ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་བགྲོ་གླེང་འཛིན་གྲྭ་སློབ་འགོ་ཚུགས་པ། བོད་སྐྱོད་འབུམ་རམས་པའི་ཞབས་ཞུ་ཚོགས་པས་མུ་མཐུད་རིག་སྟོབས་རོགས་སྐྱོར་བྱས་པ། བོད་ལྗོངས་ཀྱི་གཞོན་ནུ་ལོ་ཆུང་གི་ཚན་རིག་ལས་དོན་ཁང་ཐོག་མ་ལྷ་སར་བཙུགས་པ། བོད་ཀྱིས་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་རྣམ་གྲངས་བརྒྱ་ལྷག་ཙམ་གསར་དུ་བསྣན་པ། ཞིང་ལས་དངུལ་ཁང་བོད་ལྗོངས་ཡན་ལག་དངུལ་ཁང་གིས“ངོ་རིས་བཤེར་ནས་དངུལ་ལེན་པའི”བྱེད་ནུས་བཏོན་པ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་སྐོར་ཞིབ་རུ་ཁག་ཨང་དྲུག་པས་བོད་ལྗོངས་ལ་གྱོད་དོན་༡༧བརྒྱུད་སྤྱོད་བྱས། བོད་ལྗོངས་ཀྱི་གྲོང་གསེབ་ཀྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པ། བོད་ཡིག་དཔེ་མཛོད་ཀྱི་གཞི་གྲངས་ལྟེ་གནས་དབུ་བརྙེས་པའི་མཛད་སྒོ་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

ཕོ་བ་དང་རྒྱུ་མའི་སྨན་གྱི་ཕན་ནུས་དང་བསྟེན་ཚུལ།

སྤེལ་དུས 2012-03-16 ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན་དྲ་བ། རྩོམ་པ་པོ། བསྟན་འཛིན་གྱིས་བསྒྲིགས།

      བོད་སྨན་སེ་འབྲུ་ལྔ་བ། སྨན་འདིའི་ནུས་པ་དྲོད་ཆེ་ལ་བཟི་མེད། ཕན་ནུས་ནི་ཁ་ཟས་མི་འཇུ་བར་ཟས་དང་ཆུ་སྐྱུར་སྐྱུགས་པ་དང་། ཡི་ག་ཞན་པ། ཁོག་པ་སྦོས་རྒྱངས་བྱེད་པ། མཁལ་མ་དང་རྐེད་པའི་གནས་སུ་དྲོད་ཆུང་ཞིང་ན་བ་སོགས་ལ་ཕན། སྨན་འདིའི་བསྟེན་ཚུལ་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་། ཐེངས་རེར་རིལ་བུ་ལྔ་ནས་བདུན་བར་འཐུང་དགོས།
     
དྭགས་སྨན་བཅོ་ལྔ། སྨན་འདིའི་ནུས་པ་རྣོ་ལ་དྲོད་འབྲིང་ཙམ་ཡིན་པ་དང་བཟི་མེད། ཕན་ནུས་ནི་ཁ་ཟས་མི་འཇུ་བ་དང་སྒྲེག་པ་མང་བ། སྦོས་རྒྱངས་བྱེད་པ། བྲང་ཁ་ཚ་བ། ཆུ་སྐྱུར་སྐྱུགས་པ། བེ་སྣབས་སྐྱུགས་པ། ཁ་ཟས་སྐྱུགས་པ། ཁོག་པ་བཤལ་བ། ཕོ་བར་ན་ཟུག་གཏོང་བ་སོགས་ཕོ་བ་དང་རྒྱུ་མའི་ནད་ཕལ་ཆེ་བར་ཕན། སྨན་འདིའི་བསྟེན་ཚུལ་ཉིན་རེར་ཐེངས་གཅིག་དང་ཐེངས་རེར་རིལ་བུ་གཉིས་འཐུང་དགོས།
     
བརྒྱད་ལྔ། སྨན་འདིའི་ནུས་པ་ཅུང་དྲོ་ལ་བཟི་མེད། ཕན་ནུས་ནི་ཁ་ཟས་མི་འཇུ་བ་དང་། ཟས་ཀྱི་དང་ག་ཞན་པ། སྒྲེག་པ་འབྱུང་བ། སྦོས་རྒྱངས་བྱེད་པ། སེམས་ཁམས་མི་བདེ་བ་སོགས་ཕོ་རླུང་དང་སྙིང་རླུང་གི་ནད་ལ་ཕན། སྨན་འདིའི་བསྟེན་ཚུལ་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་ལྔ་ནས་བདུན་བར་འཐུང་དགོས།
     
རུ་རྟ་དྲུག་པ། སྨན་འདིའི་ནུས་པ་བསིལ་དྲོད་སྙོམས་ལ་བཟི་མེད། ཕན་ནུས་ནི་ཕོ་བ་ན་བ་དང་ཡར་སྒྲེག་པ། ཁ་ཟས་སྐྱུགས་པ་སོགས་མ་ཞུ་བའི་ནད་དང་ཕོ་བ་སྨུག་པོའི་ནད། ཕོ་བ་དང་རྒྱུ་མར་ན་ཟུག་ཆེན་པོ་ལངས་བ་བཅས་ལ་ཕན། སྨན་འདིའི་བསྟེན་ཚུལ་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་གསུམ་ནས་བཞི་བར་འཐུང་དགོས།
     
ཞི་གསེར། སྨན་འདིའི་ནུས་པ་བསིལ་དྲོད་སྙོམས་ཞིང་བཟི་མེད། ཕན་ནུས་ནི་ཁ་ཟས་མི་འཇུ་བའི་དབང་གིས་སྦོས་རྒྱངས་བྱེད་པ་དང་ཡར་སྒྲེག་པ། དང་ག་མི་བདེ་བ། ཁ་ཟས་སྐྱུགས་པ། བཤལ་བ་སོགས་གྲང་མཁྲིས་ཀྱི་ནད་ལ་ཕན། སྨན་འདིའི་བསྟེན་ཚུལ་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་གསུམ་ནས་བཞི་བར་འཐུང་དགོས།
     
ཞི་བྱེད་དྲུག་པ། སྨན་འདིའི་ནུས་པ་བསིལ་དྲོད་སྙོམས་ལ་བཟི་མེད། ཕན་ནུས་ནི་མ་ཞུ་བའི་རྐྱེན་གྱིས་ཁོག་པ་སྦོས་རྒྱངས་བྱེད་པ་དང་། ཁ་ཟས་སྐྱུགས་པ། ཡར་སྒྲེག་པ། རྒྱུན་དུ་རྩ་འབབ་དཀའ་བ། གློ་བུར་དུ་ཕོ་བ་དང་རྒྱུ་མའི་གནས་སུ་ན་ཟུག་ཆེན་པོ་ལངས་བ་སོགས་ལ་ཕན། སྨན་འདིའི་བསྟེན་ཚུལ་ནི་ཉིན་རེར་ཐེངས་གཅིག་དང་ཐེངས་རེར་རིལ་བུ་དྲུག་འཐུང་དགོས།
     
མྱང་འབྲས་ལྔ་བ། སྨན་འདིའི་ནུས་པ་བསིལ་ལ་བཟི་མེད། ཕན་ནུས་ནི་རྒྱུ་མར་ན་ཟུག་གཏོང་བ་དང་ཁོག་པ་བཤལ་བ། ཁྲག་བཤལ་བ་སོགས་བཤལ་ནད་ཐམས་ཅད་ལ་ཕན། སྨན་འདིའི་བསྟེན་ཚུལ་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་སུམ་ཅུ་ནས་བཞི་བཅུའི་བར་འཐུང་དགོས། བྱིས་པས་རིལ་བུ་ཇེ་ཉུང་དུ་བཏང་ནས་འཐུང་དགོས།
     
བྲག་ཞུན་དགུ་བ། སྨན་འདིའི་ནུས་པ་ཅུང་བསིལ་ལ་བཟི་མེད། ཕན་ནུས་ནི་ཕོ་བར་ན་ཟུག་ལངས་བ་དང་ཁྲག་བཤལ་བ་སོགས་ཕོ་བ་དང་རྒྱུ་མའི་གཉན་ཚད་ཀྱི་ནད་ཕལ་ཆེ་བར་ཕན། སྨན་འདིའི་བསྟེན་ཚུལ་ནི་ཉིན་རེར་ཐེངས་གཅིག་ནས་གཉིས་བར་དང་ཐེངས་རེར་རིལ་བུ་གསུམ་ནས་བཞི་བར་འཐུང་དགོས།