས་བྱུང་བ་ཡིན་པ་ནི་སྨོས་མ་དགོས་ལ།   དོན་སྙིང་ངེས་ཅན་ཞིག་གི་སྟེང་ནས་བཤད་ན།   གང་ཞིག་མིའི་རིགས་བྱུང་བ་ནས་འགོ་ཚུགས་ཏེ་སྨན་བཅོས་བྱེད་སྒོའང་དར་ཡོད་པའི་ལྟ་བ་དེར་མཁས་བླུན་ཐམས་ཅད་རྩོད་མེད་ཡིན་པ་དང་།   ཕྱི་གླིང་གསོ་རིག་ལོ་རྒྱུས་སྨྲ་བ་རྣམས་ཀྱི་ངག་ལས་སྤྱིར་བཏང་གི་བཤད་རྒྱུན་ཞིག་སྟེ།   སའི་གོ་ལ་དང་ནད་རིགས་གཉིས་དུས་མཉམ་དུ་བྱུང་ཞིང་མིའི་རིགས་དང་ནད་རིགས་གཉིས་ན་མཉམ་ཡིན་ཞེས་གསུངས་པའང་རྒྱུ་མཚན་དེར་ཐུག་པ་ཡིན།   འོན་ཀྱང་ཆེད་དུ་གསལ་བཤད་ཞུ་དགོས་པ་ཞིག་ལ།   སྨན་བཅོས་བྱེད་སྒོ་ཙམ་ཡོད་པས་ནི་གསོ་བ་རིག་པ་དར་ཡོད་པས་མ་ཁྱབ་སྟེ།  གསོ་བ་རིག་པ་ཞེས་བརྗོད་དུས་མ་མཐའ་ཡང་མི་རྣམས་ཀྱིས་ལུས་ཀྱི་གནས་ལུགས་དང་།   ནད་ཀྱི་འགྱུར་ལྡོག  སྨན་གྱི་ཕན་ནུས་སོགས་ལ་ཤེས་རྟོགས་ངེས་ཅན་བྱུང་ནས་ནད་ཐོག་ལག་ལེན་ཐད་ཕྱོགས་སྟོན་ནུས་པའི་ཆེས་གཞི་རྩར་གྱུར་པའི་གཞུང་ལུགས་ཤིག་མཚོན་གྱི་ཡོད་པ་རེད།   དེ་བས་སྒྲ་དོག་འཇུག་གམ་ཅུང་གཟབ་ནན་གྱི་སྒོ་ནས་བཤད་ན།   གསོ་བ་རིག་པའི་བྱུང་བ་བརྗོད་པ་ཟེར་དུས་སྤྱིར་བཏང་དུ་གསོ་རིག་གཞུང་ལུགས་ཀྱི་བྱུང་ཚུལ་ལ་གོ་དགོས་པ་དང་།   བདག་གིས་ཀྱང་འདིར་བོད་ཀྱི་གསོ་རིག་གི་བྱུང་ཚུལ་ཏེ་གངས་ལྗོངས་གསོ་རིག་གི་ཐོག་མའི་གཞུང་ལུགས་བྱུང་བའི་གནད་དོན་ཉིད་རྩོམ་འདིའི་སྙིང་པོར་བཟུང་ནས་སྤྲོ་བར་འདོད་དོ། །
          དེ་སྔ་ཡོངས་གྲགས་སུ་བོད་ཀྱི་གསོ་རིག་ལ་མི་ལོ་ཆིག་སྟོང་སུམ་བརྒྱ་ལྷག་གི་ལོ་རྒྱུས་ལྡན་ནོ་ཞེས་རྒྱ་བོད་ཡིག་རིགས་གཉི་གར་གསལ་བ་དང་།  དེའི་གཞི་བཅོལ་ས་གཙོ་བོ་ནི་སློབ་དཔོན་ཐོན་མིས་བོད་སྤྱིས་བཀོལ་ཐུབ་པའི་ཡི་གེ་གསར་བཟོ་མཛད་པ་དང་།   རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་བོད་ལ་དར་བ།  རྗེ་གཡུ་ཐོག་པས་དཔལ་ལྡན་རྒྱུད་བཞི་ཕྱག་རྩོམ་གནང་བ་བཅས་གང་ཡང་སྤྱི་ལོ་དུས་རབས་བདུན་པའི་སྔ་གཞུག་ཏུ་འཁེལ་ཡོད་པ་དེའི་སྟེང་ནས་སྨྲ་བཞིན་ཡོད་པ་དང་།   དུས་ཕྱིས་ཏུན་ཧོང་ཡིག་རྙིང་དང་ཞང་ཞུང་བོད་ལ་ཞིབ་འཇུག་གནང་མཁན་གྱི་མཁས་དབང་དུ་མས་བོད་ཀྱི་གསོ་རིག་ལ་ལོ་ངོ་ཉིས་སྟོང་ལྷག་གི་ལོ་རྒྱུས་འདུག་ཅེས་གོང་དང་མི་མཐུན་པའི་ལྟ་བ་བཏོན་ཡོད།   དེ་ནི་ལོ་རྒྱུས་སྨྲ་བ་རྣམས་ཀྱིས་དཔྱད་གཞིའི་རྒྱུ་ཆ་གསར་པ་རེ་རྙེད་ཚེ་ལོ་རྒྱུས་བསྐྱར་འབྲི་བྱེད་དགོས་པའི་རྒྱུན་ལྡན་གྱི་གནས་ཚུལ་ཞིག་ལས་མ་འདས་ཏེ།    ཐེངས་འདིར་ཕྲན་གྱིས་ཀྱང་འབྲེལ་ཡོད་གནའ་རྫས་རིག་པའི་སྐོར་གྱི་རྒྱུ་ཆ་དུ་མར་སློབ་སྦྱོང་བྱས་པ་བརྒྱུད་བོད་ཀྱི་གསོ་རིག་གི་ཐོག་མའི་བྱུང་ཚུལ་ལ་གསར་དུ་དཔྱད་པའི་སྤོབས་པ་སྐྱེས།
དང་པོ།   མཚོ་བོད་མཐོ་སྒང་འདི་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་པའི་ལྟ་བའི་སྒོ་ནས་དཔྱད་པ།
          ཉེ་རབས་དབྱིན་ཇིའི་སྐྱེ་དངོས་རིག་པ་བ་ཏྭ་ཨེར་ལྦུན་གྱིས་གཙོ་བྱས་པའི་འཕེལ་འགྱུར་སྨྲ་བ་ཚོས་གནའ་བོའི་སྤྲ་མི་ལས་མིའི་རིགས་བྱུང་བ་ཡིན་པའི་ལྟ་ཚུལ་སྤེལ་རྗེས།  མི་ལོ་བརྒྱ་ཕྲག་གཅིག་ལྷག་གི་རིང་ལ་ཚན་རིག་གི་དངོས་དོན་གང་མང་ཞིག་གིས་རྣམ་བཤད་དེ་ཡང་དག་ཡིན་ཚུལ་ར་སྤྲོད་བྱས་ཟིན།   འོན་ཏེ་མིའི་རིགས་ཀྱི་མེས་པོར་གྱུར་པའི་གནའ་བོའི་སྤྲ་མི་དེ་དུས་ནམ་ཞིག་ལ་ཡུལ་གང་ཞིག་ཏུ་མིར་གྱུར་ཚུལ་ཐད་གཅིག་ཆོད་ཀྱི་བཤད་ཚུལ་ཞིག་མི་འདུག་སྟེ།   ཁ་ཅིག་གིས་གནའ་བོའི་སྤྲ་མི་ཉིད་མིའི་རིགས་སུ་གྱུར་བའི་བར་ལ་ཉུང་མཐའ་ཡང་ལོ་ངོ་ཁྲི་ཚོ་ཆིག་སྟོང་ཉིས་བརྒྱ་ལྷག་འདས་པར་འདོད་པ་དང་།  ཡང་ལ་ལས་ཁྲི་ཚོ་ཉིས་སྟོང་ཙམ་སོང་བར་བཞེད།   དེ་ལྟར་གནའ་བོའི་སྤྲ་རིགས་(古猿)ནས་མིར་འགྱུར་བའི་བར་བརྒལ་གྱིས་དུས་སྐབས་དེར་མིའི་སྡེ་ཚན་(Homimdae)ཏུ་འབོད་པ་དང་།   དེའི་མཚོན་རྟགས་ནི་དྲང་པོར་ལངས་ནས་འགྲོ་ཐུབ་པ་དེ་རེད།   དེ་བཞིན་མིའི་རིགས་དངོས་སུ་བྱུང་བའི་དུས་ཚོད་(གནའ་བོའི་སྤྲ་མི་ལས་མིར་དངོས་སུ་གྱུར་པའི་འགོ)ནི་ཕལ་ཆེར་ལོ་ངོ་ཁྲི་ཕྲག་སུམ་བརྒྱའི་སྔོན་ཡིན་པར་སྨྲ་ལ།  དེའི་མཚོན་རྟགས་ནི་ངལ་རྩོལ་ཡོ་བྱད་བཟོ་ཤེས་པ་ནས་བརྩིས་སོ།   མིའི་རིགས་ཐོག་མར་བྱུང་བའི་ས་ཆའི་སྐོར་ལ་འཛམ་གླིང་གི་མཁས་དབང་མང་པོས་ས་གཞིའི་གོ་ལ་སྟེང་གནས་པའི་སྲོག་ཆགས་དང་།   གླིང་ཆེན་སོ་སོའི་ས་བབ་གནས་སྟངས།   སྔ་རྗེས་སུ་རྙེད་པའི་སྤྲ་རིགས་(猿类)དང་མིའི་སྡེ་ཚན།     གནའ་བོའི་སྤྲ་མི་དང་སྤྲ་མི་བཅས་ཀྱི་འགྱུར་རྡོ་སོགས་ལ་བརྟག་དཔྱད་མཛད་པ་བརྒྱུད།   གླིང་ཆེན་ལྷོ་སྣེ་དང་།   རྒྱ་མཚོ་ཆེན་པོའི་གླིང་ཆེན།   གླིང་ཆེན་ཨ་མེ་རི་ཁ།   གླིང་ཆེན་ཡོ་རོབ་བཞི་ནི་མིའི་རིགས་བྱུང་སའི་ཐོག་མའི་ཡུལ་ཁམས་ཡིན་མི་སྲིད་པར་བསྟན་ཅིང་།  གླིང་ཆེན་ཨ་ཧྥེ་རི་ཁ་དང་ལྷག་ཏུ་ཨ་ཤེ་ཡའི་གླིང་ཆེན་ནི་མིའི་རིགས་ཀྱི་ཐོག་མའི་བྱུང་སར་ངོས་འཛིན་གནང་ཡོད།   ཉེ་བའི་ལོ་ཤས་རིང་རྒྱལ་ཁབ་ཕྱི་ནང་གི་གནས་རྫས་མཁས་དབང་དང་ས་གཤིས་ཆགས་ཚུལ་སྨྲ་བ་དུ་མས་གླིང་ཆེན་ཨ་ཤེ་ཡའི་དཀྱིལ་དབུས་སུ་གནས་པའི་མཚོ་བོད་མཐོ་སྒང་ངམ་དེའི་ཉེ་འདབས་ས་ཁུལ་ཉིད་འཛམ་གླིང་གི་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཉིད་ཡིན་པར་ཚོད་དཔག་མཛད་ཡོད་པ་སྟེ།   དེའང་བོད་ཀྱི་ཡུལ་འདི་བསྐལ་བ་ཡ་ཐོག་ནས་བརྩིས་པའི་ཆེས་གདོད་མའི་དུས་སུ་ལྟེམ་ལྟེམ་དུ་འཁྱིལ་བའི་རྒྱ་མཚོ་ཆེན་པོ་ཞིག་ (地质学称特提斯海,也称古地中海或青藏海) ཡིན་པ་དང་།   ལོ་ངོ་དུང་ཕྱུར་གཅིག་ལྷག་རིང་རིམ་གྱིས་ཆུ་རྣམས་གཞན་དུ་ཐིམ་ཞིང་ཁྱད་པར་དུ་ལོ་ངོ་ཁྲི་ཚོ་སུམ་སྟོང་སྔོན་དུ་ཧི་མ་ལ་ཡའི་ས་འགྱུར་ (喜马拉雅运动)ཞེས་པ་བྱུང་སྟེ་ཆུ་ཡོངས་སུ་སྐམ་པ་ལས་བོད་ཁམས་ཡུལ་གྱི་ཐོག་མའི་རྣམ་པ་དོད་ཅིང་སྐབས་དེར་རི་རྒྱུད་ཧི་མ་ལ་ཡ་དང་བོད་ཡུལ་གྱི་མཐོ་ཚད་མཚོ་ངོས་ལས་སྨིས་ཆིག་སྟོང་དུ་མི་སླེབས་ལ།   མཁའ་དབུགས་དྲོད་གཤེར་ལྡན་ཞིང་ཚ་ཁུལ་ནགས་ཚལ་དུ་གཏོགས་པས་རྒྱ་མཚོ་ལས་སྐམ་སར་བུད་པའི་སྲོག་ཆགས་ཀྱི་འཚོ་ཁམས་དང་ཤིན་ཏུ་འཚམ།   དེའང་ཧི་མ་ལ་ཡའི་ས་འགྱུར་ལ་བརྟེན་ནས་བོད་ཡུལ་འདི་མུ་མཐུད་འབུར་དུ་དོད་ནས་མཐོ་སྒང་གི་རྣམ་པར་གྱུར་པ་ལས་མཁའ་དབུགས་ལ་འགྱུར་ལྡོག་ཆེན་པོ་བྱུང་སྟེ་ཡུན་གྱིས་གྲང་ངར་སྐམ་ཤས་ཆེ་བའི་ས་ཁུལ་ཞིག་ཏུ་གྱུར་ཅིང་ཚ་ཁུལ་ནགས་ཚལ་གྱི་རྒྱ་ཁྱོན་ཡང་ཇེ་ཆུང་ཇེ་ཞན་དུ་སོང་བ་དང་།   དེའི་དབང་གིས་ནགས་ཚལ་ལ་གོམས་ཡོད་པའི་སྤྲ་རིགས་རྣམས་ས་ངོས་ཀྱི་འཚོ་བར་མི་རོལ་ག་མེད་བྱུང་ནས་འཚོ་བ་སྤྱོད་སྟངས་ཡང་གསར་པར་བསྒྱུར་འགོ་བརྩམས་ལ། དེ་ལས་རིམ་གྱིས་གཟུགས་པོར་འགྱུར་ལྡོག་བྱུང་ནས་ག་ལེར་མིའི་རིགས་སུ་གྱུར་པ་དང་།   དེ་ལྟར་སྤྲ་རིགས་འཕེལ་འགྱུར་བྱུང་ནས་མིའི་རིགས་དངོས་སུ་འགྱུར་བའི་དུས་སྐབས་ནི་ལོ་ངོ་ཁྲི་ཚོ་ཉིས་སྟོང་ཡས་མས་ནས་སུམ་བརྒྱའི་བར་ཏེ་མཚོ་བོད་མཐོ་སྒང་འབུར་ཐོན་བྱུང་བའི་དུས་ཚོད་དང་ཏག་ཏག་འཁེལ་ཡོད་སྟབས།   མཚོ་བོད་མཐོ་སྒང་གི་འབུར་ཐོན་དེ་སྤྲ་རིགས་ནས་མིའི་རིགས་སུ་འགྱུར་བའི་གལ་ཆེའི་ཆ་རྐྱེན་ཞིག་ཏུ་གྱུར་འདུག་པ་དང་།   དུས་རབས་ཉི་ཤུ་པའི་ལོ་རབས་བདུན་ཅུའི་ནང་།   ཀྲུང་གོ་ཚན་རིག་ཁང་མཚོ་བོད་མཐོ་སྒང་རྟོག་ཞིབ་ཚོགས་པས་བོད་ལྗོངས་འབྲུ་རུ་རྫོང་དང་སྐྱིད་རོང་རྫོངས་སོགས་སུ་(མཚོ་ངོས་ལས་སྨིས་4500)ལོ་ངོ་ཁྲི་ཚོ་ཆིག་སྟོང་ལྷག་སྔོན་གྱི་སྲོགས་ཆགས་ཚོགས་(三蹄马动物群)ཀྱི་འགྱུར་རྡོ་རྙེད་པ་དང་།   འགྱུར་དོའི་སྟེང་རིམ་གྱི་སྐྱེས་དངོས་ཟེའུ་འབྲུའི་རྡུལ་ནང་མཆིས་པའི་ཚ་ཁུལ་རྩི་ཤིང་རིགས་ཀྱིས་དུས་དེའི་བོད་ཡུལ་ཉིད་ཚ་ཁུལ་ནགས་ཚལ་དུ་གཏོགས་ཤིང་མཁའ་དབུགས་དྲོད་གཤེར་ལྡན་པ་མཚོན་ཡོད་ལ།   མི་ལོ་ལྔ་སྟོང་ཙམ་གྱིས་ལོ་རྒྱུས་ལྡན་པའི་ཆབ་མདོ་མཁར་རོའི་གནའ་ཤུལ་གྱི་སྐྱེས་དངོས་ཟེའུ་འབྲུའི་རྡུལ་(粉花分析与栽培作物研究)སོགས་ཀྱི་བརྟག་དཔྱད་ཐོག་ནས་ཀྱང་སྐབས་དེའི་མཁའ་དབུགས་དེང་ལས་དྲོད་གཤེར་ཆེ་བ་ར་སྤྲོད་བྱུང་ཡོད།   གཞན་ཉེ་བའི་ལོ་དུ་མར་རྒྱ་གར་དང་ཕ་ཁི་སི་ཐན་གཉིས་འབྲེལ་མཚམས་ཀྱི་ཞི་ལྦ་རི་བོ་(西瓦克拉山)དང་།   རང་རྒྱལ་གྱི་ཡུན་ནན།   ཀུའེ་ཀྲའུ།   སི་ཁྲོན་སོགས་སུ་གནའ་བོའི་སྤྲ་རིགས་དང་།   སྤྲ་མི།   གནའ་མི་(古人)བཅས་ཀྱི་འགྱུར་རྡོ་རིགས་འབོར་ཆེན་རྙེད་པ་དང་།   འགྱུར་རྡོ་རྙེད་སའི་ས་ཁུལ་དེ་རྣམས་ཐམས་ཅད་མཚོ་བོད་མཐོ་སྒང་གི་ཉེ་འདབས་མཐའ་སྐོར་རྐྱང་རྐྱང་ཡིན་ཞིང་།   དེའང་གནའ་རྫས་རིག་གནས་ནི་མང་ཉུང་ལ་མ་བལྟོས་པའི་འབྲེལ་བ་ཡོད་པ་ལས་ཁེར་རྐྱང་དུ་གནས་པ་ཤིན་ཏུ་དཀོན་པས་ན།  གལ་ཏེ་འགོ་བརྩམ་མ་ཐག་པ་ཡིན་པའི་བོད་ཁམས་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀ་འདི་ཉིད་གོམ་གང་མདུན་སྤོས་ངང་བོད་ཡུལ་གྱི་ས་བབ་མཐོ་སའི་ཕྱོགས་སུ་ཉམས་ཞིབ་བགྱིད་ནུས་ཚེ།   འཛམ་གླིང་གི་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཀྱི་རྗེས་ཤུལ་ཏེ་ཆེས་གནའ་བོའི་འགྱུར་རྡོ་རིགས་རྙེད་སྲིད་ངེས་ཡིན་ཚུལ་སོགས་ཚན་རིག་གི་ལྟ་བ་དུ་མའི་སྒོ་ནས་ཚོད་དཔག་བྱས་ཡོད། 
          དེ་བཞིན་ཆོས་འབྱུང་མཁས་པའི་དགའ་སྟོན་ལས།  སྟོད་ཀྱི་མངའ་རིས་སྐོར་གསུམ་རྫིང་གི་ཚུལ།   བར་དུ་དབུས་གཙང་རུ་བཞི་ཡུར་བ་འདྲ།   སྨད་དུ་མདོ་ཁམས་སྒང་དྲུག་ཞིང་ལྟ་བུ།   ཀུན་ཡང་ཆུ་ཡི་རྒྱ་མཚོར་གྱུར་པའི་ནང་།   ཞེས་དང་།   ཡང་།  མཚོ་དེ་འཁོལ་བ་ཞི་ཞིང་རབ་ཏུ་བསིལ།   ཀོང་གི་ཆུ་བརླག་ཅེས་བྱའི་ཟོམ་བྱེ་བས།   རུ་བཞི་ཆུ་ཡིས་གང་བ་དེ་རུ་ཐིམ།   ཆུ་རྣམས་གཞན་ཀྱང་དེ་ལྟར་ཐིམ་པ་ཡིས།   བོད་ཁམས་ཡུལ་གྱི་རྣམ་པ་གསལ་བོར་དོད།   ཅེས་རང་རེའི་མཁས་དབང་གོང་མ་རྣམས་ཀྱིས་ཀྱང་དེང་རབས་ཚན་རིག་གི་དཔྱད་འབྲས་དང་མཐུན་པར་བོད་ཡུལ་གྱི་ཐོག་མའི་ཆགས་ཚུལ་དེ་ཞལ་གསལ་བར་གསུངས་པ་མ་ཟད།   མིའི་རིགས་ཀྱི་བྱུང་ཚུལ་ཡང་ཉེ་རབས་འཕེལ་འགྱུར་སྨྲ་བ་རྣམས་ཀྱི་དགོངས་པ་བཞིན་སྤྲ་མི་ནས་མིར་གྱུར་པ་ཡིན་ཚུལ་བཅས་ལྷ་སྒྲུང་གཏམ་རྒྱུད་ཀྱི་མཛེས་རྒྱན་སྤྲས་ཏེ་ལོ་རྒྱུས་ཡིག་ཚང་ནང་གསུངས་ཡོད་པ་ནི་ཀུན་གྱིས་མཁྱེན་གསལ་ལགས་པས་མང་མང་ཚིག་གིས་རྒྱས་སྤྲོས་མི་བྱ།
          དེ་ལྟར་བོད་ཡུལ་འདི་མིའི་རིགས་ཀྱི་ཐོག་མའི་འབྱུང་ས་ཡིན་པར་ད་ལྟའི་ས་གཤིས་ཆགས་ཚུལ་རིག་པ་དང་གནའ་རྫས་རྟོག་ཞིབ་རིག་པས་ཚོད་དཔག་བྱས་ཡོད་པར་གཞིགས་ན།  སྤྲ་མི་ནས་མིར་(新人)འགྱུར་བའི་གོ་རིམ་རིང་པོ་(ལོ་ངོ་ཁྲི་སུམ་བརྒྱར་བཞེད)དེ་ཡང་རང་ས་ཉིད་ནས་བརྒྱུད་དགོས་པ་དང་།   དེས་ན་ཨེན་ཀི་སིའི་ངལ་རྩོལ་གྱིས་མིའི་རིགས་གསར་བསྐྲུན་བྱས་པ་ཡིན་པའི་གཞུང་ལུགས་ལྟར་རང་རེའི་མེས་པོ་གོང་མ་རྣམས་ཀྱིས་ཀྱང་ཡར་ཀླུང་གཙང་པོའི་འབབ་རྒྱུད་དུ་ངལ་རྩོལ་ལ་བརྟེན་ནས་རང་ཉིད་གསར་སྐྲུན།   ངལ་རྩོལ་ལ་བརྟེན་ནས་རྡོ་ཆས་སྐྲུན།   ངལ་རྩོལ་ལ་བརྟེན་ནས་རང་སྐད་གསར་སྐྲུན།   ངལ་རྩོལ་ལ་བརྟེན་ནས་དངོས་པོ་དང་བསམ་བློའི་རྒྱུ་ནོར་གསར་སྐྲུན་བྱས་ཕྱིར་བོད་ལ་ཆེས་གདོད་མའི་དུས་ནས་སྨན་བཅོས་ལག་ལེན་བྱུང་ཡོད་པ་ནི་སྨོས་མ་དགོས་ཏེ།   ཅིའི་ཕྱིར་ན་མིའི་རིགས་བྱུང་བ་ནས་ནད་རིགས་མཆིས་པ་དང་།    ནད་ཡོད་པས་དེའི་སེལ་ཐབས་ལ་བརྩོན་ངེས་པས།   ནད་སེལ་གྱི་གཉེན་པོ་སྨན་དང་སྨན་བཅོས་བྱེད་སྟངས་བྱུང་ཞིང་རིམ་གྱིས་སྨན་བཅོས་ཉམས་མྱོང་མང་དུ་བསགས་པ་ལས་ནད་སྨན་གཉིས་བར་གྱི་རགས་པའི་ཆོས་ཉིད་ཕྲན་བུ་ཤེས་རྟོགས་བྱུང་སྟེ།   གདོད་མའི་གསོ་རིག་གཞུང་ལུགས་ཀྱི་ཐོག་མའི་རྨང་གཞིར་འགྱུར་ངེས་པ་ནི་གསོ་རིག་བྱུང་རིམ་གྱི་སྤྱི་འགྲོས་ཆོས་ཉིད་ལས་རྟོགས་ནུས་སོ།  དེ་ཡང་སྡེ་སྲིད་སངས་རྒྱས་རྒྱ་མཚོའི་གསོ་རིག་སྨན་གྱི་ཁོག་འབུགས་ལས།    ཟས་ཕན་གནོད་ཤེས་པ་ཙམ་དང་།   རྨ་གསར་པ་ལ་མར་ཁུ་བཏང་ནས་རྩ་ཁ་སྡོམ་པ།    སྦང་མའི་འཇིབ་བྱེད་པ་སོགས་ཀློ་དང་བོད་དུ་མི་ཆགས་པ་ནས་བཟུང་ཡོད་ཅེས་གསུངས་པ་ལྟར་རོ། །
          འཛམ་གླིང་གི་གནའ་བོའི་དཔལ་ཡོན་དར་སྔ་བའི་མི་རིགས་གང་ཞིག་ཡིན་ཡང་གཅིག་མཐུན་གྱི་ཆོས་ཉིད་ཅིག་ཡོད་པ་ནི།  གནའ་བོའི་ཤེས་རིག་དེ་ས་བབ་གནས་སྟངས་དང་ཆུ་བོའི་འབབ་རྒྱུད་ལ་འབྲེལ་བ་ཡོད་པ་ཤ་སྟག་སྟེ།    ས་བབ་ཀྱི་དབང་དུ་བཤད་ན།   སྐད་གྲགས་ཡོད་པའི་གནའ་བོའི་ཤེས་རིག་དར་སའི་ཡུལ་ཁམས་རྒྱ་གར་དང་།   ཀེ་རི་སེ།   ཨེད་སྒྱི་སོགས་གང་ཡང་ཨེ་ཤེ་ཡ་དང་།   ཡོ་རོབ།   ཨ་ཧྥེ་རི་ཁ་སྟེ་སྐམ་ས་ཆེན་པོ་ཁོ་ནར་གནས་པ་དང་།   ཆུ་རྒྱུད་ཀྱི་དབང་དུ་བཤད་ན།   ཧིན་རྡུ་ཆུ་བོའི་འབབ་རྒྱུད་ཀྱི་རིག་གནས་ཏེ་ཀེ་རི་སེའི་དཔལ་ཡོན།    ཉེའུ་རོ་ཆུ་བོའི་འབབ་རྒྱུད་ཀྱི་རིག་གནས་ཏེ་ཨེད་སྒྱིའི་དཔལ་ཡོན་ཅེས་ཡོངས་སུ་གྲགས་པ་དང་།   དེ་བཞིན་བོད་ཡུལ་འདིའང་ས་བབ་ཀྱི་སྒོ་ནས་འཛམ་གླིང་གི་སྐམ་ས་ཆེན་པོ་ཡོངས་ཀྱི་དབུས་འགྱུར་ཨ་ཤེ་ཡའི་གླིང་དཀྱིལ་དུ་གནས་པ་དང་།   ཆུ་རྒྱུད་ཀྱི་ཐད་ནས་ཡར་ཀླུང་གཙང་པོའི་འབབ་ཡུལ་དུ་གྱུར་པའི་ཡར་ཀླུང་ས་ཆ་ནི་ཡོངས་གྲགས་བོད་ཀྱི་ལོ་རྒྱུས་ལྟར་ན།   མི་ལ་སྔ་བ་དང་།  རྒྱལ་པོ་ལ་སྔ་བ།   ཕོ་བྲང་ལ་སྔ་བ།   ཞིང་ལས་ལ་སྔ་བ།   མཁས་པ་ལ་སྔ་བ་ཞེས་རིག་གནས་དར་སྔ་བའི་ས་ཆ་ཞིག་ཏུ་གྱུར་ཡོད་པས།   ཡར་ཀླུང་ས་ཁུལ་གྱི་རིག་གནས་གཞི་རྐང་བྱས་པའི་གནའ་བོའི་བོད་ཀྱི་དཔལ་ཡོན་དེ་ལ་ཡར་ཀླུང་གཙང་པོའི་འབབ་རྒྱུད་ཀྱི་རིག་གནས་(雅鲁藏布江流域文明)ཞེས་མིང་གིས་བསྙད་ན་ཤིན་ཏུ་འཚམ་པར་རིགས་ཏེ།   མི་སྔར་ཀྲུང་གོའི་ཚན་རིག་ཉེན་ཞིབ་ཚོགས་པས་ཀྱང་ཡར་ཀླུང་གཙང་པོའི་གྲོག་རོང་ཆེན་མོ་གསར་རྟོགས་ཀྱི་སྙན་ཞུའི་ནང་།   ཡར་ཀླུང་གཙང་པོའི་འབབ་ཡུལ་གྱིས་བོད་ཁམས་དང་།   བོད་མི།   བོད་ཀྱི་ཤེས་རིག་བཅས་ལེགས་བསྐྲུན་མཛད་ཡོད་པར་གསུངས་པ་(雅鲁藏布江大峡谷上段直到中游的藏南地区,显然受制于大峡谷水气通道的印象,它滋润了高原雪域大地,造就了藏民族的起源与藏文化的发展)①ནི་ལེགས་བཤད་དུ་འཁུམས་སོ། །
          དེས་ན་བོད་འདིར་མཚོ་བོད་མཐོ་སྒང་འབུར་ཐོན་བྱུང་བ་སྟེ་སྤྲ་ནས་མིར་འགྱུར་བའི་གལ་ཆེའི་ཆ་རྐྱེན་འཛོམས་པས་མིའི་རིགས་ཀྱི་ཐོག་མའི་འབྱུང་ཁུངས་ཡིན་སྲིད་པར་སྙམ་པ་དང་།   གནའ་བོའི་ཤེས་རིག་དཔལ་ཡོན་དར་བའི་ཆ་རྐྱེན་ངེས་ཅན་ཏེ་འཛམ་གླིང་གི་སྐམ་ས་ཆེན་པོའི་དཀྱིལ་སྙིང་དང་ཆུ་བོའི་འབབ་རྒྱུད་མཆིས་པས།   རང་རེའི་ཡབ་མེས་རྣམས་ཀྱིས་ཡར་རླུང་གཙང་པོའི་འབབ་རྒྱུད་དུ་རང་གི་ངལ་རྩོལ་ལ་བརྟེན་ནས་གནའ་བོའི་ཤེས་རིག་དཔལ་ཡོན་གསར་བསྐྲུན་བགྱིས་སྔ་བ་དང་།   ཤེས་རིག་གསར་སྐྲུན་གྱི་གོ་རིམ་ནང་དུ་སྨན་དཔྱད་རིག་པའི་གདོད་མའི་གཞུང་ལུགས་ཀྱི་མྱུ་གུ་བསྐྲུན་པ་ལ་སྔ་དུས་ནས་སྨན་བཅོས་ལག་ལེན་ལ་བརྟེན་ནས་ཐོག་མའི་རྨང་གཞི་བཏིང་ཡོད་པ་བཅས་ནི་དེ་ལས་དེ་བྱུང་གི་གཏན་ཚིགས་ཀྱི་འབྲེལ་བས་གྲུབ་བོ། །
གཉིས་པ།  གནའ་རྫས་རྟོག་ཞིབ་རིག་པའི་སྒོ་ནས་དཔྱད་པ།
          ཡོ་བྱད་བཟོ་ཤེས་པ་ནི་མིའི་རིགས་ཀྱི་མཚོན་རྟགས་ཏེ་རྡོ་ཆས་སྤྱོད་པའི་དུས་རབས་འགོ་ཚུགས་པ་ནས་བརྩིས་པ་ཡིན་ལ།   དེང་གི་གནའ་རྫས་རྟོག་ཞིབ་ཀྱི་རིགས་ལམ་ལྟར་ན་རྡོ་ཆས་སྤྱོད་པའི་དུས་རབས་ལ་རྡོ་ཆས་རྙིང་པ་དང་།   རྡོ་ཆས་བར་མ།  རྡོ་ཆས་གསར་པ་བཅས་གསུམ་དུ་བགྲང་།   བོད་དུ་གནའ་རྫས་རྟོག་ཞིབ་ཀྱི་ལས་ཀའི་འགོ་ད་ལྟ་བརྩམ་མ་ཐག་ཡིན་པས།   མིག་སྔར་བཙལ་རྙེད་བྱུང་བའི་གནའ་རྫས་ལས་མིའི་རིགས་བྱུང་བའི་ལོ་རྒྱུས་ལ་ཡང་དག་པའི་སྡོམ་ཚིག་ཅིག་འཇོག་དཀའ་ནའང་།    བོད་ལྗོངས་ཀྱི་དིང་རི་དང་།   ཤན་རྩ།   རུ་ཐོག    སྤུ་ཧྲེང་།  མཚོ་སྔོན་གྱི་ཡུལ་ཤུལ་དང་།    གོར་མོ།   གུང་ཧོ་སོགས་སུ་གསར་རྙེད་བྱུང་བའི་རྡོ་ཆས་རྙིང་པ་ཁག་ལ་(རྡུང་བཟོ་བྱས་པའི་རྡོ་ལེབ་དང་རྡོ་རྡེའུ་སོགས་ཉིས་བརྒྱ་ལྔ་བཅུ་ལྷག་ཡོད)②དཔྱད་ཞིབ་བྱས་པ་ལྟར་ན།    དེ་དག་སྲོལ་རྒྱུན་རིག་གནས་གཅིག་གི་ཁོངས་སུ་བྱུང་བའི་རྡོ་ཆས་རྙིང་པ་ཡིན་ཞིང་ད་བར་མི་ལོ་ལྔ་ཁྲི་ཙམ་སོང་ཡོད་པ་གཏན་འཁེལ་བྱུང་སྟབས།   རང་རེའི་མེས་པོ་གོང་མ་རྣམས་ཀྱིས་ལོ་ཁྲི་ཚོ་ལྔ་ཙམ་གྱི་ཡས་མས་ནས་མདོ་དབུས་མཐོ་སྒང་སྟེང་དུ་འཚོ་གནས་དང་ངལ་རྩོལ་བྱེད་བཞིན་པར་བདེན་དཔང་བཙན་པོ་ཐོབ།
          སྤྱིར་རྡོ་ཆས་སྤྱོད་པའི་དུས་སྐབས་ལ་ལོ་ངོ་ཁྲི་ཚོ་སུམ་བརྒྱ་ཙམ་གྱི་ལོ་རྒྱུས་མཆིས་པ་དང་།    དེ་ལས་རྡོ་ཆས་གསར་པ་སྤྱོད་པའི་དུས་ཚོད་ནི་རྡོ་ཆས་རྙིང་པའི་དུས་དང་བསྡུར་བས་ཤིན་ཏུ་ཐུང་བ་སྟེ།    འཛམ་གླིང་གི་ཁྱབ་ཁོངས་སུ་ཕལ་ཆེར་ཁྲི་ཕྲག་གཅིག་གི་སྔོན་ནས་ད་གཟོད་རྡོ་ཆས་གསར་པ་སྤྱོད་པའི་དུས་སྐབས་སུ་སླེབས་པ་ཡིན་མོད།   འོན་ཀྱང་མིའི་རིགས་ཀྱི་ལོ་རྒྱུས་ཧྲིལ་པོའི་ཁྲོད་དུ་རྡོ་ཆས་གསར་པའི་དུས་སྐབས་དེ་ནི་དོན་སྙིང་ཆེན་པོ་ལྡན་པའི་དུས་རབས་ཤིག་སྟེ།   མི་རྣམས་ཀྱི་སྤྱི་ཚོགས་སྒྲིག་གཞི་ཉིད་དེ་སྔོན་གྱི་གདོད་མའི་སྤྱི་ཚོགས་ནས་རུས་རྒྱུད་ཚོ་པར་གྱུར་པ་དང་།    དེ་དང་མཉམ་དུ་གྲལ་རིམ་སྤྱི་ཚོགས་ཀྱི་ཐོག་མ་སྟེ་བྲན་གཡོག་ལམ་ལུགས་ཀྱི་བར་བརྒལ་དུས་རབས་སུ་བསྐྱོད་འགོ་བརྩམས་ཤིང་།    དེའི་སྐབས་དེའི་ཆེས་རླབས་ཆེན་གྱི་གྲུབ་འབྲས་ནི་ཞིང་ལས་ཐོན་སྐྱེད་བྱུང་བ་དེ་ཡིན་ལ།    དེའི་རྐྱེན་གྱིས་དུས་ཕྱིས་མི་རྣམས་ཀྱིས་རྡོ་ཆས་གསར་པ་སྤྱོད་པའི་དུས་སྐབས་དེའ་འཕོ་འགྱུར་ཐེངས་གསུམ་(གདོད་མའི་སྤྱི་ཚོགས་ཀྱི་ཞིང་ལས་གསར་བརྗེ་དང་། ཉེ་རབས་སྤྱི་ཚོགས་ཀྱི་བཟོ་ལས་གསར་བརྗེ།   དེང་རབས་སྤྱི་ཚོགས་སུ་དར་བཞིན་པའི་བརྡ་འཕྲིན་གསར་བརྗེ)གྱི་ཡ་གྱལ་“ཞིང་ལས་གསར་བརྗེའི་དུས་རབས་”ཞེས་ཀྱང་འབོད།
          ཉེ་བའི་ལོ་འགའི་རིང་ཀན་སུའུ་དང་མཚོ་སྔོན་གཉིས་འབྲེལ་མཚམས་ཀྱི་མ་ཅ་ཡོའི་གནའ་ཤུལ་དང་།   མཚོ་སྔོན་གྱི་ལྕང་ར།   ཀོས་ནན།   བོད་ལྗོངས་ཀྱི་ཉིང་ཁྲི་དང་།   མེ་ཏོག    ལྷ་ས།    ལྷུན་གྲུབ།    སྣེ་གདོང་།    མངའ་རིས།    ཆབ་མདོ་སོགས་སུ་རྡོ་ཆས་གསར་པའི་རིག་རྫས་ཅུང་མང་དུ་རྙེད་པ་དང་།   མིག་སྔའི་རྟོག་ཞིབ་ཀྱི་འབྲས་བུ་ལྟར་ན་དེ་དག་ཕལ་ཆེ་བར་མི་ལོ་ལྔ་སྟོང་ཡས་མས་ཀྱི་ལོ་རྒྱུས་ལྡན་ཞིང་སྲོལ་རྒྱུན་རིག་གནས་གཅིག་གི་ཁོངས་སུ་བྱུང་བའི་རྡོ་ཆས་ཡིན་པ་གསལ་ལ།     དུས་དེར་རུས་རྒྱུད་ཚོ་པར་སླེབས་ཤིང་ཞིང་ལས་ཐོན་སྐྱེད་བྱུང་ཡོད་ཚུལ་ཡང་ར་གསལ་པོ་འཕྲོད་དེ།    ཆབ་མདོའི་མཁར་རོའི་གནའ་ཤུལ་གྱི་ས་འོག་ཏུ་འབྲུ་རིགས་སོ་བ་དང་།    མ་རྨོས་ལོ་ཏོག་ཕུང་ཐལ་སོགས་རྙེད་པ་དང་།    “ལྷ་སའི་ཆུ་གོང་གནའ་ཤུལ་ནི་ཡི་གེ་མ་བྱུང་སྔོན་གྱི་མཐོ་སྒང་གི་ཞིང་རྨོ་རིག་གནས་ཤིག་ཡིན་པ་”③སོགས་ཀྱིས་མཚོན་ནོ།    ང་ཚོས་རྡོ་ཆས་གསར་པ་སྤྱོད་པའི་གནའ་ཤུལ་ལས་ཐོན་པའི་ཁང་ཤུལ་དང་།    ཐབ་ཀ    ཐལ་སྒམ།    རུས་ཁབ།    རྫ་ཆས་དང་བྲག་བརྐོས་ཞབས་བྲོའི་རི་མོ་སོགས་ལ་ཅུང་ཟད་དཔྱད་ཚེ།    རང་རེའི་ཡང་མེས་རྣམས་ཀྱིས་ལོ་ལྔ་སྟོང་ལྷག་གི་གོང་ནས་ཁང་ཁྱིམ་བསྐྲུན་པ་དང་།    ཟས་སྐོམ་བཙོག་བསྲེག་བྱེད་པ།    རྒྱན་གོས་བཀླུབས་ཤིང་ཞབས་བྲོ་འཁྲབ་པ་སོགས་ལ་བརྟེན་ནས་འཚོ་བའི་ཁོར་ཡུག་ཇེ་ལེགས་སུ་བཏང་ཐོག་ལུས་ཁམས་འཕྲོད་བསྟེན་བདེ་སྲུང་གི་བྱ་གཞག་ལ་འབྲས་བུ་ཆེན་པོ་ཐོག་ཡོད་པ་ཤེས་ཐུབ་བོ། །    ད་ལྟ་དཔྱོད་ལྡན་ལ་ལས་“མཁར་རོའི་གནའ་ཤུལ་ལས་ཐོན་པའི་རུས་ཆས་སུ་རུས་འབིགས་དྲུག་ཡོད་པ་ནི་ལུས་ཀྱི་རྨ་སོགས་ཀྱི་རྣག་བརྟོལ་བ་དང་ཡང་ན་དམིགས་བསལ་གྱི་ཁྲག་གཏར་བྱེད་ཀྱི་ཡོ་བྱད་འབིགས་ཡིན་པ་གསལ་ལོ། །”④ཞེས་པར་བལྟས་ན།   སྐབས་དེ་དུས་ནས་རང་རེའི་ལྗོངས་འདིར་ཁྲག་སོགས་གཏར་བའི་སྲོལ་ཡོད་ཅིང་དཔྱད་བཅོས་ལག་ལེན་གྱི་ཆུ་ཚད་ངེས་ཅན་ཞིག་ཏུ་སླེབས་ཡོད་པ་རྟོགས་ནུས་ཏེ།    རྒྱུད་བཞིའི་མཇུག་དོན་ལས་ཀྱང་།   དོལ་པོའི་ཡུལ་དུ་གཏར་ག་གཙོ་བོར་བསྟན།    ཞེས་གསུངས་པ་དང་དོལ་པོ་ནི་ད་ལྟའི་མངའ་རིས་ཀྱི་ཁོངས་སུ་ཚུད་པའི་གནའ་བོའི་བྱེ་བྲག་པ་ཅིག་ཡིན་པར་མཁས་དབང་ཆེན་མོ་ཁྲོ་རུ་ཚེ་རྣམ་མཆོག་གིས་བཞེད་དོ། །
          བོད་རང་ལ་ཀླད་རུས་ཕྱེས་ནས་ཀླད་སྲིན་དང་རྣག་ཐུམ་སྐྲན་རིགས་ལེན་པའི་གཏམ་རྒྱུད་དང་སྨན་པ་མཁས་པས་ཀླད་རུས་ཕུག་པའི་ལོ་རྒྱུས་སོགས་སྔོན་གྱི་རྣམ་ཐར་ཡིག་ཚང་ནང་མང་དུ་མཐོང་བ་དང་།   ཉེ་ཆར་མ་ཅ་ཡོ་དང་དེ་བཞིན་མཚོ་སྔོན་ལྕང་རའི་བང་སོའི་ཚོགས་ལས་རྙེད་པའི་མགོ་རུས་གསུམ་(ཕོ་གཞོན་གཉིས་དང་རྒན་པོ་གཅིག)གྱི་སྟེང་དུ་ཆེ་ཆུང་མཉམ་པའི་བུ་ག་སྒོར་དབྱིབས་ཅན་ཡོད་ལ།    གནའ་རྫས་རྟོག་ཞིབ་ཀྱི་རིགས་ལམ་སྤྱད་ནས་དབྱེ་ཞིབ་བྱས་པ་ལྟར་ན་མགོ་རུས་དེ་གསུམ་ག་རྡོ་ཆས་གསར་པ་སྤྱོད་པའི་དུས་རབས་ཏེ་ད་བར་ལོ་ངོ་ལྔ་སྟོང་ལྷག་འདས་པར་བཞེད་ཅིང་།    ཀླད་རུས་བུ་གའི་མཐའ་འཁོར་དུ་རུས་གསར་སྐྱེས་ཡོད་པར་གཞིགས་ན།    ལག་ཐབས་འདི་སྦྱོར་སྐབས་ནད་པའི་སྲོག་བཏང་མེད་ཅིང་གཤགས་བཅོས་ལེགས་འགྲུབ་བྱུང་བ་མཚོན་ནོ། །    དེ་བས་གངས་ཅན་ལྗོངས་འདིར་མི་ལོ་ལྔ་སྟོང་ལྷག་གོང་གི་རྡོ་ཆས་གསར་པ་སྤྱོད་པའི་དུས་རབས་སུ་སྨན་དཔྱད་རིག་པའི་ལག་རྩལ་སྤྱིར་བཏང་ཙམ་མ་ཡིན་པར་ཀླད་རུས་གཤགས་བཅོས་(颅骨开窗术)བྱེད་པའི་ཆུ་ཚད་མཐོན་པོར་སླེབས་ཡོད་པར་དོན་དངོས་ར་སྤྲོད་བྱུང་བ་མ་ཟད།    སྔ་མོ་ནས་པུར་རྒྱལ་བོད་ཀྱི་ཤེས་རིག་སྤྱི་དང་སྒོས་སུ་གསོ་དཔྱད་ལག་རྩལ་དར་རྒྱས་ཆེན་པོ་བྱུང་ཡོད་པ་ནི་དཔལ་ལྡན་རྒྱུད་བཞིའི་མཚོན་རྨ་གསོ་བའི་ལེའུ་དང་ད་ཡོད་ཀྱི་སྲོལ་རྒྱུན་ཆ་དཔྱད་དག་གི་སྟེང་ནས་ཀྱང་དཔག་ནུས་ལ།    《འཛམ་གླིང་གི་གནའ་རབས་དཔལ་ཡོན་》དུ།    ཀླད་རུས་གཤགས་བཅོས་བྱས་མྱོང་བའི་མགོ་རུས་ནི་གནའ་བོའི་རླབས་ཆེན་གྱི་ཤེས་རིག་དར་སའི་བང་སོའི་གནའ་ཤུལ་ལས་ད་ལྟ་མང་དུ་རྙེད་དོ། །    ཞེས་པ་གནད་ལ་འཁེལ་བའི་གསུང་དུ་འཁུམས།
          ཤེས་རིག་གི་དར་སྤེལ།    མི་རིགས་གནས་སྤོར།    དམག་དོན།   ཕྱི་འབྲེལ་སོགས་གང་ཡིན་ཡང་“འགྲིམ་ལམ”ལ་རག་མི་ལུས་པ་གཅིག་ཀྱང་མེད།    དེ་སྔ་གནའ་བོའི་ཤར་ནུབ་རྒྱལ་ཁབ་ཁག་བར་གྱི་འགྲིམ་འགྲུལ་གླེང་སྐབས་སུ་སྤྱིར་བཏང་དུ་རང་རྒྱལ་གྱི་“དར་ཟབ་འགྲིམ་ལམ” (丝绸之路)གཅིག་པོ་མ་གཏོགས་བགྲང་སྲོལ་མེད་པ་དང་།    དུས་རབས་ཉི་ཤུ་པའི་ལོ་རབས་བརྒྱད་ཅུའི་མཇུག་ཏུ་རང་རྒྱལ་གྱི་རྒྱ་རིགས་མཁས་དབང་ཁ་ཅིག་གིས་⑤མཚོ་བོད་མཐོ་སྒང་བརྒྱུད་ནས་གནའ་བོའི་ཤར་ནུབ་རྒྱལ་ཁབ་ཁག་བར་འགྲོ་འོང་བྱེད་སའི་ལམ་ག་གཙོ་བོ་ཞིག་ཡོད་པ་སྟེ།    དེ་ནི་“གླ་རྩིའི་འགྲིམ་ལམ”(麝香之路)ཞེས་གཙོ་བོ་བོད་ཀྱི་གླ་རྩི་དང་།    ནང་སའི་དར་གོས་སྐྱེལ་འདྲེན་བྱེད་སའི་ཚོང་ལམ་ཞིག་ཡིན་པ་དང་།    གཞན་དམག་དོན་དང་།    ཕྱི་འབྲེལ།    ཆོས་ལུགས་དར་སྤེལ་བཅས་ཀྱི་ལམ་ག་ཞིག་ཏུའང་གྱུར་ཡོད་ངེས་ལ།    ལོ་ཚིགས་ནི་སྤྱི་ལོ་དུས་རབས་བདུན་པའི་སྔོན་ཡིན་པ་སོགས་བོད་ལྗོངས་སྐྱིད་རོང་རྫོང་གི་བཙན་པོའི་དུས་སྐབས་ཀྱི་བྲག་བརྐོས་ཡི་གེར་གཞི་བཅོལ་ནས་གསུངས་ཡོད།     དུས་རབས་བདུན་པའི་སྔ་གཞུག་ཏུ་པུར་རྒྱལ་བོད་ཀྱི་གླ་རྩི་དེ་རྒྱུན་ཆད་མེད་པར་ཨ་རབ་དང་འཛམ་གླིང་གི་རྒྱལ་ཁབ་སོ་སོར་སླེབས་ཤིང་འཛམ་གླིང་སྟེང་གི་ཆེས་བཟང་པའི་གླ་རྩི་⑥ཞེས་བསྔགས་བརྗོད་གནང་ཡོད་པ་དང་།    རང་རྒྱལ་དང་ནུབ་ཕྱོགས་རྒྱལ་ཁབ་དུ་མའི་གནའ་དཔེར་བཀོད་པའི་སྨན་རྫས་གུར་གུམ་དང་།    སྒ    ལྕུམ་རྩ།    རི་ཤོ་སོགས་ཐོག་མར་བོད་ནས་དར་བ་⑦བཅས་གང་ཡང་གོང་དུ་བཤད་ཟིན་པའི་“གླ་རྩའི་འགྲིམ་ལམ”བརྒྱུད་ནས་དར་ཁྱབ་སོང་བ་ཡིན་པ་ནི་གདོན་མི་ཟ།
          གནའ་རྫས་རྟོག་ཞིབ་རིག་མཁས་པས་མཚོ་བོད་མཐོ་སྒང་དུ་བྱུང་བའི་རྡོ་ཆས་གསར་རྙིང་གི་རིག་གནས་དང་ས་གནས་གཞན་པའི་རྡོ་ཆས་བར་བསྡུར་དཔྱོད་བྱས་པ་བརྒྱུད་ཕན་ཚུན་འདྲ་མཚུངས་ཡོད་ཚུལ་མང་པོ་ཞིག་རྟོགས་པ་སྟེ།   དཔེར་ན་མཚོ་སྔོན་ལྕང་ར་ནས་རྙེད་པའི་ཀླད་རུས་གཤགས་བཅོས་ཀྱི་མགོ་རུས་དང་ཡོ་རོབ་གླིང་ཆེན་ས་ཁུལ་ནས་ཐོན་པའི་མགོ་རུས་གཤགས་བཅོས་གཉིས་ཁྱད་ཆོས་གཅིག་འདྲ་ཡིན་པ་དང་།   (སྤྱིར་རིག་གནས་ཕར་དར་ཚུར་དར་ཀྱི་ཀླན་ཀ་མང་ཞིང་ལྷག་ཏུ་ལག་ཐབས་འདིའི་ཐོག་མའི་འབྱུང་ཁུངས་གང་ཡིན་གནས་སྐབས་སུ་བཤད་དཀའ)ཆབ་མདོ་མཁར་རོའི་གནའ་ཤུལ་ལས་བྱུང་བའི་རིག་རྫས་ཁག་ཅིག་ནི་མི་ལོ་ཆིག་ཁྲི་ལྷག་གི་ལོ་རྒྱུས་ལྡན་པའི་དབྱི་ལང་གི་རྡོ་ཆས་ཁག་དང་འབྲེལ་བ་ཟབ་པ་ལྟ་བུའོ།    དེ་ལས་བོད་ཡུལ་འདི་ཆེས་གནའ་སྔ་མོའི་དུས་ནས་བཟུང་ཨེ་ཤེ་ཡ་ཤར་མ་དང་།   ལྷོ་མ།    དཀྱིལ་མ་བཅས་དང་།   ཐ་ན་ཨ་ཤེ་ཡ་ནུབ་མ་དང་།   གླིང་ཆེན་ཡོ་རོབ།    ཨ་ཧྥེ་རི་ཁ་བྱང་མ་སོགས་དང་ཡང་རིག་གནས་བརྗེ་རེས་བྱས་མྱོང་བར་རིག་པས་བདེན་དཔང་སྤྲད་ཡོད་པ་དང་།   དེ་མིན་མདོ་དབུས་མཐོ་སྒང་གི་ས་བབས་གནས་སྟངས་ཀྱི་ཐད་ནས་བཤད་ན།    ཨ་ཤེ་ཡ་དང་།    ཡོ་རོབ།    ཨ་ཧྥ་རི་ཁ་བཅས་འཛམ་གླིང་གི་སྐམ་ས་ཆེན་པོའི་ལྟེ་བར་གྱུར་ཡོད་པ་སོགས་ཀྱི་རྒྱུ་མཚན་ལས།    གངས་ལྗོངས་ས་ཁུལ་འདི་རྡོ་ཆས་གསར་རྙིང་སྤྱོད་པའི་དུས་རབས་ནས་པུར་རྒྱལ་བཙན་པོའི་རྒྱལ་རབས་བར་དུ་གནའ་བོའི་ཤར་ནུབ་ས་ཁུལ་འབྲེལ་བྱེད་ཀྱི་ལམ་ག་ཞིག་ཏུ་དོན་དངོས་ཀྱི་སྟེང་ནས་གྲུབ་པས།    “གླ་རྩིའི་འགྲིམ་ལམ་”ལྟར་གཙོ་བོའི་བྱེད་ལས་ཚོང་ལམ་མ་ཡིན་པའི་ལམ་ག་ཞིག་སྟེ།    དེར་མཁས་དབང་ལ་ལས་“མཐོ་སྒང་འགྲིམ་ལམ”⑧ཞེས་མིང་གིས་བོས་པ་ནི་དོན་དངོས་དང་མཐུན་སྙམ།
          དེ་ལས་ང་ཚོས་ཅུང་སླ་མོར་ཤེས་ཐུབ་པ་ནི།    གནའ་བོའི་དུས་དུ་མཚོ་བོད་མཐོ་སྒང་ཉིད་མ་གཞི་ནས་ཤར་ནུབ་བར་གྱི་རིག་གནས་སྤེལ་རེས་བྱེད་སའི་ལམ་ག་ཞིག་ཏུ་གྱུར་ཡོད་པས།    ཕྱི་ཕྱོགས་ལ་འབྲེལ་འདྲིས་ཟབ་ཅིང་དེའི་མཚུངས་སུ་རིག་གནས་མང་པོའི་ལེགས་ཆའང་སྡུད་ལེན་བྱེད་ངེས་པ་ནི་གཞན་ཕར་ཞོག་དུས་རབས་བརྒྱད་པའི་ནང་བྱུང་བའི་གསོ་རིག་རྒྱུད་བཞིའི་ནང་དོན་གྱི་ཆ་ལ་བལྟས་པ་ཙམ་གྱིས་ཀྱང་ཤེས་ལ།    དེ་བཞིན་སྤྱི་ལོ་དུས་རབས་དགུ་བའི་སྔོན་ལ་བོད་དུ་གྲགས་ཆེ་བའི་གསོ་དཔྱད་སྨྲ་བའི་ལུགས་ཏེ་ཞང་ཞུང་གི་ལུགས་དང་།    སྤུ་རྒྱལ་གྱི་ལུགས།    གཡུང་དྲུང་བོན་གྱི་ལུགས།    མི་ཉག་གི་ལུགས།    དོལ་པོའི་ལུགས།    འ་ཞ་ཧོར་གྱི་ལུགས།    མོན་གྱི་ལུགས།    རྒྱ་གར་གྱི་ལུགས།   ཚངས་པ་ལྷའི་ལུགས།    འཕགས་པ་བྱང་ཆུབ་སེམས་དཔའི་ལུགས།    དྲང་སྲོང་གི་ལུགས།    ཐགས་བཟང་ལྷ་མ་ཡིན་གྱི་ལུགས།    ཕྱི་པའི་ལུགས།    ནང་པའི་ལུགས།    རྒྱ་ནག་གི་ལུགས།    བལ་པོའི་ལུགས།     ཁ་ཆེའི་ལུགས།    སོག་པོའི་ལུགས།    གར་ལོག་གི་ལུགས།    ཏ་ཟིག་གི་ལུགས།    ཁྲོམ་གྱི་ལུགས།(希腊学派)ཟ་ཧོར་གྱི་ལུགས།    གེ་སར་གྱི་ལུགས།(罗马拜占庭学派)ཨོ་རྒྱན་གྱི་ལུགས།    དྲུ་གུའི་ལུགས།    ལི་ཡུལ་གྱི་ལུགས་སོགས་⑨གསོ་དཔྱད་ཀྱི་རང་ལུགས་མི་འདྲ་བ་སུམ་ཅུར་ཉེ་བ་ཙམ་ཞིག་ས་གནས་གཅིག་ཏུ་དར་ཡོད་པ་དེ་འདྲ་འཛམ་གླིང་གི་གསོ་རིག་ལོ་རྒྱུས་གང་དུའང་དཀོན་པ་དང་།    དེས་སྐབས་དེར་བོད་ཀྱི་གསོ་རིག་ལོ་རྒྱུས་སྟེང་མཁས་བརྒྱ་འགྲན་གླེང་གི་རྣམ་པ་རྒྱ་ཆེན་པོ་ཞིག་ཆགས་ཡོད་པའང་གསལ་པོར་བསྟན་ནོ།    འོན་ཏེ་གྲངས་འབོར་སུམ་ཅུར་ཉེ་བའི་གསོ་དཔྱད་རང་ལུགས་དེ་དག་ལོ་རྒྱུས་ཀྱི་ཆུ་རྒྱུན་རིང་མོའི་ཁྲོད་“མཐོ་སྒང་འགྲིམ་ལམ”བརྒྱུད་ནས་རིམ་གྱིས་དར་འཕེལ་བྱུང་བ་ལས་དུས་ཚོད་ཐུང་ངུའི་ནང་གློ་བུར་དུ་བྱུང་བ་མིན་པ་ནི་ང་ཚོས་ཤེས་དགོས།    དེ་བས་བོད་ཡུལ་འདི་རྡོ་ཆས་གསར་རྙིང་གི་དུས་རབས་ནས་ཤེས་རིག་དར་རྒྱས་སུ་འགྲོ་བའི་ཆ་རྐྱེན་གཙོ་བོ་སྟེ་“འགྲིམ་ལམ”ཞིག་ཏུ་གྱུར་ཡོད་པའི་དབང་གིས།    གཞན་དང་རྒྱུན་ཆད་མེད་པར་རིག་གནས་སྤེལ་རེས་བྱས་པ་ལ་བརྟེན་ནས་གསོ་བ་རིག་པ་ཚུད་པའི་སྐབས་དེའི་བོད་མིའི་ཤེས་རིག་དཔལ་ཡོན་མཐའ་དག་ཡར་རྒྱས་གོང་འཕེལ་དུ་མི་འགྲོ་རང་འགྲོ་ཡིན་ངེས་པ་ནི་ད་ལྟའི་སྤྱི་ཚོགས་ཀྱི་འགྲིམ་འགྲུལ་ལ་འབྲེལ་བ་ཡོད་པའི་གནས་ལུགས་ཕྲ་མོ་དག་གིས་ཀྱང་དཔག་ནུས་སོ།
          དེ་སྔ་གནའ་རྫས་རྟོག་ཞིབ་རིག་པའི་ལམ་ནས་བོད་ཀྱི་ཤེས་རིག་བྱུང་ཚུལ་ཐད་དུ་བདེན་དཔང་རེ་གཉིས་རྙེད་ཡོད་པ་དང་།    རང་རེའི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་གོམ་འགྲོས་མུ་མཐུད་མདུན་དུ་བསྐྱོད་པ་ལ་བརྟེན་ནས།   སླད་ཕྱིན་སྔར་ལས་ལྷག་པའི་རྒྱུ་ཆ་གསར་པ་མང་པོ་རྙེད་སྲིད་ངེས་ཡིན་པར་གོར་མ་ཆག་གོ །
གསུམ་པ།    གནའ་རབས་ཞང་བོད་ཀྱི་དཔྱད་གཞི་ཡིག་ཆའི་སྒོ་ནས་དཔྱད་པ།
          ཏུན་ཧོང་ནས་རྙེད་པའི་བོད་ཀྱི་སྨན་བཅོས་ཤོག་དྲིལ་མཇུག་བྱང་ཏུ།    དཔྱད་ཡིག་འདི་ནི་ཕྱག་སྦལ་ན་ཡང་མེད་དེ།    ཞང་ཞུང་གི་དཔྱད་ཕུག་པ་དང་སྦྱར་ཏེ་བགྱིས་པ་ལགས་སོ།    ཞེས་ཚད་ཐུབ་ཡིག་ཆའི་ནང་ཞང་བོད་གསོ་རིག་ལ་ལོ་རྒྱུས་ཡུན་རིང་ལྡན་ཚུལ་སྔ་མོ་ནས་གསལ་བ་དང་།    དུས་རབས་བརྒྱད་པར་གཡུ་ཐོག་ཡོན་ཏན་མགོན་པོས་མཐའ་བཞིའི་མཁས་པ་མི་དགུ་དང་ཞལ་འཛོམས་ཀྱིས་རྒྱ་གར་སྨན་པའི་དྲི་བར་ལན་བསྐྱོན་སྐབས།    ཞང་ཞུང་གི་ལུགས་ལ་ནད་ཐུར་དུ་བབས་པ་བཤལ་གྱི་རྒྱུད།    གཡུང་དྲུང་བོན་གྱི་ལུགས་ལ་ནད་ཞི་བར་བྱེད་པ་དུགས་ལུམས་བྱུག་གསུམ་གྱི་རྒྱུད་ཡོད་ཅེས་གསུངས་པའི་སྐོར་གཡུ་ཐོག་རྣམ་ཐར་དུ་གསལ་བ་དང་།    ད་ལྟའི་གསོ་རིག་རྒྱུད་བཞིའི་ཡ་གྱལ་ཕྱི་མ་རྒྱུད་ཀྱི་ནང་ཚན་སྦྱོང་བྱེད་ལས་ཀྱི་མདོ་ཞེས་པའི་ནང་དུ་སྦྱོང་བྱེད་ལས་ཀྱི་བརྗོད་བྱ་གཙོ་བོར་གྱུར་པ་བཤལ་གྱི་ལེའུ་དང་།    འཇམ་རྩུབ་དཔྱད་ཀྱི་མདོ་ཞེས་པར་དུགས་ལུམས་བྱུག་གསུམ་གྱི་ལེའུ་སོ་སོར་ཡོད་པ་དང་།    དེ་བཞིན་སྡེ་དགེའི་པར་མའི་གསོ་རིག་རྒྱུད་བཞིའི་མཇུག་བྱང་དུའང་གཡུ་ཐོག་པ་ཉིད་ཀྱིས་མི་རིགས་གཞན་གྱི་སྨན་གཞུང་གི་ལེགས་ཆ་དང་ཡང་སྒོས་འཁོར་ལོ་རྒྱལ་པོའི་བེ་བུམ་ལྟ་བུ་ཞང་ཞུང་གི་སྨན་དཔྱད་ཀྱི་དགོངས་པ་བླངས་ནས་བརྩམ་ཚུལ་འཁོད་ཡོད་པ་མ་ཟད།     རྒྱུད་བཞིའི་ནང་དར་ཡ་ཀན་དང་།    སླེ་ཏྲེས།    ད་ཏྲིག    མོན་ཆ་ར།    བ་རུ་ར།    ཏྲེས་སམ་སོགས་སྔ་རབས་ཞང་ཞུང་གི་སྨན་མིང་མི་ཉུང་བ་མཐོང་རྒྱུ་ཡོད་ཅིང་།    ལྷག་ཏུ་མཚོན་རྨ་གསོ་བའི་ལེའུ་རྣམས་སུ་བོད་གནའ་བོའི་བརྡ་རྙིང་གོ་དཀའ་བ་མང་པོ་ཞིག་ཡོད་པ་དེ་དག་གིས་ཞང་བོད་གསོ་རིག་བར་གྱི་ལོ་རྒྱུས་འབྲེལ་བ་ཇི་བཞིན་གསལ་བཤད་བྱས་ཡོད།    དེ་མིན་རང་རེའི་ཆོས་འབྱུང་ཕལ་ཆེར་བར་གཉའ་ཁྲི་བཙན་པོའི་སྐུ་རིང་ལ་ཕན་ཤེས་སྨན་དཔྱད་བོན་ཞེས་བྱ་བ་ཡོད་ཚུལ་དང་།     ཟུར་མཁར་བློ་གྲོས་རྒྱལ་པོའི་ཤེས་བྱ་སྤྱིའི་ཁོག་འབུགས་སུ།     ལྷ་ཐོ་ཐོ་རི་སྙན་ཤལ་གྱི་རིང་ལ་གསོ་དཔྱད་ཀྱི་དབུ་བརྙེས་ཟེར་བ་དེའང་མ་ངེས་ཏེ་བོན་པོ་ལ་བརྟེན་པའི་གསོ་དཔྱད་ཇི་སྙེད་ཅིག་ཡོད་པའི་ཕྱིར་རོ།    ཞེས་གསུངས་ཡོད་ལ།    ཐུའུ་བཀྭན་ཆོས་འབྱུང་ལས།    བོད་ཡུལ་མུན་པར་དམ་ཆོས་ཉི་མའི་འོད།    འཆར་བའི་ལམ་ཡངས་འཆའ་བར་གཤེན་ལུགས་ཀྱི།    སྐྱ་རེངས་ཕོ་ཉ་སྔོན་དུ་འོངས་པ་ལ།    བོན་ཞེས་གྲགས་པའི་གྲུབ་མཐའི་བྱུང་བ་གླེང་།     ཞེས་བོན་པོའི་རིག་གནས་ལ་ལོ་རྒྱུས་ཡུན་རིང་ལྡན་ཚུལ་ངང་གིས་བསྟན་ནོ།    དེ་བཞིན་དེང་དུས་འཚོ་ཞིང་བཞུགས་པའི་མཁས་དབང་ཆེན་མོ་བྱམས་པ་འཕྲིན་ལས་དང་།    ཁྲོ་རུ་ཚེ་རྣམ།     ནམ་མཁའི་ནོར་བུ།    བསམ་གཏན་སོགས་དང་།    དེང་གི་གསོ་རིག་ལོ་རྒྱུས་སྨྲ་བ་གཡུང་དྲུང་སྒམ་པོ་དང་།     ཐུབ་བསྟན་ཕུན་ཚོགས།    ལིས་ཏེ་སོགས་ཀྱིས་ཀྱང་གོང་སྨོས་ཁུངས་ལུང་དག་གི་རྗེས་སུ་འབྲངས་ནས་རང་ལུགས་བཟུང་ཡོད།    དེ་ལྟར་གནའ་དེང་གི་མཁས་པ་མང་པོ་ཞིག་གིས་ལོ་རྒྱུས་དངོས་གཙོ་སྨྲ་བའི་ཚན་རིག་གི་ལྟ་བ་སྤྱད་ནས་བོད་ཀྱི་གསོ་བ་རིག་པའི་ཐོག་མའི་འབྱུང་ཁུངས་ཉིད་གནའ་རབས་ཞང་བོད་རང་ཡིན་པ་ལུང་རིགས་ཚད་གསུམ་གྱིས་བདེན་དཔང་ཡང་དག་མཛད་ཡོད་པས་ཕྲན་གྱིས་དེའི་སྐོར་བསྐྱར་དུ་ཟློས་བའི་ངལ་བ་མི་བྱ།
          བོད་རང་ས་སྟེ་གནའ་རབས་ཞང་ཞུང་ནི་གངས་ལྗོངས་གསོ་བ་རིག་པའི་ཐོག་མའི་འབྱུང་ཁུངས་རེད་ཅེས་པའི་སྡོམ་ཚིག་འདི་ལ་གྲོས་འཆམ་པའི་རྗེས་སུ་དེ་མ་ཐག་གནད་དོན་ལྕིད་ཏིག་གེ་བ་ཞིག་ང་ཚོའི་མདུན་དུ་ལྷགས་ཡོད་པ་ནི།    དེའི་མཚོན་རྟགས་ཀྱི་གསོ་རིག་གཞུང་ངམ་བསྟན་བཅོས་ཅི་ཡོད་དང་།    རྩོམ་པ་པོ་སུ་ཡིན།    ལོ་ཚིགས་ནམ་བྱུང་སོགས་ངོ་སྤྲོད་བྱེད་ཐུབ་རྒྱུ་དེ་རེད།    མིག་སྔའི་ལག་སོན་གྱི་དཔྱད་ཡིག་ལྟར་ན།    ཡབ་གཤེན་རབ་མི་བོ་ཆེ་དང་ཡུམ་ཧོས་བཟའ་རྒྱས་མེད་གཉིས་ཀྱི་སྲས་བགྲེས་པ་མཚན་ལ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཞུ་བ་དེ་ནི་སྔ་རབས་ཞང་ལུང་གི་གསོ་རིག་བསྟན་པའི་སྒྲོན་མེ་ཞིག་ཏུ་གྱུར་ཡོད་པ་མ་ཟད།    བོད་ཀྱི་གསོ་དཔྱད་གཞུང་ལུགས་ཀྱི་ལོ་རྒྱུས་ཀྱང་དེའི་དུས་ནས་དབུ་བརྙེས་པར་འདོད་དེ།     བོན་གཞུང་ལེགས་བཤད་མཛོད་ལས།    བདུད་རྒྱལ་རམ་པ་དུག་འགྱེད་ཀྱིས་སེམས་ཅན་རྣམས་ལ་ནད་ཀྱི་བསྐལ་བ་དར་བར་བྱེད་པ་ལ་སྟོན་པས་དཔྱད་བུ་ཁྲི་ཤེས་ལ་བདུད་རྩི་དཔྱད་ཀྱི་མདོ་དགུ་སོགས་བསྟན་ནས་སེམས་ཅན་བདེ་ལ་བཀོད་ཅེས་དང་།    བསྟན་པ་ཉེར་གཏད་ཀྱི་མདོ་ལས།    དཔྱད་རྒྱུད་ཉིས་ཁྲིར་གྱུར་པ་རྣམས།    དཔྱད་བུ་ཁྲི་ཤེས་དག་གིས་བསྡུས།    ཞེས་དཔྱད་བུ་ཁྲི་ཤེས་ཀྱིས་གསོ་རིག་འཆད་མཉན་དང་བརྒྱུད་སྤེལ་བྱས་ཡོད་ཚུལ་གསལ་ལ།     ལྷག་པར་དུ་ད་ལྟའི་བོན་གྱི་དཔེ་ཚོགས་ནང་ཡོད་པའི་གསོ་རིག་འབུམ་བཞིར་གྲགས་པའི་དང་པོ་ཐུགས་འབུམ་མཁའ་སྔོན་དང་།     དུག་བཅོས་གཡུང་དྲུང་འཁྱིལ་བ་ཞེས་བྱ་བ་གཉིས་ནི་སྨན་དཔྱད་མཁས་པ་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་བརྩམས་པའི་བསྟན་བཅོས་ཡིན་པར་ཁུངས་སྐྱེལ་བྱས་འདུག  
          གསོ་རིག་འབུམ་བཞིའི་དང་པོར་གྱུར་བའི་ཐུགས་འབུམ་མཁའ་སྔོན་གྱི་མཇུག་བྱང་དུ།    བདུད་རྩིའི་སྨན་གྱི་མདོ་དགུའི་རྒྱུད་རིམ་ནི།    སངས་རྒྱས་བསྟན་པའི་གཙོ་བོས་དཔྱད་བུ་ཁྲི་ཤེས་ལ་གསུངས།    དེས་དམུ་ཙ་ཏྲ་ཧེ་ལ་བཤད།     དེས་གསར་ཐོག་ལྕེ་འབྱམས་ལ་བཤད།    དེས་སྟོང་རྒྱུད་མཐུ་ཆེན་ལ་བརྒྱུད།    དེས་བན་དེ་མི་བདུན་ལ་བརྒྱུད་དེ་ཆོས་སུ་བསྒྱུར་ཞེས་འཁོད་ཡོད་པ་དང་།    དེ་བཞིན་དུག་བཅོས་གཡུང་དྲུང་འཁྱིལ་བའི་ནང་གི་དུག་འཇོམས་དབང་པོ་རིལ་བུའི་ལོ་རྒྱུས་དང་ནང་གསེས་དབྱེ་བ་སོ་སོའི་ཕན་ཡོན་བཅས་ཟབ་གསལ་སྙིང་གི་ཐིག་ལེ་བྱ་བའི་ནང་དེའུ་དམར་བས་ཇི་བཞིན་ལུང་འདྲེན་བྱས་ཏེ།    ཞང་ཞུང་ལུགས་ཀྱི་དྲང་སྲོང་དཔྱད་བུ་ཁྲི་ཤེས་ཀྱིས་མཛད་པའི་དུག་བཅོས་གཡུང་དྲུང་འཁྱིལ་བ་ཞེས་གསལ་ཁ་ཡོད་དོ།
          འོ་ན་གཞུང་དེ་གཉིས་བྱུང་བའི་ལོ་ཚིགས་ནམ་ཡིན་ཞེ་ན།   དེ་ནི་ཡབ་གཤེན་རབ་དང་གདུང་སྲས་ཁྲི་ཤེས་གཉིས་ཀྱི་འཁྲུངས་འདས་ལོ་ཚིགས་ཤེས་རྒྱུར་རག་ལས་པ་དང་།    ཞང་བོད་ལོ་རྒྱུས་རྣམས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་བྱོན་པའི་དུས་ཚོད་སྐོར་ལ་བཞེད་པ་མི་འདྲ་བ་དུ་མ་ཞིག་མཆིས་ཀྱང་དབྱི་ཊ་ལིའི་ན་པི་ལེ་སིའི་ཤར་ཕྱོགས་སློབ་གྲྭ་ཆེན་མོའི་སློབ་དཔོན་ནམ་མཁའ་ནོར་བུས་གཙོ་བྱས་པའི་ཞང་བོད་ལོ་རྒྱུས་སྨྲ་བའི་མཁས་དབང་རྣམ་པས་སྡོམ་ཚིག་བཀོད་པ་ལྟར་ན།    སྤྱི་ལོ་སྔོན་གྱི་1917པའི་ཤིང་བྱི་ལོར་བོན་སྟོན་གཤེན་རབ་འཁྲུངས་ཤིང་དགུང་ལོ་བརྒྱད་ཅུ་གྱ་གཉིས་བཞུགས་པར་བཤད།    དེས་ན་བོད་ཀྱི་གསོ་དཔྱད་རིག་པའི་གཞུང་ལུགས་དངོས་སུ་བྱུང་ནས་ད་ཕན་མི་ལོ་སུམ་སྟོང་བརྒྱད་བརྒྱ་ལྷག་ཙམ་ཟིན་ཡོད་སྟབས།   དེ་རང་རྒྱལ་རྒྱ་རིགས་ཀྱི་གསོ་དཔྱད་བསྟན་བཅོས་ཐོག་མ་ཧོང་ཏིའི་བསྟན་བཅོས་དང་།    ཕྱི་གླིང་སྨན་དཔྱད་ཀྱི་མེས་པོ་སྟེ་གནའ་བོའི་ཀེ་རི་སིའི་གསོ་རིག་གི་བསྟན་བཅོས་ཨ་མ་ཞི་ཕོ་ཁི་ལ་ཏེའི་གསུམ་འབུམ་སོགས་ལས་མི་ལོ་ཆིག་སྟོང་ལྷག་གིས་སྔ་བ་དང་།    རྒྱ་གཞུང་ཡན་ལག་བརྒྱད་པ་དང་།    ཙ་ར་ཀའི་སྡེ་བརྒྱད།   ཐང་ལ་འབར་གྱི་གཞུང་རྣམས་ལས་ཀྱང་སྔ་བས་ན།   ཆེས་གནའ་བོའི་དུས་དེར་སྨན་བཅོས་ཉམས་མྱོང་ཕྱོགས་བསྡོམས་ཐོག་གསོ་རིག་བསྟན་བཅོས་དངོས་སུ་གྲུབ་འདུག་པ་དེ་ནི་བོད་མི་རིགས་ཀྱིས་མེས་རྒྱལ་དང་འཛམ་གླིང་ཤེས་རིག་འཕེལ་རྒྱས་ལ་བཞག་པའི་རླབས་ཆེན་གྱི་ཕྱག་རྗེས་ཤིག་ཡིན་པས་སེམས་ཁོང་ནས་སྤྲོ་ཞིང་རྗེས་སུ་ཡི་རང་བའི་གནས་སོ།
          ཡང་ཁྱོད་ཀྱིས་ཆེས་སྔ་བའི་དུས་དེ་ཙམ་ཞིག་ལ་བོད་འདིར་གསོ་དཔྱད་གཞུང་ལུགས་གྲུབ་ཐུབ་པའི་ཆ་རྐྱེན་ཏེ་སྤྱི་ཚོགས་དཔལ་འབྱོར་དང་ཤེས་རིག་གི་སྤྱིའི་ཆུ་ཚད་ཅི་འདྲ་ཞིག་ཡིན་ནམ་ཞེ་ན།     ལོ་རྒྱུས་ཡོངས་གྲགས་ཐོག་སྤྱིར་རྒྱལ་པོ་དང་རྒྱལ་རབས་བྱུང་བ་ནས་བྲན་གཡོག་སྤྱི་ཚོགས་བྱུང་བར་ངོས་འཛིན་བཞིན་ཡོད་ལ།    བོད་དུ་གཉའ་ཁྲི་བཙན་པོ་མ་བྱོན་གོང་ནས་རྒྱལ་ཕྲན་ཉི་ཤུ་རྩ་ལྔ་དང་།   དེ་ནས་རྒྱལ་ཕྲན་བཅུ་གཅིག     ཞང་ཞུང་ལ་གྲགས་ལྡན་གྱི་རྒྱལ་རབས་བཅོ་བརྒྱད་སོགས་ཡོད་པར་དེབ་ཐར་དམར་པོ་དང་ཞང་བོད་དཔྱད་ཡིག་ཁག་ལས་གསུངས་པ་དང་།   དེ་ལྟར་སྐབས་དེར་བོད་སྤྱི་ཚོགས་ཀྱི་རྣམ་པ་དེ་རུས་རྒྱུད་ཚོ་པ་ལས་བརྒལ་ཏེ་བྲན་གཡོག་ལམ་ལུགས་སུ་སླེབས་ཡོད་པ་གསལ་ཤིང་།    དེ་མཚུངས་སྤྱི་ཚོགས་ཀྱི་ཐོན་སྐྱེད་སྟོབས་ཤུགས་ཆེས་ཆེར་འཕེལ་རྒྱས་སུ་ཕྱིན་ཏེ་བསླབ་པ་ཀུན་གྱི་གཞིར་གྱུར་པའི་ཡི་གེ(སྐབས་དེའི་བོད་ཁམས་བྱེ་བྲག་པ་ཞང་ཞུང་གི་ཡི་གེའོ)དང་།   ཤེས་རིག་གཞན་རྣམས་ཀྱང་དར་རྒྱས་བྱུང་ཡོད་པ་ནི་གསོ་རིག་མཁས་དབང་བྱམས་པ་འཕྲིན་ལས་མཆོག་གིས།    ཞང་ཞུང་གི་ཡུལ་ནི་སྔ་རབས་བོད་ཀྱི་རིག་གནས་འབྱུང་ཁུངས་ལྟེ་བ་ཡིན་པ་དང་།    སྲོང་བཙན་གྱི་གོང་ནས་པུར་རྒྱལ་བོད་ཀྱི་རྒྱལ་རབས་མང་པོའི་བར་བོན་གྱི་བསྟན་པ་དར་ཡུལ་གཙོ་བོ་ཞིག་ཡིན་པས་སྨན་དཔྱད་སྐོར་ནས་བཤད་ནའང་ལོ་རྒྱུས་ཀྱི་ཁུངས་སྔ་ཤོས་དེ་ཞང་ཞུང་རང་ལ་ཐུག་ཡོད་པ་དོན་དངོས་ཐོག་ནས་གསལ་བཤད་བྱས་འདུག⑩ཅེས་དང་།    དེ་མིན་ཞུང་ཞུང་བོན་གྱི་གནའ་བོའི་རིག་གནས་ཀྱི་མཚོན་རྟགས་གཙོ་བོ་ཞིག་སྟེ་གཡུང་དྲུང་རི་མོ་འདི་ལ་མཚོན་ན།   ཆུ་བོ་གཉིས་འགྲམ་གྱི་རིག་གནས་དར་ཡུལ་ཨ་ཤེ་ཡ་ནུབ་མ།   མེ་གླིང་།    ཀེ་རི་སི།   རྒྱ་གར་ཆུ་བོའི་འབབ་རྒྱུད།   རང་རྒྱལ་གྱི་ཁྲུང་ཆིན་དང་ཁྲི་འདུའི་རྒྱུད་སོགས་སུ་སྔ་མོ་ནས་མཐོང་རྒྱུ་ཡོད་པ་དག་གིས་ཀྱང་རྟོགས་ནུས་སོ།
          མདོར་ན།    ད་ནས་མི་ལོ་བཞི་སྟོང་ཙམ་གྱི་གོང་ནས་ཁ་བའི་ལྗོངས་འདི་ལ་གསོ་དཔྱད་ཀྱི་བསྟན་པ་འཛིན་པའི་མཁས་དབང་མི་སྣ་བྱུང་ཡོད་པ་མ་ཟད།    གསོ་བ་རིག་པའི་གཞུང་ལུགས་ཀྱང་དར་ཡོད་པ་ནི་མིག་སྔར་མཐོང་རྒྱུ་ཡོད་པའི་ཞང་བོད་དཔྱད་ཡིག་གིས་ར་སྤྲོད་བགྱིད་ཐུབ་པ་སྟེ།   དུག་བཅོས་གཡུང་དྲུང་འཁྱིལ་བ་དང་ཐུགས་འབུམ་མཁའ་སྔོན་བྱ་བ་གཉིས་ནི་བོད་ཀྱི་སྨན་དཔྱད་རིག་པའི་ཐོག་མའི་བསྟན་བཅོས་སུ་དངོས་པོའི་གནས་ཚུལ་གྱིས་གྲུབ་བོ། །
དཔྱད་གཞིའི་ཡིག་ཆ།
①《科技进步与学科发展》(下册),中国科技出版社(北京),1998年,P985
②《民族考古学基础》王恒杰/主编,民族出版社,1999年6月
③《西藏考古》第一缉,四川大学出版社
④《བོད་ཀྱི་གསོ་རིག་བྱུང་འཕེལ་གྱི་ལོ་རྒྱུས་》སྐལ་བཟང་འཕྲིན་ལས།  ཀྲུང་གོའི་བོད་རིག་པ་དཔེ་སྐྲུན་ཁང་།  1997ལོ།  P132
⑤《麝香之路上的西藏宗教文化》,常霞青,世界文化丛书,第6期,浙江人民出版社
⑥《公元10世纪以前的吐蕃医学史研究》(摘要),漾正冈布
⑦《中国藏学》,1991年第4期,P23
⑧《东西交通另一条道-高原之路》,侯石株,西藏人民出版社,1991年8月
⑨同⑥
⑩《敦煌本吐蕃医学文献选编》,P3,民族出版社,1983年8月