ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

〈བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་〉ལས་འཕྲོས་པའི་དོགས་གནད་འགའི་དཔྱོད་གླེང་།

སྤེལ་དུས 2018-05-17 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
                 1992ལོར་ཁོ་བོས་བོད་ལྗོངས་གསོ་རིག་སློབ་གླིང་ནས་སློབ་མཐར་ཕྱིན་པའི་འབྲས་རྟགས་སུ་བྲིས་པའི་《བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་དུས་རབས་ཁྱེའུ་གསར་བུའི་རང་མདངས་》ཞེས་པའི་ཆེད་རྩོམ་གྱི་མ་ཕྱི་གྲུབ་འཕྲལ་སྣུམ་པར་དུ་བཏབ་ནས་སློབ་གླིང་ཕྱི་ནང་གི་མཁས་དབང་དུ་མའི་སྤྱན་སྔར་ཞིབ་དཔྱོད་དུ་ཕུལ་བ་བརྒྱུད་གཟུར་གནས་ཚོས་རང་རང་གི་ལྟ་ཚུལ་དང་རིན་ཐང་བྲལ་བའི་དགོངས་འཆར་གང་ལེགས་གནང་བྱུང་ཞིང་། དེ་ཡང་བོད་རིག་པའི་ཁྱུ་མཆོག་དུང་དཀར་རིན་པོ་ཆེ་ལགས་ཀྱི་སྤྱན་སྔར་སོན་ནས“གསོ་རིག་ནོར་བུའི་བང་མཛོད་ཀྱི་ལྡེ་མིག་སྒོ་སྐྱེལ་དུ་འབྱོར་བ་”ཞེས་དགའ་ཚོར་ཆེན་པོས་དེར་ཐུན་མོང་མ་ཡིན་ཞིང་མངོན་གསལ་དོད་པོའི་ཁྱད་ཆོས་ཡོད་ཚུལ་གཅིག་འཕྲོར་བགྲངས་ནས།   “མདོར་ན་ན་གཞོན་ཚེ་རིག་འཛིན་པ་ཞིག་ལ་མཚོན་ན་ཕུལ་དུ་བྱུང་བའི་གྲུབ་འབྲས་གཟེངས་སུ་ཐོན་པ་ཞིག་རེད་”ཅེས་བསྔགས་བརྗོད་དཔྱད་གཏམ་ཆེད་སྤེལ་གནང་བར་མ་ཟད། དེ་བས་ཀྱང་གལ་ཆེ་བ་ནི་ཁོང་གིས་ཆེད་རྩོམ་དེར་ཐུགས་ཁུར་དང་རྒྱབ་སྐྱོར་གྱི་ཀུན་སློང་བཟང་པོས་དགོངས་འཆར་བརྗེ་རེས་ཀྱི་ཚུལ་དུ་དོགས་གནད་ཡོད་པ་སྐོར་ཞིག་ལ་ལོགས་སུ་དྲི་བ་བཏོན་བྱུང་།   
                 གཤམ་དུ་ཐོག་མར་ཁོང་གི་དྲི་བ་ཁ་ཚང་ཇི་བཞིན་དུ་དཔྱོད་ལྡན་རྣམས་ཀྱི་གཟིགས་མོར་འགྲེམ་པ་ལ། “ང་རང་གི་བློ་གྲོས་ཉམས་ཆུང་ཁབ་ཀྱི་བུག་པ་ནས་ལྟ་སྐབས་དཔྱད་བརྗོད་འགའ་ཞིག་འཚམ་པོ་རང་མ་བྱུང་སྙམ་པ་དང་། དོགས་གནད་ཡོད་པའི་རིགས་འགའ་ཞིག་མཐོང་བ་གཤམ་གསལ།  
                 ༡་ཚེ་སྲོག་ནི་འབྱུང་བ་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་པར་གནས་ཞེས་པ།  བོད་ཀྱི་གསོ་བ་རིག་པའི་བཤད་ཚུལ་ཡིན་ནམ་རྩོམ་པ་པོས་གསར་དུ་བཏོན་པའི་ལྟ་བ་ཡིན། གང་ལྟར་བཤད་ཚུལ་དེ་ནང་བ་སངས་རྒྱས་ཆོས་ལུགས་ཀྱི་མདོ་སྔགས་གཉིས་གང་དང་ཡང་མི་མཐུན་པའི་ལྟ་ཚུལ་ཞིག་རེད།   ནང་བསྟན་ཆོས་ལུགས་ཀྱི་མདོ་ཕྱོགས་མངོན་པ་གོང་འོག་གཉིས་ནས་གསུངས་པ་ལྟར་ན། སྲོག་དང་ཚེ་གཉིས་དོན་གཅིག་མིང་གི་རྣམ་གྲངས་ཡིན་པ་དང་། དེ་ཡང་དྲོད་དང་རྣམ་ཤེས་གཉིས་གནས་པའི་རྟེན་གཞི་བྱེད་པའི་ཁམས་ཞིག་ཡིན་ཞེས་རགས་བཤད་ཙམ་དུ་གསུངས་ཤིང་།  ནང་བསྟན་གསང་སྔགས་བླ་མེད་ཀྱི་གཞུང་རྣམས་ལས།  གོང་གསལ་བཤད་ཚུལ་དེ་ལས་གོམ་གང་མདུན་སྤོས་ཀྱིས་གསལ་བཤད་གནང་སྟེ།    སྲོག་ནི་རླུང་དང་དབུགས་ཀྱི་དོན་ཡིན་པ་དང་།  དབུགས་འགྲོ་འོང་གཉིས་ཀྱི་རྒྱུ་བ་དང་དལ་མྱུར་ཆ་སྙོམས་པར་གནས་པ་དང་། དེ་གོམས་པའི་སྟོབས་ཀྱིས་རྒྱུ་བ་རིང་དུ་བཏང་སྟེ་ཚོད་འཛིན་བྱེད་པ་ནི་ཚེ་རིང་དུ་གནས་པར་བྱེད་པའི་ཐབས་ཤེས་མཆོག་ཏུ་གྱུར་པ་སྲོག་སྩོལ་གྱི་མན་ངག་ཡིན་པའི་རྒྱུ་མཚན་ཞིབ་ཅིང་རྒྱས་པར་གསུངས་ཡོད་པས། དེ་འདྲའི་རླུང་ངམ་སྲོག་དེ་མཁྲིས་པ་དང་བད་ཀན་གྱི་རྣམ་པར་གནས་མི་སྲིད་པ་ཞིག་རེད།   (རླུང་ཁམས་གཉིས་ངོ་བོ་ཐ་དད་ཡིན།)  
                 ༢.ལུས་སེམས་གཉིས་ཀྱི་ནང་གི་སེམས་དེ་འབྱུང་བ་བཞི་ལས་སྐྱེད་ཅེས་འཁོད་འདུག་པ་དེ་བོད་ཀྱི་གསོ་བ་རིག་པའི་གཞུང་གང་དུ་བཤད།   དེ་ལ་རྒྱུ་མཚན་གང་ཡོད།  ང་རང་གི་བསམ་ཚུལ་ནི་ནང་བསྟན་ཆོས་ལུགས་ཀྱི་གསང་སྔགས་བླ་མེད་ཀྱི་གཞུང་ལས་གསུངས་པ་ལྟར་མིའི་ལུས་ལ་གནས་པའི་རྩ་བདུན་ཁྲི་ཉིས་སྟོང་གི་ནང་རྒྱུ་བའི་རླུང་དང་མཉམ་དུ། ཁམས་སོ་སོ། བད་ཀན།མཁྲིས་པ་སོགས་འབབ་པ་ཡིན་ཞིང་། སེམས་ཁམས་དྲུག་ནི་རྩ་ནང་དུ་རྒྱུ་བའི་རླུང་གི་གྲོགས་ལ་བརྟེན་ནས་སྐྱེས་པ་ཡིན་པས།  རླུང་ལ་རང་དབང་ཐོབ་ན་སེམས་ལ་རང་དབང་ཐོབ་སྟེ་མཐར་སྐུ་ཐུགས་ཟུང་འཇུག་རྡོ་རྗེ་འཆང་གི་གོ་འཕང་ཐོབ་པ་ཡིན་ཅིང་། དེའི་ཚེ་ཕུང་བོའི་བདུད་དང་། ཉོན་མོངས་པའི་བདུད། རྣམ་གཡེང་ལྷའི་བུའི་བདུད།  འཆི་བདག་གི་བདུད་བཅས་བཞི་བཅོམ་ནས་ཡོན་ཏན་བཞི་དང་ལྡན་པའི་སངས་རྒྱས་བཅོམ་ལྡན་འདས་ཟེར་བའི་གོ་དོན་དེ་ལྟར་ཡིན་པའི་ཁུངས་དང་རྒྱུ་མཚན་ཞིབ་ཕྲ་བཤད་རྒྱུ་ཡོད།  
                 ༣.རྩ་དབུ་རྐྱང་རོ་གསུམ་གྱི་བཤད་ཚུལ་ངེས་དོན་ཐུན་མོང་མ་ཡིན་པའི་དགོངས་པ་ཡིན་པ་ལས།  ཐུན་མོང་ཐ་མལ་པའི་ལུས་ལ་མངོན་སུམ་དུ་སྣང་རྒྱུ་མེད་པ་ལྟ་བུར་བཤད་པ་དེ།  གསོ་རིག་འཛིན་པའི་མཁས་པ་རྣམས་ཀྱིས་ངོས་འཛིན་མ་ཐུབ་པའི་དབང་གིས་མེད་ཅེས་ཐག་བཅད་པ་ཞིག་ཡིན་ནམ།  མེད་པའི་རྒྱུ་མཚན་ལུང་དང་རིགས་པ་མངོན་སུམ་གསུམ་གྱི་སྒོ་ནས་བཤད་རྒྱུ་ཡོད། ཡོད་ན་གསོ་རིག་འཛིན་པ་རྣམས་ཀྱིས་ངོས་འཛིན་ཐུབ་པས་ཁྱབ་པ་དང་། གསོ་རིག་པས་ངོས་འཛིན་མ་ཐུབ་ན་མེད་པས་ཁྱབ་པ་དེ་འདྲ་རང་ཨེ་ཡིན།   
                 ༤.བོད་ལུགས་གསོ་རིག་གི་རྨི་ལམ་གྱི་རྣམ་བཤད་ཅེས་པའི་ནང་། བོད་ཀྱི་བཀའ་བསྟན་མདོ་རྒྱུད་གཞུང་ལུགས་སོགས་སུ་རྨི་ལམ་འབྱུང་ཚུལ་དང་། མཚན་ལྟས་སོགས་རྒྱས་པར་གསུངས་ཞེས་ཟུར་ཙམ་བསྟན་པ་ལས། རྨི་ལམ་འབྱུང་བའི་རྒྱུ་མཚན་དང་། རྨི་ལམ་གྱི་ནུས་པ། རྨི་ལམ་གྱི་ཁྱད་ཆོས། རྨི་ལམ་སྐབས་ཀྱི་རླུང་སེམས་ཀྱི་འབྲེལ་བ། དེ་གཞིར་བཟུང་ནས་རྨི་ལམ་བེད་སྤྱོད་བྱ་ཚུལ། རྨི་ལམ་སྦྱོང་བརྡར་བྱ་ཚུལ་ལ་སོགས་པ་ཞིབ་ཕྲ་གསུངས་པ་རྣམས་ཀྱི་མིང་ཐོ་ཙམ་ཡང་འཁོད་མི་འདུག་པ་དེ་སྐོར་གཟིགས་ཞིབ་གནང་མ་མྱོང་བའམ།  ཐུགས་རྒྱུས་ཉམས་ཞིབ་ཚོད་ལྟ་གནང་མ་མྱོང་བ་ཡིན་ནམ། འདིར་མདོ་རྒྱུད་བསྟན་བཅོས་ནང་གསུངས་པའི་སྤྱིར་བཏང་གི་རྨི་ལམ་བཤད་ཚུལ་གྱི་ཡན་ལག་ཆ་ཤས་ནང་གི་ཆ་ཤས་རེ་གཉིས་ཀྱི་མིང་བཀོད་པ་ལས། གོང་དུ་གསལ་བའི་གལ་ཆེའི་ནང་དོན་ཁག་གི་མིང་ཙམ་ཡང་བཀོད་གནང་མ་མཛད་པ་ནི།  བོད་ཀྱི་གསོ་བ་རིག་པའི་གཞུང་གི་ཆེ་བ་འདོན་པའི་ཆེད་དུ་གསུངས་པ་ཡིན་སྲིད།  
                 ང་རང་གི་ལྟ་ཚུལ་ལ། གོང་གསལ་ནང་པ་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་བླ་ན་མེད་པའི་གཞུང་ལས་གསུངས་པའི་རྨི་ལམ་གྱི་སྐོར་རྣམས་རང་ཅག་བོད་ཀྱི་གསོ་བ་རིག་པའི་གཞུང་དང་ཟུང་འབྲེལ་བས་ན་སྨན་བཅོས་ཐོག་ཕན་ནུས་ཆེན་པོ་ཐོན་ཐུབ་པར་མ་ཟད། རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སྔར་ལས་ཆ་ཚང་བ་དང་། ཕུན་སུམ་ཚོགས་པ། ཚན་རིག་གི་རང་བཞིན་ལྡན་པ་ཞིག་ཏུ་གོང་མཐོར་འགྲོ་ཐུབ་ངེས་ཡིན་པར་ངོས་འཛིན་བྱེད་ཀྱི་ཡོད་པ་བཅས་ཁྱེད་ཉིད་རང་རིགས་ཀྱི་གསོ་བ་རིག་པའི་རྒྱུན་སྲོལ་འཛིན་སྐྱོང་སྤེལ་གསུམ་གྱི་མཛད་རྗེས་རླབས་ཆེན་ཞིག་འཇོག་པའི་འཕྲིན་ལས་ཀྱི་ཞབས་འདེགས་སུ་འགྱུར་སྲིད་སྙམ་ནས་གང་དྲན་ཐོལ་བྱུང་གི་དྲི་ཚིག་འདི་བཞིན་ཉམས་ཞིབ་གནང་རྒྱུ།” ཞེས་གནད་ལ་འཁེལ་ཞིང་ཁྱབ་རྒྱ་ཆེ་ལ་གཏིང་ཟབ་པའི་དྲི་ཚིག་འདི་ལྟ་བུ་གནང་བྱུང་བ་ནི། བོད་ཀྱི་རིག་གནས་ལ་གཞན་དྲིང་མི་འཇོག་པའི་མཁས་དབང་རྒན་རབས་པ་ཞིག་གིས་རང་རེའི་ཚེག་རིག་གི་མ་འོངས་ལས་དབང་ལ་རབ་ཏུ་དཀར་བའི་ལྷག་བསམ་མཚོན་ཆེད་དུ་བློ་གྲོས་ཀྱི་དྭངས་མ་ལས་བྱུང་བའི་དགོངས་འཆར་དང་།   ལྷག་ཏུ་བདག་ཅག་ཚེ་རིག་འཛིན་མཁན་གཞོན་རབས་པའི་བློ་མིག་འབྱེད་པའི་གསེར་ཐུར་ཞིག་ལགས་པས་ཁོང་ལ་སྙིང་ཐག་པ་ནས་བཀའ་དྲིན་ཆེ་ཞུ་བ་དང་སྦྲགས། རྩོམ་འདི་སྤེལ་བའི་དམིགས་ཡུལ་ཙམ་ཞུ་བར། མཁས་དབང་གང་གི་དྲི་ཚིག་རྒྱ་ཆེ་བ་འདི་ཉིད་དུས་དེབ་ཏུ་དངོས་སུ་བཀྲམ་པ་བརྒྱུད་གསོ་རིག་དོན་གཉེར་ཅན་མང་པོའི་བློ་རྒྱ་དང་རིགས་སྒོ་འབྱེད་པར་སྨན་ཐོགས་པ་དང་གཅིག    རིག་པའི་རྣམ་དཔྱོད་ཅན་ལ་ལས་དྲི་ཚིག་དེར་བློ་རྣོན་པོས་ཉམས་ཞིབ་གནང་སྟེ་གནད་དམ་པའི་སྒོ་འཕར་ཡངས་པོར་ཕྱེ་སྲིད་ཨེ་ཡོང་སྙམ་པ་དང་གཉིས། བོས་ལ་ཨ་ལན་མེད་ན་ལྐུགས་པ་ཞེས་པ་ལྟར་ཐེངས་འདིར་ཕྲན་ནས་མི་ཤེས་ཤེས་མདོག་དང་རྨོངས་བློར་ཤར་ཚོད་ཀྱིས་ལན་ཙམ་འདེབས་ཁུལ་བྱས་ཏེ་སོ་འཕང་གཡང་འདྲེན་གྱི་དཔེ་བཞིན་རྗེས་སོར་དོགས་གནད་འདིའི་ཐད་ཀྱི་དཔྱད་པ་གཅིག་ལས་གཅིག་ལྷག་འབྱུང་ཐུབ་པའི་སྨོན་འདུན་དང་གསུམ་བཅས་ཀྱིས་བློ་སྣ་དྲངས་ཏེ་རྩོམ་འདི་བྲིས་པ་ལགས་ལ།   དེའང་འཇིག་རྟེན་ཐོག་གི་རིག་གཞུང་ཚན་ཁག་གང་དང་གང་ཡིན་རུང་ཚང་མར་རང་རང་གི་ཁྱད་ཆོས་དང་ཁྱབ་ཁོངས། ཞིབ་འཇུག་བྱ་ཡུལ་དང་བྱ་ཐབས། དེ་བཞིན་དགོས་པ་དང་དགོངས་གཞི་སོགས་སོ་སོའམ་ཐ་དད་ཅིག་ཡོད་པ་བཞིན། བོད་ཀྱི་གསོ་རིག་ལའང་གཞན་དང་མི་འདྲ་བའི་རང་གི་རིགས་པའི་གཞུང་ལུགས་དང་ལྟ་བའི་ཁྱབ་ཁོངས་ངེས་ཅན་ཞིག་ཡོད་པ་སྨོས་མ་དགོས་ལ།   བདག་གིས་འདིར་དྲིས་ལན་སྤྲོ་སྐབས་ཀྱང་གཙོ་བོ་གསོ་རིག་རང་གི་ཁྱབ་ཁོངས་དང་མཐུན་པའི་སྒོ་ནས་དཔྱད་འདོད་པ་ནི་ཁོ་བོའི་ཐེངས་འདིའི་བསམ་བློའི་མཛུབ་སྟོན་ནམ་རིག་པའི་རྩ་དོན་ཡིན།   
                 ད་ནི་སྐབས་སུ་བབས་པའི་དངོས་གཞི་སྟེ་དཔྱད་ལན་འབུལ་བ་ལ་གོང་གི་དྲི་ཚིག་གི་རིམ་པ་ལྟར་ས་བཅད་བཞིའི་སྒོ་ནས་སྤྲོ་བར་བྱ་སྟེ།   
                 གཅིག ཚེ་སྲོག་ནི་འབྱུང་བ་རླུང་མཁྲིས་བད་གསུམ་གྱི་རྣམ་པར་གནས་ཞེས་པ་ནི་བོད་ཀྱི་གསོ་རིག་གི་གཞུང་དུ་ཡོད་པའི་དགོངས་དོན་ལ་འགྲེལ་པའི་བརྗོད་སྟངས་གསར་བ་ཞིག་ཡིན།  
                 ཚེ་དང་སྲོག་དང་འཚོ་བ་རྣམས་དོན་གཅིག་མིང་གི་རྣམ་གྲངས་ཡིན་ཞིང་།  སྤྱིར་ཚེ་སྲོག་ཅེས་པ་ནི་ཁམས་རང་རང་གི་རྟེན་རྣམས་འཚོ་ཞིང་འཛིན་པ་དེར་བ་སྟེ་སྲོག་ལྡན་གང་ལ་གཞན་དང་མི་འདྲ་བའི་འཚོ་སྐྱེས་ཀྱི་ནུས་སྟོབས་ཁྱད་པར་བ་ཞིག་ཡོད་པ་དེའི་མིང་དང་། བྱེ་བྲག་རླུང་སེམས་དབྱེར་མེད་ཀྱི་ཆ་དེ་ལ་བྱ་བ་བཅས་ནི་ནང་བསྟན་མདོ་སྔགས་དང་གསོ་དཔྱད་རང་ལུགས་གང་གི་སྒོ་དང་ཡང་མཐུན་པའི་ལྟ་ཚུལ་ཞིག་རེད། དེ་ལྟར་ཚེ་སྲོག་གི་ངོ་བོའམ་གོ་དོན་ཐད་གང་ཉིད་དང་ཕྲན་ཆུང་གཉིས་ཀྱི་ལྟ་བའི་གཞི་གཅིག་ཏུ་མཐུན་པས་འདིར་དཔྱད་པའི་དགོས་པ་མ་མཆིས།  
                 འོ་ན་དྲི་ཚིག་འདིའི་དཔྱད་གཞི་གང་ཞེ་ན།  གོང་དུ་སྨོས་མ་ཐག་པ་དེ་ལྟ་བུའི་ཚེ་སྲོག་ཉིད་འབྱུང་བ་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་པར་གནས་སྲིད་མིན་ཏེ། ཚེ་སྲོག་གི་རྣམ་པའི་གནས་སྟངས་ཉིད་ལགས།  
                 དེ་ལ་ཐོག་མར་འབྱུང་བ་རླུང་མཁྲིས་བད་ཀན་ཞེས་པའི་གོ་དོན་རགས་ཙམ་སྨྲ་བ་ལ།   རླུང་(གཡོ་བའི་དོན)ཞེས་པ་ནི་བྱེད་ལས་སམ་མཚན་ཉིད་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་གཡོ་བའི་ཁམས་ཀྱི་མིང་དང་། མཁྲིས་པ་(མེའམ་འབར་བའི་དོན)ནི་ངོ་བོ་ལ་བལྟོས་ནས་བཏགས་པའི་ལུས་ཀྱི་དྲོད་ཁམས་ཀྱི་མིང་དང་།    བད་(ཆུའི་དོན་)ཀན་(སའི་དོན་)ནི་ངོ་བོའི་སྒོ་ནས་བཏགས་པའི་ལུས་ཀྱི་ས་ཆུའི་ཁམས་ཀྱི་མིང་སྟེ། དེ་གསུམ་ནི་ལུས་ཁམས་འགྲུབ་བྱེད་ཀྱི་དངོས་པོའི་རྨང་གཞི་ཡིན་ལ། ཚེ་སྲོག་འགུལ་སྐྱོད་ཀྱི་བྱེད་ནུས་དང་རྨང་གཞིའང་ཡིན། མིའི་ལུས་པོར་ཕྱིའི་འབྱུང་བ་ས་ཆུ་མེ་རླུང་བཅས་དངོས་སུ་ཡོད་པ་མ་ཡིན་ཡང་དེ་དག་དང་ཆ་མཐུན་ཙམ་གྱི་མཚན་ཉིད་འཛིན་ཞིང་རང་བཞིན་གསལ་བས་ན་འབྱུང་བཞིའི་ཁམས་སམ་ཉེས་གསུམ་ལུས་ཞེས་སུ་བརྗོད་པ་དང་། སྐབས་འདིའི་ས་ཁམས་ཞེས་པར་མཚོན་ན་ཕྱིའི་འབྱུང་བ་སའི་ཕུང་པོ་ཙམ་གྱི་གོ་དོན་ལས་རྣམ་པར་བརྒལ་ཏེ་རྫས་གང་འགྲུབ་བྱེད་ཀྱི་རྒྱུ་ཕྲ་མོ་སྲ་བའི་ཆ་ཤས་ཀྱི་གཟུགས་ཀྱི་རང་བཞིན་ཞིག་ལ་གོ་དགོས་པ་དང་།  ཆུ་ཁམས་ཞེས་པ་གཟུགས་ཉིད་གཅིག་ཏུ་སྡུད་པའི་གཤེར་བའི་ཆ་ཤས་ཀྱི་རྣམ་པ་ཞིག་དང་། མེ་ཁམས་ཞེས་པ་རྫས་གང་སྨིན་ནམ་འཚར་བར་བྱེད་པའི་དྲོད་ཀྱི་ཆ་ཤས་ཤིག་དང་།   རླུང་ཁམས་ཞེས་པ་གཡོ་བ་སྟེ་འགུལ་སྐྱོད་ཀྱི་ནུས་པའི་རང་བཞིན་ཞིག་དང་།   དེ་བཞིན་འབྱུང་བཞིའི་ཤུགས་བསྟན་ནམ་མཁའི་ཁམས་ཞེས་པ་གཟུགས་སུ་འགྲུབ་པར་གོ་འབྱེད་པའི་ནུས་པ་ཐོན་པ་ཞིག་ཏུ་ཤེས་དགོས། ཉེས་པ་རླུང་མཁྲིས་བད་ཀན་གསུམ་ཕན་ཚུན་རམ་འདེགས་དང་འབྲེལ་བ་ཡོད་ལ།  ཕན་ཚུན་འགལ་བ་དང་འཐབ་རྩོད་ཀྱང་ཡོད་པ་ཞིག་ཡིན། དེ་བས་ཕྱི་ནང་གི་རྒྱུ་རྐྱེན་ངེས་ཅན་འོག་ཕན་ཚུན་སྙོམས་སྒྲིག་བྱས་ཏེ་ལུས་སེམས་ཆགས་གནས་འཇིག་གསུམ་གྱི་རྩ་བར་གྱུར་ཡོད།  
                 དེ་ལྟར་ལུས་སེམས་ཆགས་གནས་འཇིག་གསུམ་གྱི་གཞི་རྩར་གྱུར་པའི་རླུང་མཁྲིས་བད་གསུམ་གྱི་རྣམ་པར་ཚེ་སྲོག་གནས་པའི་ཚུལ་ཇི་ལྟར་ཞེ་ན། དབུགས་ཀྱི་རྒྱུ་བ་དང་། ལུས་པོའི་དྲོད་འཇམ། གཟུགས་ཀྱི་བཀྲག་མདངས། རྩ་ཡི་འཕར་ལྡང་སོགས་ང་ཚོ་སུས་ཀྱང་དངོས་སུ་ཚོར་ཐུབ་པའི་ཚེ་སྲོག་གི་ཁྱད་རྟགས་དེ་རྣམས་ལ་མཚོན་ན།  ཉེས་པའི་ལས་ཏེ་རླུང་གིས་དབུགས་འབྱིན་རྔུབ་བྱེད་ཅིང་ཁྲག་སོགས་གནོད་བྱ་རྒྱུ་བ།   མཁྲིས་པས་ལུས་དྲོད་འཛིན་ཞིང་པགས་མདོག་གསལ་བ།  བད་ཀན་འཇམ་དང་སྣུམ་གཤེར་བྱེད་པ་སོགས་ཉེས་པའི་བྱེད་ལས་དེ་དག་ལས་ཐོན་པའི་མངོན་རྟགས་འབའ་ཞིག་ཡིན་པས།   ཚེ་སྲོག་གི་ཁྱད་རྟགས་དེ་རྣམས་དོན་ལ་ཉེས་གསུམ་གྱི་རྣམ་པའི་སྟེང་ནས་ལུས་ཕྱིར་མངོན་པ་མ་ཡིན་ནམ། ཅིའི་ཕྱིར་ན་ཁམས་རང་རང་གི་རྟེན་རྣམས་འཚོ་ཞིང་འཛིན་པ་དེ་ཚེ་སྲོག་ཡིན་ན།   ཁམས་རང་རང་གི་རྟེན་རྣམས་འཚོ་ཞིང་འཛིན་པའི་དམིགས་བསལ་གྱི་ལས་དབུགས་རྒྱུ་དྲོད་འཕེལ་གཟུགས་འཛིན་པ་སོགས་ནི་མི་མངོན་པའི་འབྱུང་བའམ་ཉེས་པའི་ནུས་པ་ཡིན་པ་དང་།  ནུས་པ་དེ་སྐྱེས་བུས་འབྱུང་ལྔའི་ཟས་སྐོམ་སོགས་བསྟེན་པའི་སྟོབས་ལས་བྱུང་བ་བཅས་ཚེ་སྲོག་དང་ཤིན་ཏུ་ཕྲ་བའི་འབྱུང་སྟོབས་གཉིས་ཕན་ཚུན་རེས་མོས་དང་། རྟེན་དང་བརྟེན་པ། ཡང་ན་ཆུ་དང་འོ་མ་འདྲེས་པ་ལྟ་བུའི་ངོ་བོ་དབྱེར་མེད་ཀྱི་འབྲེལ་བ་ཡིན་ཕྱིར།  ཚེ་སྲོག་དེ་འབྱུང་བ་རླུང་མཁྲིས་བད་གསུམ་གྱི་རྣམ་པར་མི་གནས་ཐབས་མེད་ཡིན། དེ་བཞིན་རྒྱུད་ལས། ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་མཐོང་། །ཆུ་ནུས་མེ་ལ་ཐིམ་པས་བུ་ག་སྐམ།  །མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད།  །རླུང་ནུས་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད།  །ཅེས་པ་ལྟར་འབྱུང་བ་ལྔའི་རང་བཞིན་ལས་གྲུབ་པའི་ལུས་ཀྱི་ཕུང་བོ་འདི་ཉིད་ཚེ་འཕོ་བའམ་འཆི་བ་ལ་མངོན་དུ་ཕྱོགས་པའི་ཚེ་ན། འབྱུང་བའམ་ཉེས་པའི་ནུས་པ་རྣམས་རིམ་པ་བཞིན་དུ་སྔ་མ་སྔ་མ་རྣམས་ཕྱི་མ་ཕྱི་མར་ཐིམ་པར་འགྱུར་བ་ལ་བརྟེན་ནས་ཚེ་སྲོག་གི་ཁྱད་ནུས་དག་ཀྱང་རིམ་བཞིན་འགག་པའི་ཚུལ་བསྟན་པ་དེར་ང་ཚོས་ལན་ཙམ་དཔྱད་པས་ཀྱང་མིའི་ཚེ་སྲོག་དེ་འབྱུང་བ་རླུང་མཁྲིས་བད་གསུམ་གྱི་རྣམ་པའི་སྟེང་དུ་གནས་ཡོད་ཚུལ་རྟོགས་ཐུབ། གཞན་སྤྱིར་བཏང་བའི་དབང་དུ་བཤད་ན། ལུས་སྲོག་གཉིས་ཀྱི་འབྲེལ་བ་ནི་དབང་བསྒྱུར་བྱ་དང་དབང་སྒྱུར་མཁན་གྱི་འབྲེལ་བ་སྟེ་ལུས་ནི་སྲོག་གི་དབང་བསྒྱུར་བྱ་དང་སྲོག་ནི་ལུས་ཀྱི་དབང་སྒྱུར་མཁན་ཡིན་ལ།  རྟེན་གཞི་ལུས་དང་བརྟེན་པ་སྲོག་ཡིན་ཙ་ན་རྟེན་དང་བརྟེན་པའི་འབྲེལ་བའང་ཡིན།  དེ་ལྟར་སྲོག་ཉིད་ལུས་ལ་བརྟེན་ནས་གནས་པ་དང་།  ལུས་ཉིད་འབྱུང་བའི་རང་བཞིན་གྱི་ཉེས་གསུམ་ལས་གྲུབ་ཅིང་ཉེས་གསུམ་གྱིས་བཟུང་ཡོད་པས་ན། ཚེ་སྲོག་དང་མི་མངོན་པའི་འབྱུང་ནུས་གཉིས་བདག་གཅིག་གི་ངོ་བོར་གྲུབ་ཡོད་པའང་དཔག་ནུས་སོ། །  
                 བྱེ་བྲག་རླུང་སེམས་དབྱེར་མེད་ཀྱི་ཆ་དེ་ལ་ཚེ་སྲོག་ཅེས་བྱ་སྟེ། མཛོད་ལས། སྲོག་ནི་ཚེ་ཡིན་དྲོད་དང་ནི། །རྣམ་ཤེས་རྟེན་གང་ཡིན་པའོ། །ཞེས་གསུངས་པ་དང་། དེ་ཡང་རྟེན་གྱི་སྒོ་ནས་བཤད་ན་ལུས་ཀུན་ལ་ཁྱབ་པའི་སྲོག་རྩ་དཀར་པོ་སྤྱི་དང་། དེར་རྒྱུ་བའི་རླུང་སྲོག་འཛིན་དང་། སྲོག་རྩ་ནག་པོ་ཁྲག་རླུང་གཉིས་འདོམས་ཀྱི་འཕར་རྩ་སྙིང་དང་འབྲེལ་ནས་ལུས་ཀུན་ལ་ཁྱབ་པ་དང་། མགོ་ལུས་ཀུན་ལ་ཁྱབ་པའི་བླ་རྩ།  སྣ་སྒོ་ནས་སོར་བཅུ་དྲུག་ཕྱིར་རྒྱུ་ཞིང་དེ་ནས་ནང་དུ་འཇུག་པའི་དབུགས་སོགས་ཡིན། ཞེས་པ་ལྟར་དང་། དེ་བཞིན་དུང་དཀར་རིན་པོ་ཆེས།  གསང་སྔགས་བླ་མེད་ཀྱི་གཞུང་རྣམས་ལས་སྲོག་ནི་རླུང་དང་དབུགས་ཀྱི་དོན་ཡིན་པར་གསུངས་ཡོད། ཅེས་དང་། བཤད་རྒྱུད་ལས། རླུང་ཁྲག་རྒྱུ་བའི་བུ་ག་ཕྱི་ནང་ཀུན། །འབྲེལ་བྱས་ལས་ནི་སྐྱེད་ཅིང་གནས་པ་དང་། །སྲོག་གི་རྩ་བ་ཡིན་ཕྱིར་རྩ་ཞེས་བྱ། །ཞེས་དང་། མན་ངག་རྒྱུད་ལས། གྱེས་ཚུལ་ལུས་ཀུན་རྩ་བ་རྩས་སྐྱེད་དེ། །སྲོག་གི་རྩ་བར་གྱུར་པའི་རྩ་རིགས་གཉིས། །སྲོག་རྩ་ལས་བྱུང་རྩ་ནག་གྱེན་དུ་གྱེས། །ཀླད་པ་ལས་བྱུང་རྩ་དཀར་ཐུར་དུ་ཟུག །ཅེས་དང་། སྟག་ཚང་ལོ་ཙཱ་བས། ཀླད་པ་ལ་བརྟེན་རྩ་དཀར་དང་།  །སྙིང་ལ་བརྟེན་པའི་རྩ་ནག་གཉིས།   །སྲོག་གནས་རྩ་བ་བྱེད་པའི་ཕྱིར།   །རྩ་ཞེས་རྒྱུ་མཚན་ལྡན་པས་བཏགས།  །ཞེས་དང་། ལུས་ཐིག་ཤེལ་དཀར་མེ་ལོང་ལས། ཀླད་པ་དང་འབྲེལ་སྲོག་གནས་རྩ་བྱེད་ཅིང་།  །ནང་དུ་མདོག་དཀར་(རླུང་རྒྱུ་)སྲོག་རྩ་དཀར་པོར་བཤད། །སྙིང་དང་འབྲེལ་ནས་སྲོག་གནས་རྩ་བྱེད་ཅིང་། །ནང་དུ་ཁྲག་རྒྱུ་(མདོག་ནག)སྲོག་རྩ་ནག་པོར་བཤད།   །ཅེས་ནང་བསྟན་མདོ་སྔགས་གཉིས་དང་གསོ་རིག་གི་གཞུང་རྣམས་སུ་ཚེ་སྲོག་ཅེས་པ་བྱེ་བྲག་ཏུ་རྩ་དང་།  དབུགས། དྲོད།  རླུང་སོགས་ལ་ངོས་འཛིན་པའམ་ཡང་ན་དེ་དག་སྲོག་རྟེན་དུ་གསུངས་ཡོད་པ་དེའི་ཐད་ནས་ཅུང་ཟད་དཔྱད་པ་ལ། རྩ་དབུགས་དྲོད་རླུང་སོགས་གང་ཡང་རླུང་མཁྲིས་བད་ཀན་ཏེ་འབྱུང་བཞིའི་ནུས་པས་མ་ཁྱབ་པ་གཅིག་ཀྱང་མེད་པ་དང་། སྤྱིར་རླུང་མཁྲིས་བད་ཀན་ཞེས་པའང་འབྱུང་བའི་ནུས་པ་ཤས་ཆེ་ཆུང་དབང་གིས་མིང་དེ་ལྟར་བཏགས་པ་མ་གཏོགས་བ་སྤུའི་བུ་ག་ཕྲ་མོ་ཙམ་ལའང་འབྱུང་བཞིའི་ནུས་པས་ཁྱབ་ལ་ཚེ་སྲོག་གམ་འཚོ་སྐྱེས་ཀྱི་ནུས་སྟོབས་ཀྱང་ཡོད་པ་ཡིན།  དེ་བས་རྩ་དབུགས་དྲོད་རླུང་བཅས་རེ་རེ་བཞིན་རིགས་པས་ལེགས་པར་བརྟགས་ན།  རྩ་ཞེས་པར་སའི་རང་བཞིན་གྱི་གཟུགས་སམ་བུ་ག་དང་།  ཆུའི་རང་བཞིན་ཏེ་འཇམ་ཞིང་གཤེར་བའི་ཆ། མེའི་རང་བཞིན་ཏེ་དྲོད་ཀྱི་ཆ། རླུང་གི་རང་བཞིན་གྱི་འགུལ་སྐྱོད་དེ་ཁྲག་སོགས་གཡོ་ཞིང་རྒྱུ་བའི་ཆ་བཅས་ཉེས་གསུམ་གྱི་ནུས་པས་ཁྱབ་པ་དང་།  དབུགས་ལའང་གཡོ་ཞིང་འགུལ་བའི་རླུང་ཁམས་ཡོད་པ་གཞིར་བྱས། དེར་གཟུགས་རྒྱུ་ཕྲ་མོ་དང་། རླན་གཤེར། དྲོད་ཀྱི་རང་བཞིན་བཅས་ཅི་ཡང་མེད་པར་དབུགས་ཞེས་རླུང་རྐྱང་བ་ཁོ་ན་ཉིད་ཡན་གར་གནས་མི་སྲིད་དེ།  ཚོད་འཛིན་དང་སྙོམས་སྒྲིག་གི་ནུས་པ་བྲལ་བའི་ཕྱིར། དེ་བཞིན་དྲོད་ཞེས་པར་ཡང་མེ་ཁམས་ལས་གཞན་པའི་ཤིན་ཏུ་ཕྲ་བའམ་མི་མངོན་པའི་འབྱུང་བ་ས་ཆུ་རླུང་གསུམ་གྱི་ནུས་པ་མེད་ན་ཐམས་ཅད་བསྲེགས་པར་གྱུར་ནས་ལུས་སེམས་ཅི་ལྟར་འཇིན།  གཞན་རླུང་སེམས་དབྱེར་མེད་ཅེས་པའི་རླུང་དང་ཉེས་པའི་རླུང་གཉིས་ནི་ཕྲ་རགས་སམ་སྤྱི་བྱེ་བྲག་གི་ཁྱད་པར་ཏེ་ཉེས་པའི་རླུང་ཡིན་ན་སྲོག་གི་རླུང་ཡིན་པའི་ཁྱབ་པ་དང་སྲོག་རླུང་ཡིན་ན་ཉེས་པའི་རླུང་ཡིན་པའི་མ་ཁྱབ་བོ།    །དེ་ལྟར་ནང་བསྟན་གཞུང་དང་གསོ་རིག་རྣམས་སུ་བྱེ་བྲག་ཏུ་ངོས་འཛིན་པའི་ཚེ་སྲོག་སྟེ་རྩ་དབུགས་དྲོད་རླུང་སོགས་ཀྱང་མཐར་གཏུགས་ནས་བཤད་ན་ཉེས་པའི་ནུས་པ་འབའ་ཞིག་ལགས་པས། ཚེ་སྲོག་ནི་འབྱུང་བ་རླུང་མཁྲིས་བད་གསུམ་གྱི་རྣམ་པར་མི་གནས་རང་གནས་ཡིན་སྙམ། 
                  གཞན། དེང་གི་རིག་གསར་གྱི་བཤད་ཚུལ་ལ། ཆུང་བ་ཕྲ་ཕུང་ནས་ཆེ་བ་གཟུགས་ཕུང་གང་ལའང་ཚེ་སྲོག་གི་གྲུབ་ཆ་ཡོད་ཅིང་། ཚེ་སྲོག་འགྲུབ་པའི་གཞི་རྩའི་དངོས་པོ་ནི་སྤྲི་དཀར་རྫས་(蛋白质)དང་།  ཚེ་སྲོག་ནི་སྤྲི་དཀར་རྫས་ཀྱི་གནས་སྟངས་ཤིག་ཡིན་ལ། དེའི་གཞི་རྩའི་ཁྱད་ཆོས་ནི་རྙིང་ཚབ་གསར་བྱེད་དེ། ལུས་ཁམས་དང་ཉེ་མཐའི་ཡུལ་ཁམས་བར་དངོས་རྫས་བརྗེ་རེས་བྱེད་པའི་གོ་རིམ་ལ་བརྟེན་ནས་རྒྱུན་ཆད་མེད་པར་ལུས་པོར་ཟས་སྐོམ་དང་མཁའ་རླུང་སོགས་ཀྱི་དྭངས་མའམ་ཉིང་བཅུད་ཚུར་སྡུད་ལེན་དང་སྙིགས་མ་ཕྱིར་དོར་ནས་ཚེ་སྲོག་འགུལ་སྐྱོད་ལ་ནུས་ཚད་མཁོ་འདོན་བྱེད་བཞིན་ཡོད་ཅིང་།  གལ་སྲིད་རྙིང་ཚབ་གསར་བྱེད་ཀྱི་རྒྱུན་ཆད་ཚེ། ཚེ་སྲོག་གི་རྒྱུ་བ་ཆད་འགྲོ་ལ། སྤྲི་དཀར་རྫས་ཀྱང་རང་བཞིན་གྱིས་འཇིག་པ་སྟེ་བཤིག་པར་འགྱུར་སྐད།  
                 ཕྲན་གྱིས་མ་རྟོགས་པ་མིན་ན། དེང་གི་བཤད་ཚུལ་གྱི་ཕྲ་ཕུང་དང་། ཡོན་སུའོ། ཡོན་ཙི།  ཧྥུན་ཙི་སོགས་གང་ཡང་མཐར་གཏུགས་ན་ཤིན་ཏུ་ཕྲ་བའི་འབྱུང་བའི་ནུས་པ་དང་དེའི་རང་བཞིན་གྱི་ཆར་མ་གཏོགས་པ་ཅི་ཡང་མེད་སྙམ་ལ།  ཚེ་སྲོག་གི་རྨང་གཞིར་གྱུར་པའི་སྤྲི་དཀར་རྫས་ལ་མཚོན་ནའང་རབ་ཏུ་ཕྲ་བའི་འབྱུང་བའི་ནུས་སྟོབས་ཤིག་ཡིན་དགོས་ཤིང་།  འབྱུང་ནུས་དེས་རྙིང་ཚབ་གསར་བྱེད་དང་མཚུངས་པའི་ཕྱི་ནང་གི་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ལྔའི་ཡོན་ཏན་ལྡན་པའི་ཟས་སྐོམ་གྱི་སྟོབས་ལས་བྱུང་བའི་དབུགས་དང་།  དྲོད།  རླན་གཤེར་སོགས་གཏོང་འཛིན་གྱིས་ལུས་སྲོག་གི་འབྱུང་ལྔ་རྒྱས་པར་བྱེད་བཞིན་ཡོད་ལ། གལ་ཏེ་མི་འཕྲོད་པའི་རྐྱེན་ལ་བརྟེན་ནས་འབྱུང་བའམ་ཉེས་པའི་བྱེད་ལས་ཡོངས་སུ་ཉམས་ཚེ་མིའི་ཚེ་སྲོག་གི་རྒྱུ་བ་ཆད་པར་ངེས་ཤིང་།  སྤྲི་དཀར་རྫས་དང་མཚུངས་པའི་རབ་ཕྲའི་འབྱུང་སྟོབས་ཀྱང་སོ་སོ་ནས་འཇིག་པ་སྟེ། དེའི་རྟགས་སུ་ཆུ་མེ་རླུང་གསུམ་གྱི་ཁམས་བཤིག་པས་ལུས་སུ་ཁྲག་སོགས་ཆུ་དང་དྲོད་དབུགས་མི་འབྱུང་བ་དང་། སའི་ཁམས་བཤིག་པས་ལྕི་བའི་ཆ་དང་བྲལ་ཏེ་ལུས་ཕུང་ཆུའི་ཁར་ལྡིང་བ་ལྟ་བུའོ།   །ང་ཚོས་དེ་འདྲའི་དཔྱད་སྟངས་བཀོལ་ནས་མང་དུ་གཞིགས་ན། དེང་རབས་ཚན་རིག་དང་བོད་ལུགས་གསོ་རིག་གཉིས་བར་འདྲ་བའི་ཆ་མི་ཉུང་བ་ཡོད་པ་རྟོགས་ཐུབ་ལ། ཚེ་སྲོག་ནི་སྤྲི་དཀར་རྫས་ཀྱི་གནས་སྟངས་ཤིག་གམ་དེའི་རྣམ་པར་གནས་སྲིད་པ་དེ་བཞིན་དུ་ཚེ་སྲོག་ནི་འབྱུང་བ་རླུང་མཁྲིས་བད་གསུམ་གྱི་རྣམ་པར་གནས་སྲིད་པའི་ལྟ་བ་དེར་ཡང་ཚན་རིག་གི་བདེན་དཔང་ཐོབ་ནུས་སོ། །  
                 མདོར་ན་ཚེ་སྲོག་ནི་འབྱུང་བ་རླུང་མཁྲིས་བད་ཀན་གསུམ་གྱི་རྣམ་པར་གནས་ཞེས་པའི་ལྟ་བ་ནི་བོད་ཀྱི་གསོ་བ་རིག་པའི་གཞུང་དུ་སྔ་མོ་ནས་ཡོད་པའི་དགོངས་དོན་ཡིན་པ་ལ།  གུས་ཆུང་བདག་གིས་སྐད་ཆའི་བཤད་ཚུལ་ལམ་ངག་གི་བརྗོད་སྟངས་གསར་བ་ཞིག་བཏོན་པའི་ཁུལ་ལགས་སོ།།   
                 གཉིས།  ལུས་སེམས་གཉིས་སུ་ཕྱེ་བའི་ནང་གི་སེམས་དེའང་འབྱུང་བ་བཞི་ལས་སྐྱེད་ཅེས་པ་ནི་གསོ་དཔྱད་ཀྱི་རིགས་ལམ་བཀོལ་ནས་གསར་དུ་སྒྲུབ་པའི་རང་གི་ལྟ་ཚུལ་ཡིན། 
                 མ་གཞི་སེམས་དྲི་མ་མེད་པའི་ངོ་བོ་ནི་སེམས་ཅན་ཐམས་ཅད་ཀྱི་རྒྱུད་ལ་རང་བཞིན་གྱིས་གནས་པའི་སྟོང་གསལ་རིག་པའི་ཆ་སྟེ།   མཐར་ཐུག་པའི་ངོ་བོ་འདུས་མ་བྱས་པ་དང་། མི་ཤིགས་པ། རྒྱུན་མི་ཆད་པ། ཐོག་མཐའ་མེད་པ། སྐྱེ་འགག་གནས་གསུམ་དང་བྲལ་བ་ཞིག་ཡིན་ཙ་ན། དེ་ལྟ་བུའི་སེམས་དེ་རྒྱུ་རྐྱེན་འདུས་པའི་འབྱུང་བ་ལས་སྐྱེད་པ་ཞིག་ཤེས་བར་མི་སྲིད་ཅིང་དགོད་བྲོའི་བྱིས་པའི་ལབ་བརྡོལ་ལས་མ་འདས་མོད། འོན་ཀྱང་མ་རིག་སྲིད་པའི་ལུས་རྟེན་ཏེ་ཟག་བཅས་ཉེར་ལེན་གྱི་ཕུང་པོ་སྡུག་བསྔལ་རང་བཞིན་དུ་གནས་པའི་གང་ཟག་ཐ་མལ་སྐབས་ཀྱི་སེམས་ཉིད་ཉོན་སྒྲིབ་ཏུ་གནས་པས།  རྡོ་རྗེ་ལུས་ཀྱི་སྦས་བཤད་ལས། རྒྱུ་སེམས་ཅན་གྱི་དུས་ན་ཉོན་མོངས་པ་ལྔ། འབྲས་བུ་སངས་རྒྱས་ཀྱི་དུས་ན་ཡེ་ཤེས་ལྔའོ།  །ཞེས་དང་། རྡོ་རྗེའི་མགུར་ལས། སེམས་ཅན་རྣམས་ནི་སངས་རྒྱས་ཏེ། །འོན་ཀྱང་གློ་བུར་དྲི་མས་བསྒྲིབས། །དྲི་མ་དེ་བསལ་སངས་རྒྱས་དངོས།   །ཞེས་ཡེ་ནས་གནས་པའི་ཤེས་པ་དྭངས་མའི་བདག་ཉིད་ཅན་དེ་གློ་བུར་རམ་གནས་སྐབས་སེམས་ཅན་གྱི་དུས་ན་ཉོན་མོངས་དྲི་མས་བསྒྲིབས་ཡོད་པའི་ཆ་དེར་རབ་ཕྲའི་འབྱུང་བའི་རང་བཞིན་དུ་ངོས་འཛིན་བྱས་ཀྱང་མི་ཆོག་པ་མེད་སྙམ་སྟེ།   ཅིའི་ཕྱིར་ན་མ་རིག་ཉོན་མོངས་པའི་དྲི་མ་ཉིད་འདུས་བྱས་ཀྱི་ཆོས་སུ་གྲུབ་པ་དང་།   འདུས་བྱས་ཀྱི་དངོས་པོ་ཐམས་ཅད་སྐྱེ་འཇིག་གནས་གསུམ་བྱེད་པའི་རྒྱུ་ཡི་གཙོ་བོ་དེར་འབྱུང་བ་ཟེར་བས་སོ།  །རྡོ་རྗེ་གདན་བཞི་ལས། ཆུ་ནི་སེམས་ལས་འབྱུང་བས་ན།   །རྣམ་པར་ཤེས་པ་ཆུ་ཡི་ཁམས།  །རྣམ་ཤེས་མེ་རུ་འབྱུང་བས་ན།  །ལུས་ལ་དྲོ་བ་ཉིད་དུ་ངེས།  །རྣམ་ཤེས་རླུང་གི་ལུས་དག་ལ། །འབྱུང་འཇུག་དབུགས་ནི་དུ་བ་འདྲ། །སེམས་ནི་ས་རུ་འབྱུང་བས་ན། །ལྕི་བ་རུ་ནི་སྣང་བ་ཉིད། །ཅེས་སེམས་ཀྱི་གནས་སྐབས་རང་བཞིན་ནམ་རྣམ་པར་ཤེས་པ་ཉིད་འབྱུང་བཞིའི་ཁམས་ཀྱི་རང་བཞིན་དུ་གནས་པ་དངོས་ཤུགས་དྲང་ངེས་གང་རུང་ལས་ཟུར་ཙམ་བསྟན་པ་དང་།  དེ་བཞིན་རྣལ་འབྱོར་སྙིང་ཐིག་ལས། སེམས་ཉིད་རྣམ་རྟོག་གི་རང་གཟུགས་འབྱུང་བ་ལྔར་ཤར་ལ་ཞེས་པའང་རྒྱུ་སེམས་ཅན་དུས་ཀྱི་སེམས་ཉིད་མ་རིག་བདག་འཛིན་གྱི་དྲི་མས་གཡོགས་ཡོད་པའི་ངོས་ནས་འབྱུང་བཞིའི་རང་བཞིན་ནམ་དེའི་གཟུགས་སུ་ཤར་བ་ཡིན་ཞེས་པར་སེམས་སོ། །    
                 ལྷག་དོན་གསོ་རིག་གི་གཞུང་ལྟར་ན། རྒྱུད་ཀྱི་ཆགས་ཚུལ་ལེའུ་ལས། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ།   །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས།  །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ།  །ཞེས་པར་ཟུར་མཁར་བློ་གྲོས་རྒྱལ་པོས་ནན་བཤད་ཀྱི་ཚུལ་དུ།    འདིའི་སྐབས་ཀྱི་འབྱུང་ལྔ་ཞེས་པ་ནི། སྤྱིར་ཁུ་ཁྲག་སེམས་གསུམ་རང་རང་གི་ཆ་ལ་གནས་པའི་འབྱུང་ལྔའི་ཁ་ཤས་རྣམས་ལ་ཟེར་བ་ཡིན་ཀྱང་།  ཁྱད་པར་དུ་བར་དོའི་རྣམ་པར་ཤེས་པ་དང་ལྷན་ཅིག་ཏུ་གནས་པའི་འབྱུང་བ་ཤིན་ཏུ་ཕྲ་བའི་ཆ་ཞིག་ཡོད་པ་དེ་ལ་བྱ་ཞིང་།  དེ་ཡང་གཞན་རྣམས་དང་མཉམ་དུ་ཚོགས་པར་རུང་བ་ཞིག་གི་དོན་ཡིན་ཞེས་་གསུངས་པ་ལྟར། ལུས་ཆགས་པའི་རྒྱུ་ཕའི་ཁུ་བ་དང་། མའི་ཁམས་དམར་གཉིས་ནི་འབྱུང་བ་བཞིའམ་ལྔའི་རང་བཞིན་ལས་གྲུབ་ཅིང་སྐྱེད་པ་ཡིན་པ་རྩོད་མེད་གཞིར་བཞག་ལ།   སྐབས་འདིའི་བརྗོད་གནད་དེ་སྔ་ལུས་བོར་ནས་ཕྱི་ལུས་མ་ཐོབ་པའི་བར་དོའི་རྣམ་ཤེས་ལ་མཚོན་ནའང་། མ་རིག་ཆགས་སྡང་བཅས་ཉོན་སྒྲིབ་ལས་འདའ་ཐུབ་མེད་པའི་ཆ་དེར་གཞིགས་ནས་དབང་པོ་ཡུལ་ལས་འདས་པའི་ཤིན་ཏུ་ཕྲ་བའི་འབྱུང་ལྔའི་རང་བཞིན་གནས་པ་ཡིན་ཞེས་པར་སེམས་ལ། དེའང་ཁུ་ཁྲག་སེམས་གསུམ་པོའི་འབྱུང་ལྔའི་ཆ་ཤས་གཅིག་མེད་ནའང་མངལ་དུ་བུ་ཆགས་མི་ཐུབ་པར་བསྟན་ཏོ། །འདི་ལ་ཁ་ཅིག་གིས། ཁུ་ཁྲག་སེམས་གསུམ་ལ་རང་ཆས་སུ་འབྱུང་བ་ཕྲ་མོའི་གནས་ཚུལ་བཤད་ཡོད་པ་དེ་ནི། མའི་མངལ་དུ་ལུས་ཐོག་མར་ཆགས་པའི་རྒྱུའི་སྐབས་ལས་གཞན་ལུས་དངོས་པོའི་གནས་ལུགས་གྲུབ་ཟིན་པའི་དུས་ན་གསུང་མེད་པ་དང་། དེ་ཡང་བར་དོའི་རྣམ་ཤེས་དང་ལྷན་དུ་རབ་ཕྲའི་འབྱུང་ལྔའི་ཆ་ཤས་གནས་ཞེས་པ་ལས་སེམས་དེ་འབྱུང་བས་སྐྱེད་ཅིང་གྲུབ་ཅེས་པ་ཞིག་གསོ་དཔྱད་ཀྱི་གཞུང་གང་དུའང་བསྟན་མེད་དོ་ཞེ་ན། སྔ་མ་མི་འཐད་དེ། སེམས་སམ་རྣམ་པར་ཤེས་པ་ལ་འབྱུང་ལྔའི་ཆ་ཡོད་ཚུལ་དེ་ལུས་ཐོག་མར་ཆགས་དུས་མ་གཏོགས་སྐབས་གཞན་གང་དུའང་བསྟན་མེད་པ་ནི་བདེན་མོད། དེས་ལུས་གནས་ལུགས་གྲུབ་ཟིན་པའི་སེམས་ཀྱི་ཆར་འབྱུང་བའི་ཆ་མེད་ཚུལ་བསྒྲུབ་མི་ཐུབ་སྟེ།  རྒྱུ་ས་བོན་ལ་གནས་པའི་གྲུབ་ཆ་དེ་མཐར་འབྲས་བུའི་དུས་ནའང་ཡོད་ངེས་པ་ནི་རྒྱུ་འབྲས་བསླུ་མེད་ཀྱི་ཆོས་ཉིད་ཡིན་པས་སོ།  །ཕྱི་མ་ནི་བདེན་ཏེ། སེམས་ཉིད་འབྱུང་བའི་རང་བཞིན་ལས་སྐྱེད་ཅིང་གྲུབ་ཅེས་པ་ཞིག་གཞུང་འགྲེལ་གང་དུའང་དངོས་སུ་གསལ་ཁ་དོད་མེད་པ་ནི་ཕྲན་གྱི་ལྟ་ཚུལ་ཡིན་པ་ལ།     ཐོག་མར་ཐུན་མོང་གསོ་དཔྱད་གཞུང་གི་དགོས་པ་དང་དགོངས་གཞི་དེ་བཞིན་གདུལ་བྱ་སོགས་ངོས་འཛིན་བགྱིད་དགོས་ཤིང་། གསོ་བ་རིག་པའི་མདོ་དོན་ནམ་གདུལ་བྱ་ནི།  འདུ་བ་འཕེལ་ཟད་འཁྲུགས་གསུམ་ལས་བྱུང་བའི་ནད་རིགས་ཇི་སྙིད་ཀྱིས་གཟེར་བའི་སེམས་ཅན་ནམ་དུག་གསུམ་འབྱུང་བ་བཞི་ལས་གྲུབ་པའི་ལུས་ཅན་ཐ་མལ་བ་རྣམས་ཀྱི་ན་བ་གསོས་ཏེ་ཡུན་རིང་དུ་འཚོ་བར་བྱ་བ་ཉིད་ཡིན་ཞིང་། ཚིག་གཞན་གྱིས་བརྗོད་ན། སྨན་དཔྱད་ཀྱིས་གསོ་བར་བྱ་བའི་ཡུལ་ནི་མ་རིག་ཉོན་མོངས་དབང་གིས་ཟག་བཅས་ཉེར་ལེན་གྱི་ཕུང་བོ་སྡུག་བསྔལ་ཅན་དུ་གྲུབ་པའི་གདོས་བཅས་ཐུན་མོང་པའི་མི་ལུས་ཉིད་ཡིན་ཞེས་པའོ།   །དེ་ལྟར་མིའི་ཡིད་ངོར་ནད་རྣམས་ཀུན་གྱི་ཐོག་མའི་རྒྱུ་གཅིག་པུ་མ་རིག་ཉོན་མོངས་ཅན་ནག་ནོག་དྲི་མའི་གཟུགས་སུ་བསྒྲིབས་ནས་གནས་པ་ནི་སོ་སྐྱེས་ཐ་མལ་པའི་སྐབས་ཏེ།  བདག་འཛིན་མ་རིག་པ་ལས་ཉོན་མོངས་དུག་གསུམ་བྱུང་ཞིང་། དེ་ལས་རྣམ་པར་མ་གྱུར་པའི་འབྱུང་བཞིའི་རང་བཞིན་གྱི་ཉེས་གསུམ་བསྐྱེད་དེ་ནད་ཀྱི་ཉེ་རྒྱུ་བྱེད་ལ་དུས་གདོན་རྐྱེན་གྱིས་རྣམ་པར་གྱུར་ན་ནད་ཀྱི་ངོ་བོའོ།   །ཉོན་མོངས་ཀུན་གྱི་རྩ་བ་མ་རིག་པ་ལས་བྱུང་བའི་དུག་གསུམ་ནི་ཉེས་པ་རླུང་མཁྲིས་བད་ཀན་སྐྱེད་པའི་རྒྱུ་དང་། ནད་སྤྱི་དང་སྒོས་སུ་སེམས་ཁམས་ཀྱི་ནད་རིགས་ཡོད་དོ་ཅོག་གི་རྩ་བ།  ལྷག་ཏུ་བོད་ལུགས་གསོ་རིག་གི་རྨང་གཞི་ཨ་མ་སྟེ་འབྱུང་ལྔ་རིག་པ་དང་དམ་པོར་འབྲེལ་ཡོད་པས་ན། སེམས་བྱུང་འདོད་ཁྲོ་གཏི་གསུམ་ལ་ངེས་པར་དུ་གསོ་རིག་རང་གཞུང་དང་མཐུན་པའམ་དེའི་རིགས་ལམ་བཀོལ་ནས་དཔྱད་ན་གཞུང་འདིའི་ཁྱད་ཆོས་ཏེ་ལག་ལེན་བེད་སྤྱོད་ཀྱི་རང་བཞིན་མཐོ་རུ་འགྲོ་ཐུབ་སེམས།  དེ་ཡང་ཕྱི་སྣོད་ཀྱི་འཇིག་རྟེན་ཐམས་ཅད་ས་ཆུ་མེ་རླུང་སྟེ་འབྱུང་བ་བཞི་ལས་སྐྱེད་པ་ཁོ་ན་ཡིན་ལ། ནང་བཅུད་ཀྱི་སེམས་ཅན་གྱི་ཤ་རུས་གདོས་བཅས་ཀྱི་ཕུང་བོ་འདི་ཡང་འབྱུང་བཞིའམ་ཉེས་གསུམ་ལས་གྲུབ་པ་ཡིན་ཚུལ་ཀུན་གྱིས་མཁྱེན་གསལ་དང་།   དེ་བཞིན་ལུས་སེམས་གཉིས་སུ་ཕྱེ་བའི་ཐ་མལ་མིའི་སེམས་དེའང་རབ་ཏུ་ཕྲ་བའི་མི་མངོན་པའི་འབྱུང་བཞིའི་རང་བཞིན་ལས་སྐྱེད་པ་ཡིན་པར་ངོས་འཛིན་བྱས་ཆོག་སེམས་ཏེ།  ཅིའི་ཕྱིར་ཞེ་ན།  མིའི་སེམས་སུ་གནས་པའི་ཉོན་མོངས་དུག་གསུམ་གྱིས་འབྱུང་བཞིའི་མཚན་ཉིད་འཛིན་པ་སྟེ། འདོད་ཆགས་ནི་ཕྱི་རོལ་ཡུལ་གྱི་འབྱུང་བ་རླུང་དང་མཚུངས་པར་གཡོ་བའི་རང་བཞིན་གྱི་མཚན་ཉིད་དང་།ཞེ་སྡང་ནི་ཕྱི་རོལ་ཡུལ་གྱི་འབྱུང་བ་མེ་དང་འདྲ་བར་འབར་བའི་རང་བཞིན་གྱི་མཚན་ཉིད། གཏི་མུག་ནི་ཕྱི་རོལ་ཡུལ་གྱི་འབྱུང་བ་ས་ཆུ་གཉིས་དང་མཐུན་པར་ལྕི་འཐིབས་རང་བཞིན་གྱི་མཚན་ཉིད་བཅས་ཡིན།  རྒྱུ་མཚན་འདིའི་ཐད་ནས་བཤད་ན་བོད་ཀྱི་གསོ་རིག་གཞུང་དུ་ནད་སྐྱེད་པའི་རིང་རྒྱུར་དགོངས་ནས་ཐ་མལ་མིའི་ཡིད་སེམས་ཉིད་འདོད་ཆགས་ཞེ་སྡང་གཏི་མུག་སྟེ་དུག་གསུམ་གྱིས་གྲུབ་པར་བཞེད་ཡོད་ཅེས་བསྙད་ཀྱང་མི་འགྲིག་པ་མེད་སྙམ།  གཞན་མིའི་ཡིད་ངོར་གྲུབ་པའི་འདོད་ཆགས་དང་ལུས་སུ་གྲུབ་པའི་རླུང་གཉིས་ཀ་གཡོ་བའི་རང་བཞིན་ཏེ་འབྱུང་བའི་མཚན་ཉིད་མཐུན་པའི་ཆ་ནས་ཕན་ཚུན་བདག་རྐྱེན་ནམ་གཅིག་རྐྱེན་དུ་གཅིག་གྱུར་ཡོད་པས་ན། གཞུང་ལུགས་སུ་འདོད་ཆགས་དང་རླུང་གཉིས་ཕན་ཚུན་སྦྱར་བ་ཡིན་ལ། གལ་ཏེ་འདོད་ཆགས་ཉིད་གཡོ་བ་མ་ཡིན་པར་བརྟན་པའི་རང་བཞིན་ཅན་ཞིག་ཡིན་ཚེ་རླུང་དང་འདོད་ཆགས་གཉིས་ཕན་ཚུན་ཆ་རྐྱེན་དུ་འགྲུབ་མི་ཐུབ་ཅིང་། གཉིད་སྲབ་ཅིང་གང་སར་འགྲོ་སྐྱོད་མང་ལ་གླུ་དང་དགོད་ལ་དགའ་བ་སོགས་མི་གཤིས་སེམས་ཁམས་ཏེ་རང་བཞིན་མི་འདྲ་བའི་བྱ་རྒོད་ཁ་ལྦའི་མཚན་ཉིད་ཅིག་ཀྱང་འབྱུང་མི་སྲིད།  དེ་བཞིན་གཏི་མུག་དང་བད་ཀན་གྱི་དབང་དུ་བཏང་ན་གཉིས་ཀ་འབྱུང་བ་ས་ཆུའི་རང་བཞིན་དང་མཚུངས་པར་ལྕི་རྟུལ་འཇམ་བརྟན་གྱི་མཚན་ཉིད་དང་ལྡན་པས།   འབྲས་བུ་འཕྲལ་འཕྲལ་མི་སྣང་ཡང་ཡུན་གྱིས་ཡོངས་རྫོགས་བརླག་པར་བྱེད་པ་སྟེ་གཏི་མུག་ནི་མ་རིག་པའམ་ཕྱིན་ཅི་ལོག་པའི་ལྟ་བ་དགེ་རྩ་ཀུན་ཆད་པར་འགྱུར་པས་དུག་གསུམ་གྱི་རྩ་བ་ལྟ་བུ་དང་། བད་ཀན་ནི་རྒྱུད་ལས། ས་འདྲ་གཉེན་པོའི་ཁ་ན་ལྕི་བའི་ཕྱིར། །ལན་རེས་མི་སེལ་ཡུན་དུ་བསྟེན་པ་གཅེས། །ཞེས་བད་ཀན་གྱི་ནད་མགྱོགས་པོར་བཅོས་མི་ཐུབ་ཅིང་སོས་དལ་བའོ།   །དེ་ལྟར་ཞེ་སྡང་དང་མཁྲིས་པ་གཉིས་ཀྱི་འབྲེལ་བའང་རིགས་བསྒྲེས་པས་རྟོགས་ཤིང་འདོད་ཁྲོ་གཏི་གསུམ་དང་རླུང་མཁྲིས་བད་གསུམ་བཅས་རིམ་པ་བཞིན་དུ་ཕན་ཚུན་གྱི་འབྱུང་བའི་རང་བཞིན་བདག་ཉིད་གཅིག་དུ་འབྲེལ་ཚུལ་སོགས་ཁོ་བོའི་《སེམས་རིག》ལས་ཅུང་གསལ་བར་བསྟན་ཟིན་པས་འདིར་བསྐྱར་བཟློས་མི་བྱེད།   
                 ནད་གསོ་ཚུལ་གྱི་རྩ་དོན་ལྟར་ན། ཤེས་པ་རང་བབས་སུ་མི་གནས་ཤིང་སྒོ་གསུམ་གྱི་སྤྱོད་པ་འགྱུར་བའི་སེམས་ཁམས་ཀྱི་ནད་རིགས་གང་ཡང་སེམས་སུ་གྲུབ་པའི་འདོད་ཁྲོ་གཏི་གསུམ་ལ་འབྲེལ་བ་ཡོད་པས་སྤྱིར་བཏང་མིའི་སེམས་ཁམས་སྙོམས་མ་སྙོམས་ཞེས་པའང་དོན་དུ་འདོད་ཁྲོ་གཏི་གསུམ་ཕན་ཚུན་གྱི་ཆ་སྙོམས་མ་སྙོམས་ལ་རག་ལས་པ་དང་། དེའང་མཐར་གཏུགས་ན་སེམས་སུ་གྲུབ་པའི་དུག་གསུམ་གྱི་འབྱུང་བའི་རང་བཞིན་ཆ་མ་སྙོམས་པ་ཡིན་པས།    ལུས་སེམས་ནད་རིགས་གང་ཡང་གསོ་བཅོས་བྱེད་སྐབས་སུ་འབྱུང་བཞིའི་ངོ་བོ་ཆ་སྙོམས་པར་བྱེད་རྒྱུ་དེ་ནི་བོད་ལུགས་སྨན་བཅོས་ཀྱི་རྩ་བའི་ཐབས་ཤེས་སུ་འཛིན་བཞིན་ཡོད།   དཔེར་ན་འབྱུང་ཁམས་འཕེལ་ཟད་འཁྲུགས་གསུམ་གང་རུང་དུ་གྱུར་པའི་སེམས་ཀྱི་ནད་རིགས་གང་ལ་འབྱུང་བའི་གཉེན་པོ་སྨན་རྫས་གང་ཞིག་བསྟེན་པས་སེམས་འབྱུང་བའི་ཁམས་སྙོམས་པར་གྱུར་ཏེ་ནད་གཞི་སངས་དྲག་ཏུ་འགྲོ་བ་སྨན་བཅོས་ལག་ལེན་ཁྲོད་དངོས་མཐོང་ལག་ཟིན་ཡིན་པ་དེས།  ཐ་མལ་མིའི་ཡིད་སེམས་ཉིད་འབྱུང་བའི་རང་བཞིན་དུ་ངེས་པ་དོན་དངོས་ཀྱི་ར་སྤྲོད་བྱུང་བ་མ་ཡིན་ནམ།   
                 དེ་བས་ཚིག་བསྡུས་ནས་བརྗོད་ན། གསོ་རིག་གི་གདུལ་བྱར་གྱུར་པའི་ཐུན་མོང་ཐ་མལ་པའི་སེམས་ཅན་གྱི་སྐབས་ན་ངོ་བོ་འདུས་མ་བྱས་པའི་སེམས་ཉིད་མ་རིག་ཉོན་མོངས་ཀྱིས་བསྒྲིབས་ནས་གནས་ཤིང་།  དེའང་དུག་གསུམ་སྟེ་ནད་སྐྱེད་པའི་ཁྱད་པར་གྱི་རྒྱུ་འདོད་ཁྲོ་གཏི་མུག་གསུམ་དུ་འདུ་བ་དང་། སེམས་བྱུང་འདོད་ཁྲོ་གཏི་གསུམ་ནི་རིམ་བཞིན་ཡང་ཞིང་གཡོ་བ་དང་། རྣོ་ཞིང་ཚ་བ། ལྕི་ཞིང་རྟུལ་བ་སྟེ་འབྱུང་བ་ས་ཆུ་མེ་རླུང་བཞིའི་གཟུགས་སུ་ཤར་ཡོད་པ་དེར་གཞིགས་ནས་ཕྲན་གྱིས་ཐ་མལ་མིའི་སེམས་དེ་འབྱུང་བ་བཞིའི་རང་བཞིན་ལས་སྐྱེད་ཅིང་གནས་ཞེས་པ་ཡིན་པ་ལ།    དོན་དངོས་གཏན་ཚིགས་སམ་ཕྱི་དོན་གནས་ལུགས་དང་མཐུན་མིན་སླད་གཟུར་གནས་དག་གིས་དཔྱད་པར་ཞུ།   
                 གསུམ། རྩ་དབུ་རྐྱང་རོ་གསུམ་གྱི་བཤད་ཚུལ་དེ་ངེས་དོན་ཐུན་མོང་མ་ཡིན་པའི་དགོངས་པ་ཡིན་པ་ལས། ཐུན་མོང་ཐ་མལ་བའི་ལུས་ལ་མངོན་སུམ་དུ་སྣང་རྒྱུ་མེད་པ་ལྟ་བུར་བཤད་པ་དེ་ནི་ཐུན་མོང་རིག་གནས་ཏེ་གསོ་རིག་རང་གཞུང་དང་གང་མཐུན་གཙོ་བོར་བྱས་པ་ཡིན། 
                 ལར་དུས་འཁོར་དང་གསང་སྔགས་ཀྱི་རྒྱུད་སྡེ་རྣམས་སུ་རྩ་འཁོར་དང་ལྷག་ཏུ་དབུ་རྐྱང་རོ་གསུམ་གྱི་བཤད་གཞི་ཧ་ཅང་རྒྱ་ཆེ་ལ་ལུས་ཀྱི་ཁམས་སོགས་ཆེས་ཕྲ་ཞིང་ཞིབ་པའི་སྒོ་ནས་གསུངས་ཡོད།  དེ་ཡང་ཡིན་ཏེ། ཚིག་གཅིག་གིས་ཐད་ཀར་དྲིལ་ནས་བརྗོད་ན། སངས་རྒྱས་པའི་མཐར་ཐུག་པའི་དམིགས་ཡུལ་ནི་མར་གྱུར་སེམས་ཅན་ཀུན་གྱི་ཡིད་སེམས་ཡོངས་སུ་བཏུལ་ནས་མངོན་པར་འཚང་རྒྱ་བའི་ཆེད་ཡིན་པ་དང་། དེ་ལྟའི་གོ་འཕང་ཐོབ་དགོས་ན་རླུང་སེམས་ལ་རང་དབང་ཐོབ་དགོས་པ་དང་།  རླུང་སེམས་ལ་རང་དབང་ཐོབ་དགོས་ན་ལུས་ལ་གནས་པའི་རྩ་བདུན་ཁྲི་ཉིས་སྟོང་གི་ནང་རྒྱུ་བའི་རླུང་ཉིད་སྒོམ་སྟོབས་ཀྱིས་མཐའ་གཉིས་སྤང་བའི་དབུ་མར་བསྡུ་དགོས་པ་ཡིན་ཙ་ན།  གསང་སྔགས་བླ་མེད་གཞུང་གི་སྤྲོས་གཞིའི་སྙིང་པོར་གྱུར་པའི་རྩ་རིགས་གསུམ་པོའི་རྣམ་པར་བཞག་པ་རླུང་སྦྱོར་ཞི་སྒོམ་ལ་དམིགས་ནས་ནང་བསྟན་སྔགས་ཕྱོགས་སུ་རྒྱས་པར་གསུངས་ཡོད་ལ་དགོས་གལ་ཡང་ཤིན་ཏུ་ཆེ་སྙམ། ལུས་ཀྱི་དངོས་པོའི་གནས་ལུགས་ངེས་པ་དོན་གྱི་དབང་དུ་བྱས་ནས་གསུངས་པའི་རྩ་དེ་གསུམ་མིའི་ལུས་ཕུང་སྟེང་ཆུ་བུར་མིག་གིས་དངོས་སུ་མཐོང་དཀའ་ཡང་དོན་དམ་དུ་དངོས་པོའི་གཤིས་ཀྱི་གནས་ལུགས་སྐྱེ་འགག་སོགས་སྤྲོས་པ་དང་བྲལ་བས་ན་ཡོད་མེད་ཀྱི་ཐེ་ཚོམ་ཟ་བའམ་རྩོད་གཞིགས་བྱེད་པ་ནི་ངལ་བའི་ལས་ཡིན་པ་སྨོས་ཅི་དགོས། 
                 འོན་ཏེ། ཟུར་མཁར་བློ་གྲོས་རྒྱལ་པོས། རང་ཅག་རྣམས་ཀྱི་གཞུང་ལུགས་ཆེན་པོ་འདི་ཕྱི་ནང་གི་ཁམས་ཉིད་གཙོ་བོར་སྟོན་པ་ཡིན་པས་འདི་དང་གང་མཐུན་པ་ཁོ་ན་གཙོ་བོར་གཟུང་དགོས།   ཞེས་གསུངས་པ་བཞིན་གསོ་རིག་གི་སྐབས་འདིར་གཙོ་བོ་ནད་གསོ་བ་ལ་དགོངས་དགོས་པས་སྨན་བཅོས་ཀྱིས་གསོ་ནུས་པའི་ནད་དམ།  སྐྱེ་བོ་རང་གི་ཚོར་སྣང་གིས་ཤེས་ཐུབ་པའི་ནད་རགས་པ་ཡིན་སྟབས།  ལུས་ཀྱི་གནས་ལུགས་སོགས་ཐུན་མོང་བའི་ལུས་ལ་མངོན་སུམ་དུ་སྣང་བའི་དྲང་དོན་གཙིགས་སུ་འཛིན་དགོས་ཏེ།  ཚེ་རིག་འདིའི་མཐར་ཐུག་གི་ལས་འགན་ནམ་དམིགས་ཡུལ་ནི་ན་བ་གསོ་བ་ཉིད་ཡིན་ལ། ལུས་ནད་གཉེན་པོ་གང་ཡང་ཕྱི་ནང་གི་ཁམས་རགས་པ་སྟེ་འབྱུང་བཞིའི་བདག་ཉིད་ཁོ་ནར་འབྲེལ་བའི་རྒྱུ་མཚན་གྱིས།  མདོ་སྔགས་ལས་གསུངས་པའི་རྡོ་རྗེ་ལུས་ཀྱི་གནས་ལུགས་རྒྱས་ཞིབ་ཕྲ་མོ་རྣམས་གསོ་བ་རིག་པའི་དྲི་བརྟག་དཔྱད་གསུམ་གྱི་སྤྱོད་ཡུལ་མ་ཡིན་ཞིང་སྨན་བཅོས་ལག་ལེན་ཏུ་ངོས་འཛིན་མི་ནུས་པ་དང་།   ལྷག་ཏུ་སྨན་དཔྱད་གཞུང་དུ་ནད་གསོ་བར་དགོངས་པ་ལས་རླུང་སྦྱོར་ཞི་གནས་སྒོམ་པའི་དམིགས་ཡུལ་མ་ཡིན་ཕྱིར་དབུ་རྐྱང་རོ་གསུམ་བཤད་པའི་དགོས་པའང་མེད་སྙམ།  དེ་བས།  རང་རེའི་དཔལ་ལྡན་རྒྱུད་ཀྱི་རྩ་བའི་ཚིག་ཏུ་རྩ་དབུ་རྐྱང་རོ་གསུམ་གྱི་ཐ་སྙད་དང་རྣམ་གཞག་ཅིག་དངོས་སུ་མ་གསུངས་པ་དང་།    རྒྱུད་འགྲེལ་མན་ངག་རྣམས་སུའང་ཤུགས་བསྟན་ནམ་འཕྲོས་པའི་ཚུལ་དུ་མ་གཏོགས་དངོས་སུ་བསྟན་ཡོད་པ་ཤིན་ཏུ་ཉུང་། གལ་སྲིད་སྔ་འགྲེལ་འགར་ཡོད་ཀྱང་དེ་ནི་ལུས་ཀྱི་གནས་ལུགས་ངེས་དོན་དབང་དུ་བྱས་པའི་རྩ་དབུ་རྐྱང་རོ་གསུམ་དང་།ཐུན་མོང་གསོ་རིག་གཞུང་གི་རླུང་རྩ་ཁྲག་རྩ་རླུང་ཁྲག་གཉིས་འདོམས་ཀྱི་འཕར་རྩ་གསུམ་ཕན་ཚུན་སྦྱར་ཏེ་འདྲ་མཚུངས་ཙམ་བསྟན་ནས་གསང་སྔགས་ལ་བག་ཆགས་ཕྲ་མོ་འཇོག་ཐུབ་པའི་ཆེད་ཡིན་པ་ལས་ནད་ཐོག་ལག་ལེན་ཁྲོད་དུ་ངོས་འཛིན་གནང་ཐུབ་ཅེས་པ་ག་ལ་ཡིན།   
                 གང་ལྟར་མདོར་ན་གསོ་རིག་གཞུང་དུ་རྩ་དབུ་རྐྱང་རོ་གསུམ་གྱི་རྣམ་གཞག་མཛད་པ་ནི། རྩ་དེ་གསུམ་ཡོད་མེད་དང་ངོས་འཛིན་བྱེད་ཐུབ་མིན། ཡང་ན་མཁྱེན་པའི་ཡེ་ཤེས་ཀྱི་གཟིགས་ངོར་གསལ་མིན་སོགས་ཀྱི་རྒྱུ་མཚན་མ་ཡིན་པར།   གསོ་བ་རིག་པའི་སྐབས་འདིར་མི་ལུས་ཐ་མལ་འདི་ཉིད་ཆགས་གནས་འཇིག་གསུམ་གྱི་ཚུལ་དང་།   ནད་མེད་བདེ་བར་གནས་པའི་ཐབས་གཙོ་བོར་སྟོན་པ་ཞིག་ཡིན་པའི་དོན་གྱིས་ཐུན་མོང་བའི་ལུས་ལ་མངོན་སུམ་དུ་སྣང་བའི་གནས་ལུགས་འབའ་ཞིག་སྟེ་ཕྱི་ནང་གི་ཁམས་རགས་པ་སྟོན་པའི་གསོ་དཔྱད་རང་གཞུང་དང་གང་མཐུན་པ་ཁོ་ན་གཙོ་བོར་བཟུང་བ་ཡིན་ལ་འཛིན་རྒྱུའང་ཤིན་ཏུ་གལ་བར་བདག་གིས་འདོད་དོ། །  
                 གཞན་ཡང་། བོད་ལུགས་གསོ་རིག་གི་རྨི་ལམ་གྱི་རྣམ་བཤད་ཅེས་པའི་ནང་དུ།  ནང་བའི་བཀའ་བསྟན་མདོ་རྒྱུད་གཞུང་ལུགས་སོགས་སུ་རྨི་ལམ་གྱི་བརྗོད་བྱ་ཞིབ་ཕྲ་མཆིས་པ་རྣམས་ཀྱི་ཆ་ཤས་སམ་མིང་ཐོ་ཙམ་ཡང་བཀོད་མེད་པ་དེ་ནི། གཙོ་བོ་རང་ཉིད་ལ་བཀའ་བསྟན་མདོ་རྒྱུད་ན་གསལ་བའི་རྨི་ལམ་གྱི་འབྱུང་རྐྱེན་དང་། ནུས་པ། ཁྱད་ཆོས། རྨི་ལམ་སྐབས་ཀྱི་རླུང་སེམས་ཀྱི་འབྲེལ་བ། དེ་གཞིར་བཟུང་ནས་རྨི་ལམ་བེད་སྤྱོད་བྱ་ཚུལ་དང་སྦྱོང་བརྡར་བྱ་ཚུལ་ལ་སོགས་པ་རྣམས་རྒྱུས་ལོན་ཉམས་ཞིབ་བྱེད་པ་ལྟ་ཅི་དེ་དག་མིག་བསོད་དུ་གྱུར་པའི་སྐལ་བ་མ་ལྡན་པ་དང་།   དེ་མིན་བོད་ལུགས་གསོ་རིག་གི་སེམས་རིག་ཅེས་པའི་སྐབས་འདིར་དེའི་ཆེ་བའམ་དགེ་མཚན་འདོན་རྒྱུར་དམིགས་ནས་བློ་རྩེ་མཐའ་གཅིག་ཏུ་གསོ་རིག་གཞུང་ཁོ་ནར་གཏད་ཆེ་བས་ལན་པ་ཡིན་པས།   གང་ཉིད་ཀྱིས་གསུངས་པ་ལྟར་སངས་རྒྱས་ཆོས་ལུགས་ཀྱི་གསང་སྔགས་བླ་ན་མེད་པའི་གཞུང་ལས་བསྟན་པའི་རྨི་ལམ་གྱི་སྐོར་རྣམས་རང་རེའི་གསོ་དཔྱད་གཞུང་དང་ཟུང་འབྲེལ་བྱེད་ཐུབ་ཚེ་སྨན་བཅོས་སྟེང་ཕན་ནུས་ཆེན་པོ་ཐོན་ཞིང་ལྷག་ཏུ་རིགས་པའི་གཞུང་ལུགས་ཀྱི་ཐོག་ནས་སྔར་ལས་ཆ་ཚང་བ་དང་།  ཕུན་སུམ་ཚོགས་པ། ཚན་རིག་གི་རང་བཞིན་ལྡན་པ་ཞིག་ཏུ་གོང་མཐོར་འགྲོ་ཐུབ་ངེས་ལགས་ན། ཁོ་བོའང་དེ་སྔ་རང་ཉིད་ནས་ནང་བསྟན་གཞུང་ལས་གསོ་རིག་དང་འབྲེལ་ཆེ་བའི་སྐོར་ལ་ལྟ་ཞིབ་ཀྱི་སྐལ་བ་མ་ལྡན་པ་དེར་བློ་ཕམ་བྱེད་བཞིན་པ་དང་ཆབས་ཅིག་རྗེས་སོར་གོ་སྐབས་བཙལ་ནས་ཆེད་ལས་མཁས་པར་བཀའ་འདྲི་ཞུ་བ་གཙོར་བྱས། མུ་མཐུད་འབད་ཤུགས་ཆེན་པོས་གསང་སྔགས་གཞུང་གི་རྡོ་རྗེ་ལུས་ཀྱི་ངོ་བོའི་གནས་ལུགས་དང་། རྩ་ཡི་རྣམ་གཞག རླུང་སེམས་ཕྲ་རགས་ཀྱི་བཤད་པ། རྨི་ལམ་གྱི་སྐོར་སོགས་ལ་ཉམས་ཞིབ་བྱས་ཏེ་གངས་ལྗོངས་གསོ་རིག་དང་གསོ་རིག་སེམས་ཁམས་རིག་པ་འདི་ཉིད་སྔར་ལས་འཐུས་ཚང་དང་རྒྱས་ལེགས་ཞིབ་གསུམ་ཏུ་གཏོང་འདོད་པའི་འདུན་པ་ནི་ཕྲན་གྱི་བསམ་པའི་ངོས་སུ་འཁོར་བའི་རྐང་དྲུག་གི་གཤོག་འགྱུར་ལགས།  
                 དེ་ལྟར་ནང་བསྟན་མདོ་སྔགས་ཀྱི་དགོངས་པ་ལས་དྲངས་པའི་མིའི་ལུས་སེམས་དངོས་པོའི་གནས་ལུགས་ཐད་ཀྱི་དྲི་ཚིག་རྒྱ་ཆེ་བ་དེ་དག་ལ། གསོ་རིག་གི་ལྟ་བའི་ཁྱབ་ཁོངས་དང་གཞི་རྩའི་གཏན་ཚིགས་ཀྱི་སྒོ་ནས་ལན་ཙམ་འདེབས་ཁུལ་བྱས་པ་འདི་ནི། རང་གི་ནུས་ཚོད་དང་བསྟུན་ནས་རྨོངས་བློར་ཤར་བའི་ལྟ་ཚུལ་ཕྲན་བུ་ཐོག་མའི་སྐྱ་ཐིག་གི་ཚུལ་དུ་ཀུན་སློང་རྣམ་དག་གིས་ཞུས་པ་ལ། ནོར་འཆུག་ནོངས་འགལ་ཅི་རིགས་མཆིས་པ་མཁས་དབང་རྣམ་པའི་སྤྱན་སྔར་མཐོལ་ལོར་བཤགས་སུ་གསོལ།   རེ་བར་དཔྱོད་ལྡན་ཚོས་རིན་ཐང་བྲལ་བའི་དགོངས་འཆར་དཔྱིད་ཀྱི་གྲུ་ཆར་བཞིན་འཇོ་བའི་ཐུགས་རྗེ་མི་དམན་པ་མཁྱེན།   
དཔྱད་གཞིའི་ཡིག་ཆ།   
①《ཚན་རིག་པ་ཞིག་གིས་སངས་རྒྱས་ཆོས་ལུགས་ལ་ཞིབ་འཇུག་བྱས་པའི་སྙན་ཞུ་ཞེས་བྱ་བའི་གཞུང་གི་བརྗོད་དོན་》 P44དུ་གསལ། (ལྕགས་པར)   
②《གསང་ཆེན་ཐབས་ལམ་ཉེར་མཁོ་རྣལ་འབྱོར་སྙིང་ནོར་》 P49དུ་གསལ།  མི་རིགས་དཔེ་སྐྲུན་ཁང་།1991ལོའི་པར་གཞི་དང་པོ།   
③《གསོ་རིག་རྒྱུད་བཞིའི་འགྲེལ་པ་མེས་པོའི་ཞལ་ལུང་》སྟོད་ཆ་P368དུ་གསལ། ཀྲུང་གོའི་བོད་ཀྱི་ཤེས་རིག་དཔེ་སྐྲུན་ཁང་།1989ལོའི་པར་གཞི་དང་པོ།   
རྩོམ་སྒྲིག་པའི་མཆན།   
                 ལྗགས་རྩོམ་འདི་ནི་མཁས་དབང་དུང་དཀར་བློ་བཟང་འཕྲིན་ལས་མཆོག་གིས་《བོད་ལུགས་གསོ་རིག་གི་སེམས་ཁམས་རིག་པ་》ཞེས་པའི་དཔྱད་རྩོམ་ལ་ཆེད་དུ་མགོ་བརྗོད་དཔྱད་གཏམ་སྤེལ་བ་དང་ལྷན་དུ་དཔེ་དེབ་དེའི་ནང་གི་ལུས་སེམས་དངོས་པོའི་གནས་ལུགས་ཐད་ཀྱི་དཔྱད་བརྗོད་འགའ་ཞིག་ལ་དོགས་སློང་གི་ཚུལ་དུ་ལོགས་སུ་དྲི་བ་བཏོན་གནང་བར་རྩོམ་པ་པོས་ཀུན་སློང་རྣམ་དག་གིས་གསོ་རིག་གི་ལྟ་བའི་ཁྱབ་ཁོངས་དང་གཞི་རྩའི་གཏན་ཚིགས་ཀྱི་སྒོ་ནས་དྲིས་ལན་བསྐྱོན་པའི་དཔྱོད་གླེང་བརྩམས་ཆོས་ཤིག་རེད། དེ་ཡང་གང་ཉིད་ཞལ་བཞུགས་དུས་རྩོམ་པ་པོ་དང་ཁོང་གཉིས་དྲིས་ལན་འདིའི་ཐད་ལ་ཡི་གེའི་ལམ་ནས་བགྲོ་གླེང་བརྒྱུད་དེ་དུས་དེབ་ཏུ་འགོད་པར་ཞལ་འཆེས་པར་མ་ཟད། ད་དུང་རྗེས་སོར་མུ་མཐུད་དོགས་གནད་འདིའི་སྐོར་གྱི་བགྲོ་གླེང་རྩོམ་ཡིག་དྲི་བ་དྲིས་ལན་གྱི་ཚུལ་དུ་རྒྱ་ཆེའི་ཀློག་པ་པོའི་གཟིགས་མོར་འགྲེམ་པའི་དགོངས་གཞི་འཆར་དུ་བཀོད་ན་ཡང་།  ཡིད་ཕངས་པ་ཞིག་ལ་མཁས་དབང་གང་ཉིད་གློ་བུར་དུ་དགོངས་པ་ཆོས་དབྱིངས་སུ་གཤེགས་པས་བསམ་དོན་ཐུགས་དགོངས་བཞིན་འགྲུབ་མ་ནུས།  ད་རེས་ང་ཚོས་དྲིས་ལན་འདི་དུས་དེབ་ཏུ་བཀོད་པའི་དམིགས་ཡུལ་ནི་རྩོམ་པ་པོས་གོང་དུ་བརྗོད་ཡོད་པ་ཇི་བཞིན་ནོ། །