གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > ལུས་ཁམས་བདེ་སྲུང་།

བོད་ལུགས་གསོ་རིག་སྨན་པའི་ཀུན་སྤྱོད་གླེང་བ།

སྤེལ་དུས 2018-09-30 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སོག་རུ་ཀརྨ་ཀུན་ཁྱབ།
          ཨོཾ་མ་ཐཱ། མ་རིག་འཁྲུལ་བའི་དབང་གྱུར་དུག་གསུམ་ནད། །མ་ལུས་རྩད་ནས་འབྱིན་མཛད་སྨན་གྱི་བླས། །མ་རྣམས་བདེ་ཆེན་ལམ་ལ་འགོད་པ་ཡི། །བྱིན་རླབས་ཐུགས་རྗེའི་ལྕགས་ཀྱུ་བརྐྱང་དུ་གསོལ། །
          གཞན་ཕན་ཉི་མའི་འོད་སྣང་རྟག་ཏུ་གསལ། །ཡང་དག་སྤྱོད་པའི་ཙན་དན་དྲི་བསུང་འཕྲོ། །ཚུལ་འཆལ་གཤིས་རྒྱུད་འདོམ་པའི་ཐབས་ལ་མཁས། །སྔོན་བྱོན་གསོ་རིག་མེས་པོར་མཆོག་ཏུ་དད། །
          གངས་ཅན་གསོ་རིག་གཞུང་ལུགས་རིན་པོ་ཆེ། །དུས་ཀྱི་མཐའ་ལ་མི་ཉམས་ཡུན་གནས་ཕྱིར། །རྒྱུད་འཛིན་འཚོ་བྱེད་སྤྱོད་ལམ་སྐྱོང་ཚུལ་ཐད། །རང་གི་ལྟ་ཚུལ་འགའ་ཞིག་སྲོང་བོར་བརྗོད། །
          དེ་ལ་འདིར་སྨན་རྒྱལ་མི་ཡི་རྣམ་རོལ་རྗེ་བཙུན་གཡུ་ཐོག་ཡོན་ཏན་མགོན་པོས། དུག་ཆུ་ཆང་ལ་དགའ་ན་སྨན་པ་སྨྱོ། །གཡོ་སྒྱུ་སྡིག་ལ་དགའ་ན་སྨན་པ་སྨྱོ། །བུད་མེད་གཡེམ་ལ་དགའ་ན་སྨན་པ་སྨྱོ། །ཞེས་གསུངས་པ་ལྟར་ཐ་མ་ཁ་ལ་སོགས་པ་རང་གཞན་གཉིས་ཀའི་ལུས་ཁམས་ལ་གནོད་པའི་དུག་རིགས་དང་། ཆང་དང་སྦི་རག་སོགས་གཤིས་རྒྱུད་གཞན་དུ་གྱུར་ཅིང་ནད་བརྟག་སྨན་བཅོས་ལ་གེགས་བྱེད་པའི་དུགའགྲོ་བ་ནད་པ་རྣམས་ལ་གཡོ་དང་སྒྱུ་ཐབས་སྣ་ཚོགས་ཀྱི་སྒོ་ནས་རྒྱུ་ནོར་ལེན་རྒྱུར་རྔམ་པའི་མི་དགེ་བའི་སྤྱོད་པ། རང་ལུགས་ཚུལ་ཁྲིམས་གཙང་མར་མི་གནས་པའམ་ཁྱིམ་པ་ཡ་རབས་ཀྱི་སྤྱོད་ལམ་ཙམ་ཡང་མི་སྐྱོང་བར་ཁྱི་བཞིན་ལྡོམ་ཉུལ་ལོག་གཡེམ་བྱེད་པའི་སྤྱོད་པ་བཅས་སྤང་རྒྱུ་ནི་སྤྱིར་གསོ་བ་རིག་པའི་རྗེས་འཛེན་སྨན་པ་ཀུན་ལ་ཚང་དགོས་པའི་ཆ་རྐྱེན་ཡིན་ལ། ལྷག་པར་དུ་བོད་ལུགས་གསོ་བ་རིག་པར་སྦྱང་བརྩོན་བྱེད་མཁན་གྱི་སྨན་པ་རྣམས་ནས་དེ་བས་ཀྱང་སྲུང་སྡོམ་བྱེད་དགོས་པ་ཡིན་ཏེ། གསོ་རིག་སྲོལ་གཏོད་ཀྱི་མེས་པོ་གོང་མ་རྣམས་ཀྱིས་སྨན་པའི་སྤྱོད་ལམ་གལ་ཆེར་འཛིན་དགོས་པའི་ཞལ་གདམས་ནན་དུ་གསུངས་ཡོད་པའི་ཕྱིར། དེ་ལྟ་ནའང་། དེང་སྐབས་རང་རེ་བོད་ལུགས་གསོ་རིག་གི་རྗེས་འཛེན་སྨན་པའི་ཁྲོད་དུ་ཐ་མ་ཁ་ལ་རྔུབ་འཐེན་ཆད་མེད་དང་། ཆང་དང་སྦི་རག་འཐུང་མཚམས་མི་ཆོད་པ། སྒོར་མོ་མེད་པར་བལྟ་ཙམ་ཡང་མི་བྱེད་པའི་འདོད་རྔམ་ཅན་མིའི་ཚེ་སྲོག་ལ་དོ་ཁུར་དང་བྱམས་སྙིང་རྗེ། མི་ཆོས་ཡ་རབས་ཀྱི་ཀུན་སྤྱོད་གཙང་མའི་རྒྱུན་སྲོལ་སོགས་ཉུང་དུ་འགྲོ་བའི་སྣང་ཚུལ་མང་བས་ང་ཚོས་དེ་དག་རང་སྐྱོན་རང་མཐོང་དང་རང་འགུལ་གྱིས་ཡོ་བསྲང་བྱེད་རྒྱུ་ནི་ཤིན་ཏུ་གལ་ཆེ་བར་མཐོང་སྟེ། མ་འོངས་པར་བོད་ཀྱི་གསོ་བ་རིག་པ་འདི་ཉིད་ཡར་རྒྱས་གོང་འཕེལ་དང་། སྤུས་གཙང་སྐྱོན་བྲལ་ཅན་དུ་གནས་པར་བྱ་རྒྱུ་སོགས་དང་འབྲེལ་བ་ཤིན་ཏུ་ཆེ་བར་སེམས། 
          དང་བོ་ཐ་མ་ཁ་ནི་ཕོ་བ་དང་མཆིན་པ་སོགས་འཇུ་བྱེད་མ་ལག་དང་། གློ་བ་གྲེ་བ་སོགས་དབུགས་ལམ་མ་ལག ཀླད་སྙིང་རྒྱུངས་པ་སོགས་དབང་རྩའི་མ་ལག་བཅས་ལ་གནོད་ཚབས་ཆེ་ཞིང་། དེང་སྐབས་བཅོས་ཤིན་ཏུ་དཀའ་བའི་འབྲས་སྐྲན་གྱི་ནད་ཀྱང་སྐྱེད་པའི་རྒྱུ་བྱེད་པ་དེང་རབས་གསོ་རིག་པས་ཚན་རིག་འཕྲུལ་གྱི་དཔྱད་པ་ཟབ་མོས་རྟོགས་པ་དང་། ཐ་མ་ཁ་ཚོད་མེད་འཐེན་མཁན་རྣམས་ལུས་ཀྱི་ཤ་སྐམ་པ། ཁ་ཟས་ཉུང་ངུ་ལས་ཟ་མི་ཐུབ་པ། མཚན་ལ་གློ་ལུ་མང་བ། ཆམ་པ་ཕོག་ན་གློ་ཚད་འཁྲི་སླ་བ། དབུགས་ཀྱི་འབྱིན་རྔུབ་རྒྱུན་ལྡན་མིན་པ། སོ་སེར་ནག་ཏུ་གྱུར་བ། སྐད་ངག་འཛེར་འཛེར་ཅན་ཆགས་པ་སོགས་ཀྱི་ནད་རྟགས་མངོན་རྗེན་དུ་ཐོན་གྱིན་ཡོད་ལ། རང་རེའི་གསོ་རིག་རྒྱུད་བཞིར། གནོད་པ་གནོད་བྱའི་བདག་ཉིད་ཉེར་གྱུར་བས། །ཕན་མེད་གནོད་པར་བྱེད་པ་མཁས་པས་སྤང་། །ཞེས་བསྟན་པ་ལྟར་ཐ་མ་ཁས་ལུས་ལ་ཕན་པ་སྤུ་རྩེ་ཕྲ་མོ་ཙམ་ཡང་མེད་པར། གནོད་པའི་ཆ་ཤས་ཅུང་ཟད་ཙམ་མ་ཡིན་པར་སྟོབས་ཤིན་ཏུ་ཆེ་བའི་སྒོ་ནས་ལུས་འཚོ་བའི་གནོད་བ་བཅུ་ལ་སོགས་པའི་ཡུལ་ཕུད་ཅིང་གནོད་བྱེད་ཉེས་པ་རྣམ་གསུམ་གྱིས་ལོག་པའི་ལས་བྱེད་པའི་བདག་ཉིད་དུ་གྱུར་ནས་ཚེ་སྲོག་ལ་རྒོལ་བར་བྱེད་པའི་རྫས་ངན་དེ་དག་རང་ཉིད་མི་ན་བར་གནས་པའི་བདེ་སྲུང་གི་ཆེད་དུ་སྤང་དགོས་པ་དང་། གཞན་དུ་ནད་པ་ལ་སོགས་པའི་འགྲོ་བ་གཞན་འཕྲོད་བསྟེན་བདེ་ཐང་རིག་པའི་སློབ་གསོ་རྒྱག་རྒྱུའི་ཐད་སྨན་པ་རང་ཉིད་ཀྱིས་མངོན་སུམ་འཛེམ་མེད་དུ་སྐར་མ་རེ་ཙམ་ཡང་ཁ་བྲལ་ཐབས་མེད་པར་རྔུབ་བཞིན་དུ་གཞན་ལ་དེས་གནོད་པའི་ཆ་དང་། འཐེན་མི་རུང་བའི་རྒྱུ་མཚན། ལུས་ཁམས་བདེ་ཐང་གི་བསླབ་བྱ་ཇི་ལྟར་རྒྱག་གམ། ཀུན་གྱིས་མིའི་ལུས་ལ་གནོད་པ་ཤུགས་དྲག་ཆེ་བར་ངོས་འཛིན་པའི་རྫས་ངན་དེས་ལུས་ཁམས་བདེ་ཐང་ལ་ཕན་པ་ཡོད་ཅེས་རང་ཉེས་འགེབ་པའི་རྫུན་གཏམ་བཤད་དམ། ལྷག་པར་དུ་དེང་སྐབས་འཛམ་གླིང་ཁྱོན་དུ་སྤྱི་སྒོ་གལ་ཆེན་སྤེལ་ས་དང་། ཚོང་ཁང་ཆེན་མོའི་རིགས། སྨན་ཁང་། རིག་གནས་གནའ་ཤུལ་ལྟ་སྐོར་ཁུལ་བཅས་ཐ་མ་ཁ་རྩ་བ་ནས་འཐེན་མི་ཆོག་པའི་དྲིལ་བསྒྲགས་ཀྱིས་ཐ་མ་ཁ་འཐེན་མཁན་རང་ཉིད་ལས་ཉེ་སྐོར་དུ་ཡོད་པའི་ཐ་མ་ཁ་མི་འཐེན་མཁན་རྣམས་ལ་དུ་བ་ཕོག་ན་ལུས་ཁམས་ལ་གནོད་ཚབས་ཆེ་བ་ཡོད་པ་དང་། རང་རེའི་བོད་ལུགས་གསོ་རིག་གཞུང་གི་ནང་དུ་ལུས་ཁམས་ལ་གནོད་པའི་རྫས་ངན་གྱི་རིགས་སྤང་དགོས་པའི་འཕྲོད་བསྟེན་བདེ་ཐང་གི་རྣམ་གཞག་མང་དུ་གསུངས་ཡོད་བཞིན་དུ་གཞུང་གི་རྗེས་འཛིན་པ་ཡིན་པར་རློམས་ཚོས་ཇི་མི་སྙམ་པར་སྨན་ཁང་དང་། སྨན་བཟོ་གྲྭ། གསོ་རིག་གི་སློབ་གྲྭའི་ནང་བཅས་སུ་དུ་བ་སྔོ་ལིང་ལིང་དུ་འཁྱིལ་བཞིན་རྩ་ལྟ་ཞོར་དང་ཡི་གེ་འབྲི་ཞོར་ཐམས་ཅད་ཁ་ཟུར་དུ་བཅུག་ནས་རྔུབ་འཐེན་བྱེད་པ་ནི་གངས་ཅན་བོད་ལུགས་གསོ་རིག་གི་སྙན་གྲགས་དང་། སྔོན་བྱོན་ཡབ་མེས་དམ་པའི་མཛད་རྗེས། ད་ལྟའི་རྒྱུད་འཛིན་པའི་གཟུགས་བརྙན་ཉམས་དམས་སུ་གཏོང་བའི་སྤྱོད་པ་ཐ་ཤལ་བ་ཞིག་ཡིན་པར་སེམས། 
          གསོ་རིག་སློབ་གྲྭ་རྣམས་ཀྱི་དགེ་རྒན་ཚོས་ཐ་མ་ཁ་ལ་ཞེན་ཆགས་ཆེ་ཞིང་འཛེམ་མེད་དུ་སྤྱད་པ་དེས་མ་འོངས་རྗེས་འཛིན་བྱེད་མཁན་གྱི་སློབ་མ་ཚོར་ཡང“གང་ཞིག་དུག་གི་རི་ལ་གནས་བཅས་ན། །དེ་ཡིས་འདབ་ཆགས་ཐམས་ཅད་དུག་ཏུ་འགྱུར་”བའི་མིག་ལྟོས་དང་གོམས་གཤིས་ངན་པའི་ཤུགས་རྐྱེན་ཐེབས་པ་དང་། གསོ་རིག་རྗེས་འཛིན་པས་གཞུང་དོན་ཁ་བཤད་ཙམ་ལས་ལག་ཏུ་མི་ལོན་པར་ཡང“ཐོས་མང་ཉམས་སུ་མ་བླང་ན། །རང་གི་རྒྱུད་ལ་མི་ཡིན་ཏེ། །ཆུ་ནང་ལོ་བརྒྱར་གནས་པ་ཡི། རྡོ་བའི་རང་བཞིན་སྐམ་པོར་གནས”ཞེས་པའི་ལེགས་བཤད་ལྟར་རང་གི་རྒྱུད་ཐོག་ཏུ་མི་ལོན་ཞིང་བདེ་སྲུང་གི་བསླབ་བྱ་དེ་དག་འཚོ་བ་དངོས་ནང་ལག་བསྟར་བྱེད་མི་ཐུབ་པའི་སྐྱོན་དུ་གྱུར་བ་དང་། དེས་མི་རིགས་གཞན་དང་ཡུལ་གྲུ་གཞན་ཚོས་བོད་དང་བོད་ཀྱི་རིག་གནས་ལ་འཛིན་པའི་ལྟ་སྟངས་ཉམས་ཞན་དུ་འགྲོ་བའི་རྒྱུར་ཡང་མཐོང་བས་རང་རེ་བོད་ཀྱི་གསོ་བ་རིག་པའི་རྗེས་འཛིན་པ་མཐོ་དམན་ཀུན་གྱིས་རང་སོ་སོའི་ཀུན་སྤྱོད་ལ་དག་ཐེར་དང་། སྐྱོན་ཆ་མཐོང་བའི་སྒོ་ནས་སྐྱོན་སྤང་དགེ་འཚོལ་གྱིས་སྔོན་བྱོན་མེས་པོ་གོང་མ་རྣམས་ཀྱི་བླ་ན་མེད་པའི་ཀུན་སྤྱོད་དང་། ཁྱད་དུ་འཕགས་པའི་མི་ཚེའི་འཚོ་བ་སྐྱོང་སྲོལ་རྣམས་མིག་དཔེར་བཟུང་ནས་ཡ་རབ་ཁྱད་ལྡན་གྱི་སྨན་པའི་སྤྱོད་ལམ་སྐྱོང་རྒྱུ་དང་། རྒྱུད་འཛིན་ན་གཞོན་རྣམས་ལ་མིག་རྐྱེན་བཟང་བོ་སྤེལ་ཏེ་བསམ་བློ་དང་ཀུན་སྤྱོད་ཡར་སྐུལ་གྱི་བསླབ་བྱ་གང་མང་བརྒྱབ་པ་སོགས“ལུས་ངག་ཡིད་ལས་ཉེས་སྤང་ཡང་དག་བསྟེན་”པའི་དགོངས་པ་ཟབ་མོ་ལག་ལེན་དུ་འདེབས་རྒྱུ་དང་། བོད་ལུགས་གསོ་རིག་གི་སྨན་ཁང་དང་སློབ་གྲྭའི་དོ་དམ་པ་རྣམས་ཀྱིས་ཀྱང་ཞེ་ཐག་པ་ནས་དེར་ཤ་ཞེན་དང་སྲི་ཞུ་སྒྲུབ་སེམས་ཡོད་ཚེ་སྤྱོད་ལམ་སྐྱོང་ཚུལ་དེ་དག་གི་ཐད་ལ་བཅུན་འདོམ་བྱེད་རྒྱུ་ནི་གལ་འགངས་ཆེ་བའི་དོན་ཞིག་ཡིན་པར་སྙམ་མོ། །
          གཉིས་པ་ཆང་དང་སྦི་རག་ཚད་ལས་ཐལ་བར་སྤྱོད་པ་དེ་ཡང་། རྒྱུད་དུ། ཐལ་དྲག་སེམས་བསྒྱུར་བག་མེད་ངོ་ཚ་འཇིག། ཅེས་གསུངས་པ་ལྟར་རང་གི་སེམས་རྒྱུད་མ་རུང་མི་དགེའི་ལོག་ལམ་དུ་ཁྲིད་དེ་ཆེ་ས་ནས་རྒྱལ་ཁབ་ཀྱི་ཁྲིམས་དང་འགལ་ཞིང་རང་གཞན་གཉིས་ཕུང་གི་སྦྱོར་ངན་མང་བོ་བཤམས་པ་དང་། ཆུང་ས་ནས་རང་གི་གསང་གཏམ་ཡོད་ཚད་ཕྱི་རུ་བཏོན་ནས་ཁྲེལ་དང་ངོ་ཚ་བོར་བ་སོགས་རང་གི་གྲགས་པ་ཉམས་པར་འགྱུར་བ་དང་སྡིག་སྡུག་གཏམ་ངན་གྱི་བྱ་བ་མང་བོར་འཇུག!པའི་སྣ་འཁྲིད་པར་བྱེད་ཅིང་། སྨན་པའི་ངོས་ནས་བཤད་ན་འཇིག་རྟེན་ཁ་དཔེར། ལྷ་རྗེ་ཆང་གི་བཟི་བས་རྩ་ལྟ་ལུགས་ཞེས་པ་ལྟར་ཐོག་མར་ནད་པ་ལ་མི་འོས་པའི་སྐད་ཆ་མང་བོ་བརྗོད་པ་དང་། དེ་ནས་ནད་ཀྱི་ངོས་འཛིན་ལུགས་ནོར་བ། ནད་དང་གཉེན་པོ་འཛོལ་བ། སྨན་རྫས་སྡེབས་སྦྱོར་གྱི་སྐབས་སུ་ཚད་གཞི་འཁྲུལ་བ་སོགས་འགྲོ་བ་ནད་པའི་ཚེ་སྲོག་ལ་གནོད་པའི་རྒྱུ་རྐྱེན་མང་པོ་དེའི་ཤུགས་ལས་བྱུང་ཞིང་། ཐ་ན་ཚེ་སྲོག་འཕྲལ་དུ་འཇོམས་པའི་རྐྱེན་དུ་ཡང་འགྱུར་ངེས་པ་བཅས་ཆང་དང་སྦི་རག་ལ་ཞེན་ཆགས་ཆེ་ན་སྒྲུབ་དགོས་པའི་བྱ་བ་མང་བོ་ཞིག་འགྲུབ་རྒྱུར་འགོག་རྐྱེན་བཟོ་ཞིང་འཐུས་ཤོར་དུ་འགྲོ་བའི་གནོད་པ་ཆེ་ལ། གཞན་དུ་ཆང་དང་སྦི་རག་བསྟེན་ཆེ་ན་མཆིན་པའི་ནུས་པ་ཉམས་པ་དང་མཆིན་པ་མཁྲེགས་འགྱུར་གྱི་ནད། ཁྲག་ཤེད་མཐོ་བའི་ནད། དྲེག་དང་རྐང་འབམ། པཊ་ནད་ཆུ་སེར་གྱི་རིགས་སོགས་ནད་གཞི་མང་བོ་སློང་བའི་རྐྱེན་དུ་གྱུར་ཞིང་ཆང་རག་འཐུང་མཁན་ལ་ནད་རིགས་གོང་གསལ་རྣམས་ཕོག་པ་ཤིན་ཏུ་མང་པས། སྨན་པ་ཡིན་པའི་ངོས་ནས་ནད་པ་རྣམས་ལ་ཟས་སྤྱོད་སྤང་བླང་སྲུང་སྡོམ་བྱ་རྒྱུ་དེ་ནི་ནད་གཞི་བཅོས་པའི་དཔུང་རོགས་བླ་ན་མེད་པ་ཞིག་ཡིན་ལ། རང་རེའི་བོད་ལུགས་གསོ་རིག་གཞུང་གི་གཉེན་པོ་བཞི་ཡི་ཡ་གྱལ་དང་ནད་ཅན་ནད་མེད་ཀུན་ལ་གདམས་ཆོག་པ་ཞིག་ཡིན་པ། ཆང་རག་འཐུང་རྒྱུ་འགོག་དགོས་པའི་ནད་པ་ཡང་མང་དུ་ཐུག་རྒྱུ་ཡོད་པས་སྨན་པ་རང་ཉིད་ཆང་རག་གིས་མྱོས་པའི་ར་རོ་བ་རིག་པ་ཕྱེད་ཟིན་ཙམ་ཡིན་བཞིན་ནད་པ་སོགས་སྐྱེ་བོ་གཞན་ལ་ཆང་རག་མ་འཐུང་ཞེས་བརྗོད་པར་རང་ཉིད་ཁ་སྐྱེངས་ཙམ་ལས་ཉན་མཁན་དཀོན་པོ་ཡིན་ངེས་པས་ཐོག་མར་གསོ་བ་བོ་སྨན་པ་རང་ཉིད་ཆང་རག་གི་གཡའ་ཙམ་མ་གོས་ཤིང་། “ཆང་འཐུང་བདེ་བ་བསྒོམ་པ་དེ། སྨྱོན་པ་བདེ་བར་བསྒོམ་པའི”ངེས་ཤེས་དང་ཡིད་ཆེས་ལྡན་པ་བྱ་རྒྱུ་གལ་ཆེ་བ་ལགས་སོ། །
          གསུམ་པ་ནི་དཔལ་འབྱོར་གྱི་འགྲན་རྩོད་ཉིན་བཞིན་ཆེ་ཆེར་འགྲོ་བ་དང་། མི་རྣམས་ལུས་ངག་ཡིད་གསུམ་སྒོར་མོ་གསོག་སྲུང་གི་བ་བར་བྲེལ་བའི་རྒྱུ་ནོར་གྱི་བྲན་གཡོག་ལྟ་བུར་གྱུར་བའི་དུས་རབས་འདིར། གོས་དཀར་གོན་པའི་འཚོ་བྱེད་པ་རྣམས་ཀྱང་སྨན་བཅོས་བྱེད་སྟངས་དེ་སྒོར་མོ་མང་ཉུང་དང་། མིའི་རིམ་པ་མཐོ་དམན་ལ་བལྟ་བའི་སྟབས་ཀྱིས། གསར་རྩོམ་དམངས་གཞས་ཤིག་ལས། སྒོར་ཁུག་ཐང་བོ་མེད་ན། །ཆམ་པའི་སྨན་ཡང་རག་དཀའ། །ཞེས་པའི་རྒྱ་ཆེའི་མང་ཚོགས་ཀྱི་སྐད་སྒྲ་ངོ་མ་ལྟར་གཞན་ཕན་དང་བྱམསསྙིང་རྗེ་སོགས་ཀྱི་དྲི་དང་བྲལ་ཞིང་། སྨན་བཅོས་སྒོར་མོའི་དོན་དུ་བྱེད་པ་དེ་ཡང་སྤྱིར་དུས་རབས་འཕོ་འགྱུར་དང་། མིའི་བསམ་པའི་འདུ་ཤེས་འཛིན་སྟངས་དེ་ཕྱི་དངོས་པོའི་དཔལ་འབྱོར་ལོངས་སྤྱོད་ཁོ་ནར་དོན་གཉེར་བྱེད་པའི་ཤུགས་རྐྱེན་ལས་བྱུང་བ་ཡིན་སྟབས་ལྡོག་ཏུ་མེད་པ་ཞིག་ཡིན་ཀྱང་། སྒོར་མོ་ཁོ་ནར་བསམ་ནས་མིའི་བདེ་ཐང་དང་ཚེ་སྲོག་ལ་ཡ་ང་སྙིང་རྗེ་སྤུ་ཙམ་མེད་པ་ནི་མི་ཆོས་རིང་ལུགས་ཀྱི་ཀུན་སྤྱོད་ལས་འགལ་བ་མ་ཟད། སྨན་པ་ཞེས་ཕན་པའི་དོན་དུ་གོ་བའི་མིང་དོན་ཡ་བྲལ་གྱུར་བ་ཡིན་ནོ། །ལྷག་པར་དུ་རང་རེ་བོད་ལུགས་གསོ་བ་རིག་པར་ཐོས་བསམ་བྱས་ནས་སྨན་པའི་ངང་ཚུལ་འཛིན་མཁན་ཞིག་གི་ངོས་ནས་བཤད་ན་རྗེ་བཙུན་གཡུ་ཐོག་རྙིང་མ་ཡོན་ཏན་མགོན་པོས། འགྲོ་བ་ནད་པའི་བྱ་བ་དོན་དུ་གཉེར། མཐོ་འགྲོགས་དང་ཁེ་ཚོང་མ་བྱེད། མི་ངོ་ཟས་ངོ་མ་ལྟ། ཕྱོགས་ཆ་ཉེ་རིང་སྤོང་། བདག་བཟུང་གི་གནས་མ་བསྟེན། ཆེ་བཙུན་གྱི་བླ་སྨན་མ་བྱེད། སྤྲང་བོ་དང་ལོང་བ་བརྩེ་བས་སྐྱོང་། ནད་པའི་བྲན་བཞིན་རྒྱུགས། ཞེས་དང་། འགྲོ་བ་དང་ནད་པ་བརྩེ་བས་སྐྱོངས། དྲིན་སོ་མེད་པའི་སྨན་པའི་སྦྱིན་ཐོངས། ཞེས་རང་རེ་ཕྱི་རབས་པས་ཀུན་སྤྱོད་སྐྱོང་ཚུལ་ཐད་མང་དུ་གདམས་གནང་བ་རྣམས་དུས་རབས་དང་སྤྱི་ཚོགས་ཀྱི་གནས་བབ་གང་འདྲ་ཞིག་ཏུ་སླེབས་ཀྱང་ལག་ཐོག་ཏུ་ལེན་དགོས་པ་ཡིན་ཀྱང་། དེང་སྐབས་སྒོར་མོ་ཡོད་ན་ཀུན་ལ་འཛུམ་གྱིས་བསུ་ཞིང་བཞུགས་དང་ཕེབས། ལགས་སོ་ཞེས་པའི་སྐད་སྒྲས་ཁེངས་པ་དང་། སྒོར་མོ་མེད་ན་བཟོད་བླག་བྲལ་བའི་ན་ཟུག་གི་ཀློང་དུ་ཚུད་ཅིང་ཚེ་སྲོག་འཕྲལ་དུ་འཇིག་པར་ཉེ་བ་དང་། མྱུར་སྐྱོབ་ཀྱི་ཐབས་ལམ་འདོན་རྒྱུར་སྐར་ཆ་ཙམ་ཡང་འགྱང་མི་རུང་བའི་ཚད་ལ་སླེབས་ཀྱང་སྒོར་མོ་མེད་པར་སྨན་བཅོས་བྱེད་ཐབས་མེད་པའི་གཏམ་གླེང་བྱས་ན་སྨན་པ་ཞེས་པའི་མིང་ཙམ་ཐོབ་པར་དཀའ་ལ། གཞན་ཡང་དབང་ཆེན་དཔོན་པོའི་རྐང་མཐིལ་སྤྱི་བོའི་གཙུག་ཏུ་བཞག་ཀྱང་དགའ་ཉམས་འཛེན་ཞིང་ངོ་དགའ་སྤྲེལ་ལད་ཀྱི་བྲོ་གར་སྣ་ཚོགས་འཁྲབ་པ་དང་། གཉོམ་ཆུང་ཚུལ་མཐུན་རང་གཤིས་མདའ་ལྟར་དྲང་བའི་སྐྱེ་བོ་ཕལ་བ་ཚོར། ཆེ་ཚུགས་དང་སྒྲོབ་ཉམས། ལག་རྩལ་ཅུང་ཟད་ཡོད་པ་ལྟག་པར་འཁུར་ནས་ང་ཆེ་ང་བཟང་གི་ཆེ་ཉམས་འདོན་མཁན་ཀྱང་ཡོད་པས་ང་ཚོས་ངེས་པར་དུ་གཞུང་ལུགས་སྲོལ་གཏོད་པ་བོ་མེས་པོ་གོང་མའི་དགོངས་པ་ལག་ཐོག་ཏུ་བླངས་ནས་ནམ་མཁའ་དང་མཉམ་པའི་འགྲོ་བ་ནད་པ་རྣམས་ལ་ནམ་མཁའ་དང་མཉམ་པའི་ཕན་ཐོགས་རྒྱ་ཆེར་བྱས་ཏེ། ཟང་ཟིང་གི་ནོར་དང་། ཉེ་རིང་ཆགས་སྡང་སོགས་ཕྱོགས་རིས་ཀྱི་སྨན་བཅོས་སྤུ་ཙམ་ཡང་མ་འདྲེས་པར“མི་ངོ་ཟས་ངོ་མ་ལྟོས་ཤིང་། །ཉེ་རིང་སྤངས་པའི་ནད་པའི་བསྐོར། །ཁ་དྲག་ཆེ་འདོད་མ་བྱེད་པར། །དམན་ཆ་བཟུང་ལ་ནད་པ་བསྐོར། ”། ཞེས་པའི་བསླབ་བྱ་བྱ་སྤྱོད་ངོ་མའི་ནང་དུ་ལག་ལེན་བྱེད་པ་དང་། བྱ་བྱེད་སྨན་པའི་ལེའུར། བསམ་པ་དཀར་བ་བྱང་ཆུབ་སེམས་ལྡན་པ། །སྦྱོར་བ་དངོས་གཞི་འཇུག་ལས་དང་བོ་ནི། །སྡུག་བསྔལ་མཐོང་དང་ཕན་འདོགས་དད་པ་དང་། །བཟང་ངན་བྱམསསྡང་ཞེ་ནས་སྙམས་པ་ཡིས། །སྙིང་རྗེ་བྱམས་པ་དགའ་བ་བཏང་སྙོམས་བཞི། །སྨོན་པ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་དེ། །དངོས་གཞི་འཇུག་པ་ཚད་མེད་ཉམས་སུ་བླང་། །འཇུག་པ་བསྔགས་པར་བལྟ་ཞིང་ཁོན་འཛིན་མེད། །དེ་ལྡན་གསོ་སླ་འཚོ་མང་གྲོགས་སུ་འགྱུར། །ཞེས་པའི་ཚད་མེད་བཞི་དང་ལྡན་པའི་སྒོ་ནས་འགྲོ་བ་ནད་པ་སྐྱོང་བ་རྟག་ཏུ་བརྩོན་ཞིང་ཁ་ཞེ་གཉིས་མེད་ཀྱིས་ལུས་སྲོག་བདེ་ཐང་ཡུན་གནས་ཀྱི་ཐབས་ལ་འབད་དགོས་པ་ལས། བསླབ་བྱ་དཔེ་ཐོག་ཏུ་ལུས་པ་དང་སློབ་ཁྲིད་སྐབས་ཀྱི་སྐད་ཆ་ཙམ་དུ་མི་ལུས་པར་བྱ་དགོས་པར་སྙམ་མོ། །
          བཞི་བ་ནི་ཡ་རབས་ཁྲིམས་བཟང་ཁྲེལ་ཡོད་ཕྱི་ཐག་རིང་བ་ཚེ་གཅིག་གྲོགས་གཅིག་ལ་བརྩེ་བ་ཇི་སྐད་དུ། གཞན་གྱི་ཆུང་མའི་ཐད་མི་འགྲོ། །ལོག་པར་གཡེམ་པ་རྣམ་པར་སྤོང་། །བདག་གི་ཆུང་མས་ཆོག་སེམས་པ། །སྐྱེ་བོ་དེ་དག་མཐོ་རིས་འགྲོ། །ཞེས་པ་ལྟར་བྱ་རྒྱུ་གལ་ཆེ་ལ། དེང་སྐབས་ཚུལ་མིན་འཆལ་སྤྱོད་ཡུལ་རེ་ལ་སྙིང་སྡུག་རེ་དང་ཞག་རེ་ལ་ཉལ་གྲོགས་རེ་བྱེད་ཅིང་། བརྩེ་བའི་བཟའ་ཟླ་དང་སྙིང་གི་བུ་ཕྲུག་བདག་མེད་དུ་བསྐྱུར་བ། ཚེ་སྟོད་ལ་སྙིང་ཉེ་ཞིང་ཚེ་སྨད་ཡ་བྲལ་དུ་སོང་བ་སོགས་མི་ཆོས་ལས་འགལ་བའི་བྱེད་སྟངས་མང་བ་དང་། ལྷག་པར་དུ་སྨད་འཚོང་མ་ཁྲེལ་དང་ངོ་ཚ་བོར་བ་འགའ་ཡིས་སྒོར་མོའི་དོན་དུ་རང་ལུས་གདན་ལྟར་སྤྱོད་པ་ལ། བསེ་མོག་ནད་དུག་སོགས་ལྷན་སྐྱེས་སྲིན་འབུ་འཁྲུག་པའི་རིམས་ནད་མང་བོས་མིའི་ཚེ་སྲོག་ལ་རྒོལ་ཡོང་གི་ཡོད་པའི་ཁྲོད་དུ་འཁྱམས་ནས་མ་རུང་བའི་ནད་དུག་ཅིག་སྨན་པས་ཁྱེར་ན་ཧ་ཅང་ངོ་ཚ་བའི་ལས་ཤིག་དང་། གཞན་གྱིས་ཁྲེལ་དགོད་བྱེད་པ་སོགས་རིགས་གཅིག་པའི་སྐྱེ་བོ་ཀུན་ལས་དམའ་འབེབ་ཁ་སྐྱེངས་ཀྱི་གནད་དོན་ཞིག་ཏུ་འགྱུར་ངེས་པ་ཡིན་ལ། དེ་སྔ་རང་རེ་བོད་ཀྱི་གསོ་རིག་ལྷ་རྗེ་རྣམས་རབ་བྱུང་བ་དང་། ཁྱིམ་པ་ཁྲིམས་སྲུང་ཅན་ཤ་སྟག་བྱུང་ཡང་། ཡུལ་གྲུ་གཞན་དུ་བལ་བོ་བྷ་རོ་ལྟ་བུ་གསོ་བ་རིག་པའི་གཞུང་ལ་མཁས་པའི་རྩེར་སོན་མོད་ལོག་གཡེམ་བྱས་པའི་སྐྱོན་གྱིས་ཕྱག་ཡ་གཅིག་ཤོར་བ་སོགས་ཀྱང་ལོ་རྒྱུས་ཀྱི་བསླབ་བྱ་ཡིན་པས་ཡ་རབ་ཚུལ་ལྡན་ཚེ་གཅིག་སྐྱོང་བའི་ཁྱིམ་པ་ཁྲིམས་བཟང་བྱ་རྒྱུ་དེ་ཡང་གལ་ཆེ་བ་སྣང་ངོ་། །
          འདི་ལྟར་བོད་ལུགས་གསོ་རིག་ལྷ་རྗེའི་ཀུན་སྤྱོད་སྐྱོང་ཚུལ་ཐད་རང་གི་ལྟ་ཚུལ་དང་མཐོང་ཐོས་བྱུང་རིགས་ངོ་དགའ་བསྟོད་བརྗོད་ཀྱི་དྲི་མས་མ་གོས་པར་བསྲོང་བོའི་ལམ་ནས་སྤྱོད་ལམ་ཚུལ་མིན་རྣམས་དམིགས་སུ་བཀར་ནས་བཤད་ཡོད་པར། གོང་གི་སྐྱོན་རྣམས་ཡོད་པ་ཚོས་ཡོ་བསྲང་དང་མེད་པ་ཚོས་དོགས་ཟོན་ཡོད་པ་བྱ་རྒྱུ་ནི་རྩོམ་ཐུང་འདི་འབྲི་བའི་རེ་བ་ཉག་ཅིག་ཡིན་ཞིང་། མཚང་ལ་ཕོག་པའི་སྙིང་གནད་དང་། བཤད་ཐལ་བའི་སྐྱོན་ཆ་མི་འཚོལ་བར་ལྷག་བསམ་གྱི་ཀུན་སློང་བཟང་བོར་ཡི་རང་གནང་བ་ཞུ་རྒྱུ་བཅས། སླར་སྨྲས་པ། 
          གངས་ཅན་གསོ་རིག་ཟླ་བྲལ་ནོར་བུ་ལ།། ལྷག་བསམ་དག་པའི་དུང་ཞེན་ཟབ་པ་ན།།
          གཞུང་དོན་འགལ་བའི་སྤྱོད་ངན་བསྲོང་ཕྱིར་དུ།། མཚང་འབྱིན་ཚིག་གི་ཐོག་མདའ་ཤོར་བ་ལ།།ངོ་ཚ་སྐྱེངས་པའི་ཁྲོ་མིག་མི་བགྲད་པར། །བག་ཡོད་དོགས་ཟོན་སྒོ་མོ་སྡོམ་པ་ཡི། །དྲན་སྐུལ་གསེར་གྱི་ཟྭ་རུ་དགོངས་པར་མཛོད། །མ་བྱས་སྒྲོ་བཏགས་བཤད་པའི་ཆོ་ངེ་དང་། །མ་རྟོགས་ལོག་པར་རྟོགས་པའི་སྐྱོན་འབྱིན་སོགས། །ཅོལ་ཆུང་བྱིས་པའི་བཤད་ཡམ་མཆིས་པ་ན། །དྲན་དབང་བྱེ་བ་འབུམ་ལ་བཟོད་པར་གསོལ། །འདི་ཀོའང་གངས་ལྗོངས་གསོ་རིག་བསྟན་པ་འདི། །རྒྱུད་འཛིན་གོང་འཕེལ་གཏོང་བའི་གཞིར་ཕན་ཅིང་། །ས་སྟེང་འགྲོ་བ་ནད་པ་མ་ལུས་པ། །ནད་སེལ་བདེ་སྐྱིད་ཐོབ་པའི་གསོས་འགྱུར་ཤོག།