ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གི་“མི་ལུས་ཆགས་ཚུལ་རིག་པ”གཉིས་བསྡུར་ནས་རགས་ཙམ་དཔྱད་པ།

སྤེལ་དུས 2018-05-23 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
              ངས་འདིར་བཤད་པའི་མི་ལུགས་ཆགས་ཚུལ་རིག་པ་(胚胎学)ཞེས་པ་ནི་རིག་གསར་གྱི་ནང་དོན་ཞིག་གི་མིང་ཉིད་གསར་དུ་བསྒྱུར་བཟོ་བྱས་པའི་ཐ་སྙད་གསར་བ་ཞིག་གཏན་ནས་མ་ཡིན་པར།  དུས་རབས་བརྒྱད་པའི་ནང་ཐོན་པའི་བོད་ཀྱི་གནའ་བོའི་གསོ་རིག་གི་གཞུང་ཆེན་《དཔལ་ལྡན་རྒྱུད་བཞིའི་》སྟེང་འཁོད་ཡོད་པའི་གསོ་རིག་གི་གལ་ཆེའི་རྨང་གཞིའི་རིག་པ་ཞིག་དང་སྲོལ་རྒྱུན་ཐ་སྙད་ཅིག་ཡིན། ཡིན་ཡང་བློ་མཐུན་ཁ་ཅིག་གིས་ཐ་སྙད་དེ་བོད་ལུགས་གསོ་རིག་ནང་གསལ་བོར་འཁོད་ཡོད་པ་མ་མཁྱེན་པར་“སྦྲུམ་སྲིང་རིག་པ་”ཞེས་གསར་བཏོད་ཡིན་ཁུལ་གྱིས་མིང་གསར་ཞིག་བཟོས་འདུག་མོད། དེ་ནི་རྒྱ་མཚོ་གམ་ན་བཞག་སྟེ་ཀོ་གྱོང་མཆིལ་མས་སྦངས་པའི་དཔེ་ལས་མ་འདས་པར་སྙམ།  
              བོད་ལུགས་གསོ་རིག་གི་མི་ལུས་ཆགས་ཚུལ་རིག་པའི་ནང་དུ་དེང་དུས་གསོ་རིག་ཚན་རིག་དང་ཕན་ཚུན་མཐུན་པའི་ཁྱད་ཆོས་མང་ཞིང་།   རང་བྱུང་ཚན་རིག་གི་སྔོན་ཐོན་རང་བཞིན་གྱི་ཆའང་མི་ཉུང་བ་ཞིག་འདུས་ཡོད། དེ་ཡང་ཕྲུ་གུ་མའི་མངལ་དུ་ཟླ་བ་དགུའི་རིང་འཚར་འཕེལ་བྱུང་བའི་བརྒྱུད་རིམ་དེ་གནས་སྐབས་ཆེན་པོ་གསུམ་དུ་ཕྱེ་ཡོད་པ་སྟེ།  མངལ་གནས་ཉིད་ཟླ་བ་གཉིས་པའི་བདུན་ཕྲག་ལྔ་པ་ནས་བདུན་ཕྲག་དགུ་པའི་བར་དུ་སྲོག་པ་རྩའམ་དབུ་མའི་ནུས་པས་ལུས་པོ་དཀྱུས་གཅིག་ཏུ་ཆགས་ནས་གཟུགས་དབྱིབས་དང་འཕེལ་ཚུལ། འཚོ་གནས་ཀྱི་ནུས་པ་བཅས་ཉ་དང་འདྲ་བས་ན་ཉའི་གནས་སྐབས་དང་། ཟླ་བ་གསུམ་པའི་བདུན་ཕྲག་བཅུ་པ་ནས་ཟླ་བ་བཞི་པའི་བདུན་ཕྲག་བཅུ་བདུན་པའི་བར་དུ་མངལ་གནས་དེའི་ཡན་ལག་ལྔ་པོ་དང་བཅས་པ་ཆགས་ནས་གཟུགས་དབྱིབས་དང་། འཕེལ་ཚུལ་འཚོ་གནས་རུས་སྦལ་དང་འདྲ་བས་ན་རུས་སྦལ་གྱི་གནས་སྐབས།    ཟླ་བ་ལྔ་པའི་བདུན་ཕྲག་བཅོ་བརྒྱད་ནས་ཟླ་བ་བརྒྱད་པའི་བདུན་ཕྲག་སོ་ལྔའི་བར་དུ་མངལ་དུ་གནས་པའི་ལུས་ཀྱི་དབང་པོ་རྣམས་རིམ་པར་དོད་ནས་མི་གཙང་བའི་རོ་ཟ་ཞིང་། སྐྲ་དང་བ་སྤུ་སོགས་ལུས་ཁམས་ཀྱི་ཆ་ཤས་དང་བཅས་པ་ཡོངས་སུ་རྫོགས་ཏེ་གཟུགས་དབྱིབས་དང་། འཕེལ་ཚུལ་འཚོ་གནས་བཅས་མཐའ་དག་ཕག་དང་འདྲ་བས་ན་ཕག་གི་གནས་སྐབས་ཞེས་གསུངས་ཡོད་པ་རེད།   
              གོང་གི་གནས་སྐབས་མི་འདྲ་བ་གསུམ་པོ་དེས་སྲོག་ཆགས་འཕེལ་འགྱུར་བྱུང་བའི་བརྒྱུད་རིམ་ཁྲོད་ཀྱི་གནས་སྐབས་གལ་ཆེ་བ་ཁ་ཤས་གསལ་བཤད་ཡང་དག་མཛད་ཡོད་པ་སྟེ། ཨེན་ཀེ་སིས། “མའི་གྲོད་ཁོག་ནང་དུ་བྱིས་པ་ཆགས་ཤིང་འཕེལ་ཚུལ་གྱི་བརྒྱུད་རིམ་དེས། ཏག་ཏག་ང་ཚོའི་མེས་པོ་སྟེ་སྲོག་ཆགས་མཐའ་དག་འབུ་སྲིན་ཕྲ་མོ་ནས་བརྩམས་ཏེ་ལོ་བརྒྱ་ཁྲི་དུ་མའི་རིང་གི་ལུས་གཟུགས་ཀྱི་འཕེལ་རིམ་དེ་མཚོན་ཡོད་པ་རེད”①ཅེས་གསུངས་པ་ལྟར། ཉ་དང་། རུས་སྦལ། ཕག་བཅས་གནས་སྐབས་གསུམ་དུ་ཕྱེ་བའི་ཐོག་མའི་བསམ་གཞིགས་ངོ་མ་ཅི་ལྟར་ཡིན་ཡང་།  གནས་སྐབས་མི་འདྲ་བ་གསུམ་དུ་བསྟན་པ་དེས་དུས་རབས་བཅུ་དགུ་པའི་རང་བྱུང་ཚན་རིག་གི་གསར་རྟོགས་ཆེན་པོ་གསུམ་གྱི་ཡ་གྱལ་ཏེ་དབྱིན་ཇིའི་མིང་གྲགས་ཆེ་བའི་སྐྱེ་དངོས་རིག་པ་མཁས་ཅན་ཏར་ཝུན་(达尔文)གྱི་འཕེལ་འགྱུར་སྨྲ་བའི་(进化论)ལྟ་ཚུལ་གལ་ཆེ་བ་དག་ཀྱང་འཁྲུལ་མེད་གསལ་བཤད་གནང་ཡོད་པ་རེད། 
              ད་ནི་རྩོམ་ཡིག་འདིའི་བརྗོད་དོན་དངོས་བོད་ལུགས་གསོ་རིག་དང་དེང་རབས་གསོ་རིག་གི་《མི་ལུས་ཆགས་ཚུལ་རིག་པ་》གཉིས་བསྡུར་ནས་ཅུང་ཟད་ཞིབ་ཕྲ་རུ་བཀོད་ན།                
              1.  ཟླ་མཚན་འབྱུང་བའི་དུས(月经期)། བོད་ལུགས་(གཤམ་རྣམས་སུ་བོད་ལུགས་ཞེས་པ་བོད་ལུགས་གསོ་རིག་དང་དེང་རབས་ཞེས་པ་དེང་རབས་གསོ་རིག་གི་དོན་ཡིན)ལྟར་ན་བུད་མེད་ཀྱི་ཟླ་མཚན་དེ་ལོ་བཅུ་གཉིས་སམ་ལུས་ཟུངས་རྩ་རླུང་གི་སྟོབས་རྫོགས་མཚམས་ནས་འབྱུང་བ་མ་ཉམས་པ་ལྔ་བཅུའི་ཡས་མས་སུ་ཡོད་ཅིང་། དེ་ཡང་ཞག་གསུམ་མམ་ལྔའི་བར་དུ་འཛག་པ་ཡིན་ཞེས་གསུངས་ཡོད་པ་དང་། དེ་དེང་དུས་སྡོམ་རྩིས་བྱས་པ་ལྟར་རང་རྒྱལ་གྱི་བུད་མེད་ཕལ་ཆེ་བ་ལོ་13-15ནས་བཟུང་ཟླ་མཚན་འབབ་འགོ་ཚུགས་པ་དང་། ལོ་45-50  ལ་སླེབས་དུས་ཟླ་མཚན་ཆད་འགྲོ་བ།  ཟླ་མཚན་དེ་ཡང་ཏག་ཏག་བོད་ལུགས་སུ་བཤད་པའི་ཉིན་3-5བར་འཛག་གི་ཡོད་པ་བཅས་དང་ཕན་ཚུན་གཅིག་མཚུངས་ཡིན་པ་མ་ཟད།  ཟླ་མཚན་གྱི་སྐྱེ་ལུགས་དང་འབྱུང་ཚུལ་སོགས་ཀྱི་བཤད་སྟངས་ཐད་ཀྱང་བོད་ལུགས་དང་དེང་རབས་གཉིས་ལ་ཁྱད་པར་དེ་འདྲ་མི་འདུག  
              2. མངལ་ལེན་པའི་དུས། (排卵期)དེང་རབས་གསོ་རིག་ཏུ། བུད་མེད་ཀྱིས་ཟླ་བ་གཅིག་གི་ནང་དུ་ཕལ་ཆེར་ཁམས་དམར་ཐེངས་གཅིག་གཏོང་བའི་ངོས་འཛིན་བྱེད་པ་དང་། ཐེངས་གཅིག་པོ་དེ་ཟླ་བ་རེའི་ཟླ་མཚན་འཛག་པ་ནས་བརྩིས་པའི་ཉིན་བཅུ་བཞི་པའི་གཡས་གཡོན་དུ་ཡིན་ཞིང་དུས་དེར་ཁམས་དམར་གཏོང་བའི་དུས་ཞེས་བཏགས་ཡོད། ཁམས་དམར་གཏོང་བའི་དུས་དེའི་སྔ་གཞུག་ཏུ་འཁྲིག་པ་སྤྱད་ཚེ་ད་གཟོད་མངལ་མི་འཛིན་པས་ན། དེང་གི་འཆར་ལྡན་བུ་སྐྱེས་ཀྱི་སྐབས་སུ་ཁམས་དམར་གཏོང་བའི་དུས་མ་ཡིན་པའི་ཞག་དེ་རྣམས་ལ་“ཕྲུ་གུ་འགོག་པའི་བདེ་འཇགས་ཀྱི་དུས”ཟེར་བ་རེད།  
              བོད་ལུགས་སུ་བསྟན་པའི་མངལ་ལེན་པའི་དུས་ཏེ།  “མངལ་ཁ་བྱེ་ནས་ཞག་ནི་བཅུ་གཉིས་པར་②ཞེས་དང་།  ཡང“ཉི་མ་ནུབ་པས་པད་མའི་ཁ་ཟུམ་བཞིན།  །བཅུ་གཉིས་འདས་ནས་ཁུ་བ་མངལ་མི་སྡོད།  ། ”③ཅེས་བུད་མེད་གང་ཡང་ཟླ་མཚན་འཛག་སྟེ་མངལ་གྱི་ཁ་བྱེ་བ་(མངལ་སྦྲུམ་བྱེད་ཀྱི་རྩ་ཁ་ཞིག་བྱེ་ཡོད་ཅེས་ཀྱང་འགྲེལ་)ནས་མི་ཟུམ་པར་གནས་པའི་དུས་ནི་ཞག་གྲངས་བཅུ་གཉིས་བར་ཡིན་ཞིང་།  ཞག་བཅུ་གཉིས་པོ་དེ་ལས་ཟླ་མཚན་འཛག་པའི་དུས་ཕུད་པའི་ལྷག་འཕྲོའི་ཞག་རྣམས་ལ་འདོད་པ་མ་བསྟེན་ཚེ།   ཉི་མ་ནུབ་ནས་མཚན་དུས་སླེབས་འཕྲལ་མེ་ཏོག་པད་མའི་ཁ་ཟུམ་འགྲོ་བ་བཞིན་དུ་ཞག་གྲངས་བཅུ་གཉིས་པོ་འདས་ནས་མངལ་གྱི་ཁ་ཟུམ་པར་འགྱུར་པའི་ཕྱིར་(འདིའང་རང་རྒྱལ་གྱི་འཆར་ལྡན་བུ་སྐྱེས་ཀྱི་སྲིད་ཇུས་ལ་མཁོ་བའི་གོང་གི“ཕྲུ་གུ་འགོག་པའི་བདེ་འཇགས་ཀྱི་དུས་”ཞེས་པའི་དུས་དེ་དང་དོན་གཅིག་མཚུངས་ཡིན་)འཁྲིག་པ་སྤྱད་ཀྱང་སྐྱེས་པའི་ཁུ་བའམ་ཁམས་དཀར་མངལ་ནང་དུ་མི་སྡོད་པར་སྐྱེ་ལམ་ནས་ཕྱིར་ཐོན་ཏེ་མངལ་ཆགས་པར་མི་འགྱུར་ཞེས་པའོ། །  
              གོང་གི་ལུགས་དེ་གཉིས་ལ་བཤད་སྟངས་ཐད་མི་འདྲ་ས་ཅུང་མཆིས་ཀྱང་དོན་དག་གཅིག་རང་དུ་སྣང་སྟེ། དེང་རབས་སུ་ཟླ་མཚན་འཛག་པ་ནས་བརྩིས་པའི་ཞག་བཅུ་བཞི་པའི་གཡས་གཡོན་དུ་མངལ་འཛིན་པར་བཤད་ཅིང་།  བོད་ལུགས་སུ་ཟླ་མཚན་འཛག་པ་ནས་བརྩིས་པའི་ཞག་བཅུ་གཉིས་བར་དུ་མངལ་འཛིན་པར་བཤད་པ་བཅས་སྐབས་འདིར་དེ་གཉིས་ཀྱི་ཉིན་གྲངས་གཙོ་བས་ན། བཅུ་བཞིའི་གཡས་གཡོན་ཞེས་དང་བཅུ་གཉིས་ཞེས་པ་གཉིས་སྐབས་སྐབས་གྲངས་གཅིག་གི་སྟེང་ལའང་འབབ་སྲིད་པའི་ཕྱིར་དེང་རབས་ཀྱིས་ཁམས་དམར་གཏོང་དུས་ཞེས་པ་དང་།   བོད་ལུགས་ཀྱིས་མངལ་ལེན་པའི་དུས་ཞེས་པ་དེ་གཉིས་ཕལ་ཆེར་གཅིག་མཚུངས་རང་དུ་གྱུར་འདུག་གོ །  
              3.  བདུན་ཕྲག་སུམ་ཅུ་སོ་བརྒྱད།  མངལ་སྦྲུམ་པ་ནས་ཕྲུ་གུ་བཙའ་བའི་བར་གྱི་དུས་ཚོད་ལ་བོད་ལུགས་དང་དེང་རབས་གཉིས་ཀར་ཉིན་ཞག་གཅིག་ཙམ་གྱི་མང་ཉུང་ཁྱད་པར་ཡང་མེད་དེ། བོད་ལུགས་སུ། “དེ་ཡང་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི། །རླུང་གིས་བསྒྱུར་ནས་ཟླ་དགུར་འཕེལ་འགྱུར་ཏེ། ། ”④ཞེས་མངལ་དུ་ཕ་མའི་ཁུ་ཁྲག་གཉིས་ལྷན་ཅིག་ཏུ་འཚོགས་པའི་སྐད་ཅིག་མ་དེ་ནས་བརྩིས་པའི་ཞག་བདུན་ཕྲག་སུམ་ཅུ་རྩ་བརྒྱད་ཀྱི་བར་དུ་འཚར་ཞིང་འཕེལ་བ་དང་།  དེང་རབས་སུའང་མངལ་ལམ་བུ་སྣོད་དུ་ཕྲུ་གུ་གནས་པའི་དུས་ཚོད་ངེས་ཅན་ནི། ཁུ་ཁྲག་གཉིས་གཅིག་ཏུ་འདྲེས་པའི་དུས་ནས་བགྲང་བའི་ཞག་266ཡིན་པ་རེད། བོད་ལུགས་ཀྱི་བདུན་ཕྲག་38×7=ཞག་266ཡིན། གཞན་བོད་ལུགས་སུ་སྤྱིར་བཏང་གི་སྒོ་ནས་བཤད་པའི་ཟླ་དགུ་ཞག་ངོ་བཅུ་ཞེས་པ་དེ། དེང་རབས་ཀྱི་ཟླ་མཚན་གྱིས་བརྩི་བའི་ཐབས་(月经龄)མཇུག་མཐའི་ཟླ་མཚན་བབས་ཚར་བའི་ཉིན་དང་པོ་ནས་བརྩི་བ་ལ་ཟེར་ཏེ་ཕྲུ་གུ་བཙའ་བའི་བར་ཉིན་ཞག་280དགོས་པ་དང་གཅིག་མཚུངས་ཡིན། (བོད་ལུགས་ཀྱི་ཟླ་9×30=270དེའི་སྟེང་+ཞག་10=ཞག་280ཡིན)དེ་ལྟར་བོད་ལུགས་ཀྱི་བདུན་ཕྲག་སུམ་ཅུ་རྩ་བརྒྱད་དང་དེང་རབས་ཀྱི་ཁུ་ཁྲག་གཉིས་འདྲེས་པ་ནས་བརྩི་བའི་ཐབས།  བོད་ལུགས་སུ་བཤད་པའི་ཟླ་དགུ་ཞག་བཅུ་ཞེས་པ་དང་དེང་རབས་ཀྱི་ཟླ་མཚན་གྱིས་བརྩི་བའི་ཐབས་བཅས་དབར་ཕན་ཚུན་ཁྱད་པར་ཏིལ་འབྲུ་ཙམ་ཡང་མ་མཆིས་སོ། །  
              4.  དུས་སྐབས་གསུམ། མངལ་སྦྲུམ་པ་ནས་བཙའ་བའི་བར་གྱི་རྒྱུད་རིམ་ཧྲིལ་པོར་དེང་རབས་དང་བོད་ལུགས་གཉིས་ཀྱི་ནང་དུ་དུས་སྐབས་ཆེན་པོ་་གསུམ་དུ་ཕྱེ་ཡོད་པ་སྟེ། བོད་ལུགས་སུ་གོང་དུ་བཤད་པའི་ཉ་དང་། རུས་སྦལ། ཕག་གི་གནས་སྐབས་བཅས་གསུམ་དང་། དེང་རབས་སུ排卵期 胚胎期 胎儿期བཅས་གསུམ་དུ་ཕྱེ་ཡོད་པ་དེ་གཉིས་ཕན་ཚུན་དུས་སྐབས་རེ་རེ་བྱས་ནས་ཞིབ་ཕྲའི་ནང་དོན་དང་བཅས་གོ་རིམ་མཐུན་པའི་ངང་ཇི་བཞིན་སྦྱར་ན་ཏག་ཏག་མི་ཡོང་མོད།  གང་ལྟར་དེ་གཉིས་ཀས་མངལ་ཆགས་ནས་བཙའ་བའི་བར་མངལ་གནས་ཀྱི་ལུས་པོར་རྒྱུད་རིམ་ལྡན་པའི་སྒོ་ནས་འཕེལ་འགྱུར་བྱུང་བའི་ནང་གནས་སྐབས་མི་འདྲ་བ་ཆེན་པོ་གསུམ་བརྒྱུད་དགོས་ཀྱི་ཡོད་པ་དེ་གསལ་བཤད་བྱས་ཡོད།  
              5. ལྟེ་བ(脐带)། བོད་ལུགས་སུ། “མངལ་ཆགས་འཕེལ་བའི་རྒྱུ་ནི་ལྟེ་བ་སྟེ། །བུ་སྣོད་གཡས་གཡོན་རྩ་དང་ལྟེ་བར་འབྲེལ། །རྩ་གཉིས་(输卵管)བསམ་སེའུ་(卵巢)བཅུད་ཀྱི་རྟེན་དང་འབྲེལ། །དེ་ཕྱིར་མ་ཡི་ཁ་ཟས་དྭངས་མ་ཡིས། །རིམ་གྱིས་མངལ་དུ་རྣམ་པར་འཕེལ་འགྱུར་ཏེ།  །”⑤ཞེས་མའི་མངལ་དུ་ཆགས་པའི་ལུས་ཅན་རང་ཉིད་ཀྱི་ལྟེ་བ་ནི།  མ་དང་ཕྲུ་གུའི་བར་དངོས་རྫས་བརྗེ་རེས་བྱེད་པའི་རྒྱུ་གཙོ་བོ་སྟེ། མའི་ལུས་ཁམས་ཀྱི་མཁའ་རླུང་དྭངས་མ་དང་ཟས་སྐོམ་གྱི་དྭངས་མའི་བཅུད་རྣམས་སྡུད་ལེན་དང་།   མངལ་གནས་ཀྱི་ལུས་ལས་ཐོན་པའི་དངོས་རྫས་སྙིགས་རོ་རྣམས་དོར་ཞིང་གཏོང་བ་སོགས་མཐའ་དག་མངལ་གནས་རང་ཉིད་ཀྱི་ལྟེ་བ་ཡིན་པར་དེང་རབས་དང་མཐུན་པའི་ངོས་འཛིན་་གསལ་བོ་བྱས་ཡོད་པ་མ་ཟད། “དཔེར་ན་རྫིང་ཡུར་ཆུ་ཡིས་ཞིང་སྐྱེད་འདྲ། །”⑥ཞེས་འོས་ཤིང་འཚམ་ལ་ཚན་རིག་དང་མཐུན་པའི་དཔེ་ཞིག་ཀྱང་བཀོད་་འདུག  
              6.  ཉ་ཡི་གནས་སྐབས(胚胎期)།  དུས་སྐབས་འདིའི་མཇུག་སྟེ་བདུན་ཕྲག་དགུ་པར་སླེབས་དུས་མིག་གི་དབང་པོ་དང་བཅས་པའི་མགོ་བོའི་དབྱིབས་དང་། དོན་ལྔ་སྣོད་དྲུག་ལ་སོགས་པའི་དབང་པོ་མཐའ་དག་གི་རྨང་གཞི་ཚུགས་ནས་ལུས་གཟུགས་ཀྱི་ཐོག་མའི་རྣམ་པ་ཙམ་ཆགས་པར་འགྱུར་བ་དང་།  ཁྲག་རྒྱུན་འཁོར་སྐྱོད་མ་ལག་འགུལ་སྐྱོད་བྱེད་པའི་འགོ་ཡང་རྩོམ་བཞིན་ཡོད་པ་་བཅས་དེ་ལྟར་དེང་རབས་ཀྱིས་ངོས་འཛིན་གཏན་འཁེལ་བྱུང་བ་དེ། བོད་ལུགས་སུ། “དྲུག་པ་ལྟེ་བ་ལ་བརྟེན་སྲོག་རྩ་ཆགས།   །བདུན་པར་མིག་གི་དབང་པོ་གཟུགས་སུ་དོད། །བརྒྱད་པ་དེ་ལ་བརྟེན་ནས་མགོ་དབྱིབས་ཆགས། །དགུ་པར་ལུས་དབྱིབས་ཁོག་པ་སྟོད་སྨད་ཆགས།  །་'⑦ཞེས་གནའ་སྔ་མོ་ནས་དེང་རབས་དང་ཇི་བཞིན་འཁྲུལ་མེད་ངོས་འཛིན་གནང་ཐུབ་ཡོད་པ་དང་། སྲོག་རྩ་ཆགས་ཞེས་པ་འཁོར་སྐྱོད་མ་ལག་གི་ཨ་མ་སྟེ་འཕར་རྩ་ཐམས་ཅད་ཀྱི་སྡོང་པོ་སྲོག་རླུང་གི་རྟེན་དེར་ཟེར་བ་ཡིན། འདིའི་རྗེས་ཀྱི་ཕྲུ་གུའི་འཚར་འཕེལ་ནི་གནས་སྐབས་(ཉའི་གནས་སྐབས་སམ་胚胎期)འདིའི་ནང་ཆགས་པའི་རྨང་གཞིའི་སྟེང་རིམ་པས་ཁ་གྱེས་ཏེ་འཕེལ་རྒྱས་སུ་ཕྱིན་པ་རེད།  
              7.  ཕག་གི་གནས་སྐབས(胎儿期)། ཕག་གི་གནས་སྐབས་དང胎儿期གཉིས་ཀ་བདུན་ཕྲག་སོ་སོ་དང་ཞག་མ་རེ་རེ་བྱས་ནས་ཕན་ཚུན་སྦྱར་ན་དེ་་གཉིས་གཅིག་མཚུངས་རང་མ་ཡིན་མོད།  དུས་སྐབས་དེ་གཉིས་ཀྱི་སྤྱིའི་འཕེལ་རིམ་དང་འགྱུར་ལྡོག་གི་སྟེང་ནས་དཔྱད་ན།  ཉ་ཡི་གནས་སྐབས་(胚胎期)སུ་ཇི་ལྟར་ཆགས་པའི་རྨང་གཞིའི་སྟེང་དུས་སྐབས་འདིའི་ནང་དུ་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་ཏེ། མངལ་གནས་ཀྱི་སྐྲ་དང་བ་སྤུ་དབང་པོ་སོགས་ལུས་ཁམས་ཀྱི་ཆ་ཤས་རྣམས་ཀྱང་མངོན་པར་གསལ་ཞིང་ཡོངས་སུ་རྫོགས་ནས་ཆེས་ཆེར་འཕེལ་བར་འགྱུར་བ་བཅས་ནི་བོད་ལུགས་ཀྱི་ཕག་གི་གནས་སྐབས་དང་། དེང་རབས་ཀྱི་胎儿期གཉིས་ཀའི་སྐབས་སུ་བསྟན་ཡོད་པའི་ཐུན་མོང་གི་ཁྱད་ཆོས་ཤིག་རེད།  
              8. བདུན་ཕྲག་བཅུ་དྲུག་པ(第16周)། བོད་ལུགས་སུ། “བཅུ་དྲུག་པ་ལ་སོར་མོ་ཉི་ཤུ་དོད་”⑧ཅེས་པ་ནི། ཟླ་བ་བཞི་པའི་མཇུག་སྟེ་བདུན་ཕྲག་བཅུ་དྲུག་པའི་སྐབས་སུ་མངལ་གནས་ཀྱི་ལུས་ཅན་དེའི་ཡན་ལག་བཞི་པོའི་གཟུགས་དབྱིབས་ཆགས་ཟིན་པ་དེ་ལས་རྐང་ལག་གི་སོར་མོ་ཉི་ཤུ་པོའི་གཟུགས་དབྱིབས་ཀྱང་མངོན་པར་དོད་ནས་གདོད་མའམ་ཐོག་མའི་ཡན་ལག་ཆ་ཚང་ཞིག་མངོན་པར་ཆགས་པ་ཡིན་ཞེས་པའི་དོན་ཡིན། དེ་ནི་དེང་རབས་སུ་བཤད་པའི་མངལ་འཁོར་ནས་ཟླ་བ་བཞི་པའི་མཇུག་ཏུ་སླེབས་ཚེ་མས་ཕྲུ་གུའི་ཡན་ལག་འགུལ་སྐྱོད་ཕྲན་བུ་བྱེད་པ་ཚོར་ཐུབ་ཅེས་པ་དེ་དང་མངོན་སུམ་གྱིས་འབྲེལ་ཡོད་ལ།  བོད་ལུགས་ཀྱིས་ངོས་འཛིན་བྱས་པ་དེ་ཉིད་ཡང་དག་ཡིན་པ་དོན་དངོས་ཀྱིས་བདེན་དཔང་ཡང་བྱས་པ་རེད།   
              9་ བདུན་ཕྲག་ཉི་ཤུ་རྩ་དྲུག་པ(第26周)། བོད་ལུགས་སུ། “རྩ་དྲུག་པ་ལ་སེམས་ཀྱི་དྲན་པ་གསལ།   །”⑨ཞེས་ཟླ་བ་དྲུག་པའི་བདུན་ཕྲག་ཉི་ཤུ་རྩ་དྲུག་པའི་ནང་དུ་མངལ་གནས་ཀྱི་བྱིས་པ་དེའི་སེམས་ཀྱི་དྲན་པ་རབ་ཏུ་གསལ་བར་གྱུར་ཏེ། བདེ་སྡུག་ལེགས་ཉེས་ཀྱི་འདུ་ཤེས་སྣ་ཚོགས་ཀྱང་མངོན་པར་སྐྱེ་བ་ཡིན་པར་བསྟན་པ་རེད།  འདི་ནི་ཉེ་བའི་ལོའི་ནང་རྒྱལ་ཁབ་ཕྱི་ནང་གི་མཁས་པ་ཁ་ཤས་ཀྱིས་གསུངས་པ་བཞིན་ཕྲུ་གུར་བཙས་མ་ཐག་གི་དུས་སྔ་མའི་སློབ་གསོ་མྱོང་རྒྱུ་ཡོད་པ་མ་ཟད། ཐ་ན་མངལ་གནས་ཀྱི་སློབ་གསོ་(胎教)ཡང་ཡོད་རུང་བའི་བསམ་ཚུལ་དེ་དང་མངོན་གསལ་གྱི་འབྲེལ་བ་ཆེན་པོ་ཡོད་པ་ཞིག་རེད།  
              10. མཚེ་མ།(双胎)། མའི་མངལ་དུ་ཁུ་ཁྲག་གཉིས་ཕན་ཚུན་ལྷན་གཅིག་ཏུ་ངོ་བོ་དབྱེར་མེད་ངང་འདྲེས་པར་གྱུར་ཟིན་པ་དེ་ཉིད་ཐོག་མའི་འཚར་འཕེལ་གྱི་བརྒྱུད་རིམ་ནང་།   རླུང་གི་བྱེད་པའམ་གང་ཞིག་གིས་དུམ་བུ་གཉིས་སམ་གསུམ་དུ་ཕྱེ་བའམ་ཁ་གྱེས་པ་དེ་སོ་སོ་ནས་རིམ་གྱིས་འཕེལ་རྒྱས་སུ་ཕྱིན་ནས་དེ་དང་དེའི་མཚེ་མར་འགྱུར་བཞིན་ཡོད་པའི་ངོས་འཛིན་འདི་ནི། དེང་རབས་དང་བོད་ལུགས་གཉིས་ཀྱི་ཆགས་ཚུལ་རིག་པའི་ནང་སྣང་བའི་གཅིག་གྱུར་གྱི་ལྟ་བ་རྩོད་མེད་ཅིག་ཡིན།   
              11.   གཞན་ཡང་བོད་ལུགས་སུ།  “གོམས་པས་བྱ་བ་ལ་འཇུག་སྣང་བ་མཆེད།  །”⑽ཅེས་པའི་ཚིག་རྐང་གཅིག་པོ་དེའི་དོན་དངོས་ཀྱི་འགྲེལ་ཚུལ་ཡང་དག་པ་ནི། དེང་རབས་སུ་བཤད་པའི་རྒྱུད་འཛིན་དངོས་པོའི་རྨང་གཞི་ཨ་མ་སྟེ་ཁུ་ཁྲག་གཉིས་ཀར་རང་ཆས་སུ་མཆིས་པའི་“23对染色体”ཞེས་པ་དེ་དང་འབྲེལ་བ་ཡོད་པར་སྙམ་པ་ཕྲན་གྱི་བསམ་ཚུལ་ཙམ་ལགས་པས། སླད་གསོ་རིག་མཁས་དབང་དག་གིས་དཔྱད་པར་འཚལ།   
མཇུག་བསྡུའི་གཏམ།
              བོད་ལུགས་གསོ་རིག་གི་མི་ལུས་ཆགས་ཚུལ་རིག་པར་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཏེ། དེས་གནད་དོན་ཁ་ཤས་ཀྱི་ཐད་དུ་མིག་སྔར་ནུབ་ལུགས་གསོ་རིག་(西医)གིས་ངོས་འཛིན་གཏན་འཁེལ་གནང་ཐུབ་མེད་པའི་གནས་ཚུལ་དག་ཐག་གཅོད་མཛད་ཡོད་པ་མ་ཟད། དེང་རབས་གསོ་རིག་ཚན་རིག་གི་དར་རྒྱས་གོང་འཕེལ་ལའང་སློབ་གཞི་གསར་པ་མི་ཉུང་བ་ཞིག་འདོན་སྤེལ་མཛད་ཡོད་པས་ན།  རྩོམ་ཐུང་འདི་ལྟ་བུ་ཞིག་གི་ནང་དུ་དེང་རབས་གསོ་རིག་དང་བསྡུར་ནས་དེའི་ནང་དོན་གྱི་རྣམ་པ་ཡོངས་རྫོགས་བསྡུས་ཏེ་སྟོན་རྒྱུ་ནི་ལས་སླ་པོ་ཞིག་གཏན་ནས་མ་ཡིན།  
              དེའི་བརྗོད་དོན་འགའ་ཞིག་ཐད་མིག་སྔར་དེང་རབས་ཀྱི་ལྟ་བ་དང་མཐུན་པའི་འགྲེལ་བཤད་རྒྱག་མི་ཐུབ་པའང་མཆིས་མོད།   འཛམ་གླིང་གི་ཚན་རིག་དཔྱད་ཆས་སོགས་དེང་ལས་སྔོན་ཐོན་གྱི་ཆར་འཕེལ་རྒྱས་སུ་སོང་བའི་མ་འོངས་པའི་ལོ་རྒྱུས་སྟེང་དུ་གཅིག་བྱས་ན་དངོས་ཡོད་རང་བཞིན་གྱིས་བདེན་དཔང་ཡང་མཛད་སྲིད་པ་བཅས་མདོར་ན།   བོད་ལུགས་གསོ་རིག་གི་མི་ལུས་ཆགས་ཚུལ་རིག་པ་དེ་ཉིད་དེང་རབས་གསོ་རིག་གི་མི་ལུས་ཆགས་ཚུལ་རིག་པ་དང་རྩ་བའི་ཆ་ནས་གཅིག་མཚུངས་ཞིག་རེད་ཅེས་སྨྲ་སྤོབས་སོ། །ཡིན་ནའང་། གནའ་དཔེ་གྲགས་ཅན་《དཔལ་ལྡན་རྒྱུད་བཞི་》དེ་ཐོན་པའི་དུས་ཚོད་ནི། ང་ཚོ་དང་ལོ་ངོ་ཆིག་སྟོང་ལྷག་གི་བར་ཁྱད་ཡོད་པའི་ཕྱིར། ལོ་རྒྱུས་ཀྱི་ཚད་བཀག་དང་། སྤྱི་ཚོགས་ཀྱི་གནས་བབ། ཆོས་ལུགས་ཀྱི་བསམ་བློ་ལ་སོགས་པའི་དབང་གིས་དངོས་གཙོ་དང་ཏན་ཏན་རྒྱབ་འགལ་ཏུ་སོང་བའི་བཤད་སྟངས་ཀྱང་ཡོད་པ་ནི་སྨོས་ཅི་དགོས།  དེ་ལྟར་གནའ་དེང་ཟུང་གི་《མི་ལུས་ཆགས་ཚུལ་རིག་པ་》གཉིས་ཐོག་མའི་དཔྱད་བསྡུར་ཙམ་དུ་བཀོད་པ་རེ་ཞིག་རྫོགས་ཁུལ་དུ་བྱས་སོ། །   
དཔྱད་གཞིའི་ཡིག་ཆ།   
①《མར་ཁེ་སི་དང་ཨིན་ཀེ་སིའི་གསུང་རྩོམ་》དེབ་གསུམ་པ་(རང་བྱུང་རྩོད་སྒྲུབ་སྨྲ་བ་) ལས་གསལ།   
②③④⑤⑥⑦⑧⑨⑩གསོ་རིག་རྒྱུད་བཞིའི་ཡ་གྱལ་བཤད་རྒྱུད་ཀྱི་ལུས་ཀྱི་ཆགས་ཚུལ་ལེའུ་ལས་གསལ།