ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

མཆིན་ནད་ལྡེམ་བུའི་གསོ་བཅོས།

སྤེལ་དུས 2012-06-26 ཡོང་ཁུངས། ཁམས་པའི་གསར་འགྱུར་དྲ་བ། རྩོམ་པ་པོ། ཚེ་རྡོར་གྱིས་བསྒྲིགས།

  བོད་ཀྱི་གསོ་བ་རིག་པ་ཞེས་པ་ནི་རིག་པའི་གནས་ཆེ་བ་ལྔའི་ནང་གི་གཞན་རྗེས་སུ་འཛིན་པའི་རིག་པ་སྟེ།སྐྱེ་བོའི་ལུས་སྲོག་གི་འགལ་རྐྱེན་ནད་རིགས་སེལ་ཞིང་མཐུན་རྐྱེན་ཚེ་བསོད་ཀྱི་དཔལ་སྤེལ་བའི་རིག་གནས་ཁྱད་པར་ཅན་ཞིག་ཡིན།དེར་བརྟེན་དེང་སྐབས་རྒྱལ་སྤྱིའི་ཐོག་ཏུའང་བོད་ཀྱི་གསོ་བ་རིག་པ་ལ་མཐོང་ཆེན་དང་ཞིབ་འཇུག་བྱེད་བཞིན་ཡོད།དེ་བས་བདག་གིས་བོད་ཀྱི་གསོ་བ་རིག་པ་ལས་མཆིན་ནད་ལྡེམ་བུའི་བཅོས་ཐབས་ཅུང་ཟད་བརྗོད་པར་བྱ་སྟེ།
 དང་པོ།མཆིན་ནད་ལྡེམ་བུའི་ངོ་བོ།
 དེ་ཡང་བོད་ཀྱི་གསོ་རིག་གི་ནད་ཐོག་ལག་ལེན་སྟེང་མཐོང་བ་མང་ལ་བཅོས་པར་དཀའ་བའི་མཆིན་ནད་བཅོ་བརྒྱད་དུ་བགྲང་བ་ལས་མཆིན་ནད་ལྡེམ་བུ་ཟེར་བ་ནི།མཆིན་ཚད་བྱུང་ནས་ཅུང་འགོར་ཡོད་པ་དང་།རང་ཉིད་ལ་གསལ་མི་གསལ་གྱི་ནད་རྟགས་ཚོར་ཤེས་ཅུང་ཡོད་པ།ཟས་སྤྱོད་ལུས་ཁམས་དང་མི་མཐུན་བསྟེན་པ་ལས་བསླངས་པ་སོགས་ཀྱི་མཆིན་ཚད་རང་བཞིན་གྱི་འགོ་ནད་ཅིག་རེད།
 གཉིས་པ།མཆིན་ནད་ལྡེམ་བུའི་སློང་རྐྱེན།
 སློང་རྐྱེན་ནི།རྒྱུན་དུ་ཆང་རག་མང་བོ་འཐུང་བ་དང་།ཟས་སྐོམ་ཚ་སྐྱུར་སྣུམ་རིགས་བསྟེན་དྲངས་པ།མཁྲིས་ནད་གསོ་བཅོས་མ་བྱས་པར་ཡུན་རིང་འགོར་བ།ཕོ་བར་དྭངས་མའི་ནུས་པ་ཤོར་བ།ལྷག་པར་དུ་ནད་འདི་ཡོད་པའི་ནད་པར་འབྲེལ་འདྲིས་བྱེད་སྐབས་གཙང་སྦྲར་དོ་སྣང་མ་བྱས་པ་སོགས་ཀྱིས་ནད་འདི་སློང་གིན་ཡོད།
 གསུམ་པ།མཆིན་ནད་ལྡེམ་བུའི་ནད་རྟགས།
 ནད་རྟགས་ལ།མཆིན་ནད་ལྡེམ་བུ་མི་ཚོར་བས།གཉིད་མེད་ཁོང་སྙོམས་ལུས་ལྕི་ཟས་མི་འདོད།ཁྲག་བྲོས་ཤ་དང་རུས་པ་ཁད་ཀྱིས་སྐམ།ཞེས་པ་ལྟར།ནད་རྟགས་ནི།མཆིན་པར་ན་ཟུག་ཡོད་པ་མི་ཚོར་བ་དང་།གཉིད་མི་ཁུག་པ།ལུས་ཁམས་ལྕི་ལ་ཐང་ཆད་པ།ཟས་ལ་དང་ག་མེད་པ།ཁྲག་ཤེད་མར་ཆག་པ།མགོ་ཡུ་འཁོར་བ།བཤལ་སྐྱུགས་བྱེད་པ།ཤ་མདོག་སྐྱ་སེར་དང་སྨུག་སྐྱའི་མདོག་མངོན་པ།ཟས་མི་འདོད་ཅིང་འཇུ་སྟོབས་ཆུང་བས་རིམ་གྱིས་ཁྲག་འབྲོས་ཤ་རུས་ཁད་ཀྱིས་སྐམ་པ་བཅས་ཀྱི་ནད་རྟགས་མངོན།
 བཞི་བ།བརྟག་དཔྱད།
 ཁྱད་པར་གྱི་བརྟག་དཔྱད་ལས།འཕར་རྩ་རྒྱུ་བ་ཕྲ་ལ་བྱིས་ཞིང་ཀན་རྩ་གཉིས་ཅུང་གྲིམ་པ་དང་།དྲི་ཆུའི་མདོག་དམར་སེར་དྭངས་ཤས་ཆེ་ལ་ཝུ་བ་སངས་པ་སྐྱེན།མིག་སྤྲིན་ཅུང་སེར་བ།ལྕེ་བ་མདོག་སྐྱ་སེར་ཆགས་པ་བཅས་སོ།
 ལྔ་བ།སྔོན་འགོག
 རྒྱུན་དུ་ཆང་རག་ཉུང་ཙམ་འཐུང་བ་དང་།ཚ་སྐྱུར་ཉུང་དུ་ཟ་བ།ནད་འདི་བྱུང་བའི་ནད་པར་འབྲེལ་འདྲིས་ཉུང་དུ་བྱེད་པ།ཡོ་བྱད་དང་དཀར་ཡོལ་ཁ་ཟས་མི་བསྲེས་པར་གཙང་སྦྲ་ལེགས་པོ་བྱེད་པ།ནད་པ་དེ་རིགས་ཀྱིས་བཀོལ་པའི་གཙགས་ཁབ་ལ་དུག་སེལ་གང་ལེགས་བཅས་བྱེད་དགོས།
 དྲུག་པ།གསོ་བཅོས།༼མན་ངག་རྒྱུད་༽ལས།མཁྲིས་པ་བཤལ་ལ་བད་ཀན་སྐྱུགས་ཀྱིས་སྦྱངས་ཞེས་པ་ལྟར།ཐོག་མར་ཉིན་འགར་ཨ་རུ་ཁྲུས་ཐང་གིས་གསུས་པ་བཤལ་ནས།མཆིན་མཁྲིས་དང་།ཕོ་ཡུལ་གྱི་དྭངས་མའི་སྙིགས་མ་མི་གཙང་བ་སྦྱངས་ན་ཕན་ལ།དེ་རྗེས་སྔ་དྲོར་གུར་གུམ་མཆོག་བདུན་ཚད་ལྡན་སྦྱར་བ་བསྟེན་ཅིང་།ཉིན་གུང་དུ་བོང་དཀར་བཅུ་གསུམ་སྟེང་དོམ་མཁྲིས་ཁ་ཚར་བཏབ་སྟེ་ཆུ་ཁོལ་གྱིས་ཕུལ་ན་མཆིན་མཁྲིས་ཀྱི་གཉན་ཚད་འཇོམས།ཕྱི་དྲོ་བྲག་ཞུན་ལྔ་བ་ཚད་ལྡན་དང་ཡང་ན་ཟླ་ཤེལ་བདུད་རྩི་མ་ཚད་ལྡན་བསྟེན།ཟས་ཀྱི་དང་ག་ཞན་པ་དང་།ཕོ་མཆིན་མི་བདེ་བ་ལ་ཞི་གསེར་བསྟེན།ཡང་ན་རྐང་མཐིལ་ལག་མཐིལ་དུ་ཚ་བ་སྐྱེས་ན།དགུང་མོ་མ་ནུ་བཞི་ཐང་ལ་གཡུ་རྙིང་ཅུང་ནུས་རྟག་སྤྲོད་བྱས་ན་བཟང་།ཞོར་དུ་ཉིན་གསུམ་རེའམ་ཉིན་གཉིས་རེར་གཡུ་རྙིང་ཉེར་ལྔ་དང་དབང་རིལ་ཉེར་ལྔ་རེས་མོལ་ཀྱིས་བསྟེན་ན།ལྡན་འདུས་མཆིན་དུག་འཇོམས།ཡང་རྩའི་ཤེད་ཆུང་བས་ཞན་པ་དང་།གཏིང་དུ་སོང་བས་བྱིང་བ།མངོན་མི་ཐུབ་པས་གུད་པ།གྲངས་དལ་ཞིང་བུལ་བ།གྲིམ་པ་མ་ཡིན་པར་ལྷོད་པ།དྲི་ཆུ་མདོག་དཀར་བའམ་སྔོ་ལ་སླ་བ།རླངས་དང་དྲི་ཆུང་ཝུ་བ་མང་ལ་ཡལ་དཀའ་བ་སོགས་གྲང་བའི་རྟགས་ཡིན་པས་སྔ་དྲོ་དྭངས་བཙོ་དང་།ཉིན་གུང་ཟླ་ཤེལ་བདུད་རྩི།ཕྱི་དྲོ་བཙོ་ཟླ་སོགས་བསྟེན་ན་བཟང་།དཔྱད་ལ་རྒྱབ་ཀྱི་ཚིགས་པ་བརྒྱད་པ་དགུ་བའི་གསང་ལ་མེ་བཙས་གསོ།སྤྱིར་ནད་འདི་བཅོ་དཀའ་བར་མ་ཟད།ནད་རྔ་མི་ལོན་པའི་ངན་རེངས་ཅན་གྱི་ནད་ཅིག་རེད།གསོ་བཅོས་བྱས་པའི་ལག་ལེན་ཁྲོད་དུ་ནད་པ་ལ་ལར་ཕན་འབྲས་ཆེ་བ་དང་།ལ་ལར་ཕན་འབྲས་ཆུང་བ་ཞིག་རེད།དེ་བས་ནད་པ་དག་གི་ནད་བབ་ལ་དཔགས་ཏེ་རླུང་མཁྲིས་བད་ཀན་གྱི་ནད་བབ་དང་བསྟུན་ནས་ཟས་སྤྱོད་མ་ལོག་པར་སྨན་པའི་ངག་བཞིན་གོང་གསལ་ལྟར་གསོ་བཅོས་དང་སྨན་སྦྱོར་སྤུས་ཚད་ལེགས་པོས་དུས་ལྟར་གསོ་བཅོས་བྱས་ན།ནད་པ་ཇེ་བཟང་དུ་འགྲོ་བར་བྱེད།