ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསོ་རིག > གསར་ཤོས།

བོད་ཀྱི་གསོ་བ་རིག་པ་དང་རྒྱ་གར་ཚེའི་རིག་བྱེད་གཉིས་ཀྱི་རྩ་བའི་གཞུང་དོན་དང་ཐུན་མིན་ཁྱད་ཆོས་སྐོར་བསྡུར་ནས་དཔྱད་པ།

སྤེལ་དུས 2018-05-28 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བྱ་མདོ་ཀླུ་བྱམས་རྒྱལ།
             དེ་ཡང་ལོ་རྒྱུས་ཧ་ཅང་རིང་ཞིང་ཆེས་སྔ་མོའི་དུས་ནས་མ་ལག་ཅན་གྱི་རྣམ་བཤད་ལྡན་པའི་རྒྱ་གར་ཚེའི་རིག་བྱེད་དང་།   བོད་ཀྱི་གསོ་བ་རིག་པ་གཉིས་དབར་གྱི་སྤྱིར་བཏང་མ་ཡིན་པའི་འབྲེལ་བ་ནི་ཕྱི་ནང་གསོ་རིག་སྨྲ་བ་མང་མང་གིས་སྒྲོག་ཅིང་ཁས་འཆེས་པའི་བཤད་ཚུལ་ཞིག་ཏུ་ཕལ་ཆེར་འཁུམས་མོད།ཡང་སྙིང་དེ་གཉིས་དབར་གྱི་འབྲེལ་བ་ག་འདྲ་ཡིན་པ་དང་།   ལྷག་པར་དེའི་འབྲེལ་བ་བརྗོད་པ་དང་ཆབས་ཅིག་ལུགས་གཉིས་གསོ་རིག་གི་ཁྱད་པར་ཇི་འདྲ་ཡིན་པའི་སྐོར་ལ་དམིགས་སུ་དབྱེ་ཞིབ་དང་། ཆེད་དོན་རྟོགས་འཇུག་བྱས་པའི་བརྩམས་ཆོས་དེ་སྔ་ཆེར་མ་མཐོང་བས།  ད་རེས་ཕྲན་གྱིས་ལོ་རྒྱུས་རིག་པ་དང་ཡིག་ཚང་རིག་པའི་ཞིབ་འཇུག་གི་ཐབས་ཚུལ་སྤྱད་དེ་རྩོམ་འདི་སྤེལ་བའི་ཁུལ་བགྱི་བ་ལ།   
དང་པོ། རིག་སྒོ་གཉིས་ལས་གསུངས་པའི་“འབྱུང་བ་བཞི་”སྐོར་གྱི་དཔྱད་གླེང་།
            འབྱུང་བའི་སྐོར་གྱི་བཤད་པ་ནི།   འཛམ་གླིང་གི་ཤེས་རིག་དཔལ་ཡོན་དར་སྔ་བའི་མི་རིགས་ཁག་གི་གཅིག་གྱུར་གྱི་བཤད་ཚུལ་ཞིག་སྟེ།  ཕྱི་ནང་གི་སྐྱེ་དངོས་ཡོད་རྒུ་རང་བྱུང་ཁམས་ཀྱི་འབྱུང་རྡུལ་ཕྲ་མོས་གྲུབ་པར་འདོད་པའི་ལྟ་ཚུལ་ལས་བྱུང་ཞིང་། རིག་གནས་ཀྱི་རྒྱབ་ལྗོངས་དང་། ས་ཁམས་ཁོར་ཡུག བྱུང་འཕེལ་གྱི་ལོ་རྒྱུས་སོགས་མི་གཅིག་པའི་གནའ་བོའི་སྲོལ་རྒྱུན་གསོ་རིག་དག་གི་སྤྱི་ཡོངས་འདུ་ཤེས་སྨྲ་བའི་གཅིག་གྱུར་གྱི་འདུ་ཤེས་ལས་བྱུང་བའི་རྣམ་བཤད་ཅིག་རེད། ནུབ་ཕྱོགས་ཤེས་རིག་གླིང་གི་ལོ་རྒྱུས་སུ། འབྱུང་བ་ས་ཆུ་མེ་རླུང་བཞིའི་ངོས་འཛིན་ཉིད་ཐོལ་བྱུང་དུ་གྲུབ་པ་ཞིག་མ་ཡིན་པར་མིའི་ཚེ་སྲོག་དང་རང་བྱུང་ཁམས་ལ་ནུས་པ་དང་རིན་ཐང་ཐོན་ཚུལ་མི་འདྲ་བ་ཡོད་པ་ཤེས་རྟོགས་ཀྱིས་འབྱུང་བ་གཅིག་གཉིས་གསུམ་བཞི་བཅས་སྔ་ཕྱི་རིམ་པར་ངོས་འཛིན་བྱུང་བ་ཡིན་ཚུལ་བཤད་པ་ནི་ཤིན་ཏུ་མད་པར་སེམས་ཤིང་།  འབྱུང་བཞིའི་སྐོར་གྱི་བྱུང་འཕེལ་ལོ་རྒྱུས་ལ་ཞིབ་འཇུག་བྱས་པ་ལས་ཐོན་པའི་གྲུབ་འབྲས་ཁྱད་པར་བ་ཞིག་རེད།  
            སྤྱིར་ན་འབྱུང་བའི་བཤད་པ་ནི་གསོ་བ་རིག་པ་གཅིག་པོ་མ་ཡིན་པར་ཕྱི་ནང་རིག་གནས་སྤྱི་ལ་ཁྱབ་པའི་རིག་པ་ཞིག་ཡིན་ཞིང་། ཆེ་ས་ནས་བཤད་ན་རྒྱ་གར་ཚེའི་རིག་བྱེད་གཞུང་ནས་བཤད་པའི་འབྱུང་བ་དང་བོད་ལུགས་གསོ་རིག་གིས་སྨྲ་བའི་འབྱུང་བ་གཉིས་ཀ་གཅིག་པར་བལྟས་ཆོག རྒྱུ་མཚན་ནི་རིག་སྒོ་དེ་གཉི་གས་ས་ཆུ་མེ་རླུང་ཞེས་རང་བྱུང་ཁམས་ཀྱི་སྣང་ཚུལ་ལ་བརྟེན་ནས་ལུས་ཁམས་ཀྱི་གྲུབ་ཚུལ་སོགས་གསོ་བ་རིག་པའི་གཞི་རྩའི་བརྗོད་དོན་ལ་འགྲེལ་་བཤད་བྱེད་པ་དང་། དེའང་ཕྱི་ནང་གི་སྣོད་བཅུད་ཁམས་མཐའ་དག་འབྱུང་བ་ས་ཆུ་མེ་རླུང་གི་ཕྲ་རྡུལ་ལས་གྲུབ་པར་བཞེད་ཅིང་།  ཕྱིའི་ནམ་ཟླའི་འགྱུར་ལྡོག་དང་དཔྱིད་དབྱར་སྟོན་དགུན་སོགས་དུས་ཀྱི་ཁྱད་པར་ལས་ནང་སེམས་ཅན་གྱི་“ལུས་སེམས་ལ་འཕོ་འགྱུར་དང་འབྱུང་ཁམས་འཕེལ་ཟད་གང་རུང་དུ་འགྲོ་བ་དང་། ལུས་ཀྱི་འབྱུང་ཁམས་སྙོམས་མ་སྙོམས་ལས་རྣམ་པར་གྱུར་མ་གྱུར་གྱི་ཚུལ་ལ་འགྲོ་ལྡོག་བྱེད་པ་མ་ཟད། ཁམས་མ་སྙོམས་པ་སྙོམས་པར་བྱེད་པའི་གཉེན་པོ་སྨན་ཡང་འབྱུང་བའི་རང་བཞིན་ལ་རག་ལས་པར་བཤད་པ་བཅས་འབྱུང་བ་བཞིའི་སྒོ་ནས་ལུས་ནད་གཉེན་པོ་ལ་འགྲེལ་བཤད་རྒྱག་པའི་རིགས་སྲོལ་འདི་ནི།  འཇིག་རྟེན་དུ་སྔ་ས་ནས་དར་བའི་གསོ་བ་རིག་པ་སྟེ་གངས་ཅན་གསོ་དཔྱད་རིག་པ་དང་རྒྱ་གར་ཚེའི་རིག་བྱེད་གཞུང་གི་རྩ་བའི་གཞུང་དོན་ཞིག་གམ་བཤད་ལུགས་ཀྱི་ཡོ་ཆས་ཤིག་ཏུ་གྱུར་ཡོད་པ་ཀུན་གྱིས་མཁྱེན་གསལ་ལོ། །  
            བྱེ་བྲག་ཏུ་བཤད་ན། བོད་ཀྱི་གསོ་རིག་དང་ཚེའི་རིག་བྱེད་གཞུང་གི་འབྱུང་བ་བཞིའི་བཤད་སྟངས་དང་། ཚིག་འགྲོས། ངོས་འཛིན་གྱི་གཏིང་ཟབ་ཚད་དང་། རྒྱ་ཆེ་ཚད། ཁ་གསལ་ཚད་སོགས་ཀྱི་ཐད་ནས་མི་འདྲ་སའམ་ཡང་ན་ཁྱད་པར་དུ་མ་མཆིས་ཏེ།    བོད་ལུགས་སུ་འབྱུང་བས་གསོ་རིག་གཞུང་ལ་ཐོན་པའི་ནུས་པའམ་འབྱུང་བ་སྤྱི་ལ་ཇི་ལྟར་ངོས་འཛིན་གྱི་མདོ་དོན་ནི།  རྒྱུད་བཞིའི་མཇུག་དོན་ལས།  འགྲོ་བའི་ལུས་འདི་འབྱུང་བ་བཞི་ལས་གྲུབ།  །གསོ་བའི་ནད་ཀྱང་འབྱུ་བ་བཞི་ཡིས་བསྐྱེད།  །གཉེན་པོའི་སྨན་ཡང་འབྱུང་བཞིའི་ངོ་བོ་ཉིད།  །ལུས་ནད་གཉེན་པོ་བདག་ཉིད་གཅིག་པར་འབྲེལ།   །ཞེས་གང་གསོ་བའི་གཞི་ལུས་དང་། གང་ཞིག་གསོ་བར་བྱ་བའི་ལུས་ནད། གང་གིས་གསོ་བྱེད་ཀྱི་གཉེན་པོ་སྨན་ཏེ་གསོ་རིག་གི་བརྗོད་དོན་མཐའ་དག་དྲིལ་བས་གསུམ་དུ་འདུ་བ་ལ། རྡོ་རྗེ་ལྟར་བརྟན་ཞིང་བརླིང་ལ་གཏན་ཚིགས་ཡང་དག་དང་ལྡན་པའི་སྒོ་ནས་ལུས་ནད་གཉེན་པོ་གསུམ་གྱི་ངོ་བོ་བདག་གཅིག་གི་རང་བཞིན་ཟབ་གསལ་དུ་བཀྲོལ་བ་དེ་ལྟར་དང་།  ཚེའི་རིག་བྱེད་ལུགས་སུ་ཉུང་བས་མི་ཤོད་ཅིང་མང་བས་ལྷག་པར་འགྱུར་བའི་སྡོམ་ཚིག་ཆེན་པོ་དེ་འདྲ་ནི་བོད་དུ་འགྱུར་རོ་ཅོག་གི་ཚེའི་རིག་བྱེད་ཀྱི་བསྟན་བཅོས་ཏེ་སྙིང་པོ་བསྡུས་པ་དང་། བརྒྱད་པའི་རང་འགྲེལ། འགྲེལ་པ་ཟླ་ཟེར། སྦྱོར་བ་བརྒྱ་བ་སོགས་སུ་བརྒྱ་བྱིན་མིག་གིས་བཙལ་ཡང་ཪྙེད་པའི་གོ་སྐབས་ཡེ་ནས་དབེན་པས་ན། རྒྱ་བོད་ལུགས་གཉིས་ཀྱིས་འབྱུང་བའི་གོ་དོན་ལ་ངོས་འཛིན་གྱི་གཏིང་ཟབ་ཚད་མ་འདྲ་བའི་གཞི་རྩའི་ཁྱད་པར་ཞིག་རེད་ཅེས་སྨོས་ཆོག་སྙམ།  
            ལུས་ཁམས་ངོས་འཛིན་གྱི་ཐད་ནས་བཤད་ན།  བོད་ལུགས་གསོ་རིག་ཏུ་ལུས་ཐོག་མར་ཆགས་པའི་སྐབས་སུ། དང་པོ་ཕ་མའི་ཁུ་ཁྲག་སྐྱོན་མེད་པ། །རྣམ་ཤེས་ལས་དང་ཉོན་མོངས་ཀྱིས་བསྐུལ་ནས།    །འབྱུང་ལྔ་ཚོགས་པ་མངལ་དུ་ཆགས་པའི་རྒྱུ།  །ཞེས་རྒྱུ་རྐྱེན་ཡན་ལག་འཚོགས་དགོས་པར་གསུངས་པ་དང་། ས་ལས་ཤ་དང་རུས་པ་སྣ་དྲི་སྐྱེད། །ཆུ་ལས་ཁྲག་དང་ལྕེ་རོ་རླན་པ་སྐྱེད། །མེ་ལས་དྲོད་དང་མདོག་གསལ་མིག་གཟུགས་སྐྱེད།  །རླུང་ལས་དབུགས་དང་པགས་པ་རེག་བྱ་སྐྱེད། །མཁའ་ལས་བུ་ག་རྣ་བ་སྒྲ་སྐྱེད་འགྱུར། །ཞེས་རྒྱུན་ལྡན་ལྟར་གྱི་རྒྱུ་ལས་འབྲས་བུ་ཁམས་དབང་དང་བཅས་པ་ཇི་ལྟར་སྐྱེ་ཚུལ་གསལ་བོར་གསུངས་ཤིང་འབྱུང་བ་དེ་ལྟར་མ་འཛོམས་པའི་སྐྱོན་ནི། ཇི་སྐད་དུ། ས་མེད་མི་འགྲུབ་ཆུ་མེད་སྡུད་མི་ནུས། །མེ་མེད་མི་སྨིན་རླུང་མེད་འཕེལ་མི་འགྱུར། །ནམ་མཁའ་མེད་པར་འཕེལ་བའི་གོ་མི་ཕྱེད།  །ཅེས་སོ།  །བར་དུ་ལུས་ཁམས་གནས་པའི་སྐབས་ནའང་འབྱུང་བའི་ངོ་བོ་མི་མཚུངས་པའི་ས་ཆུ་མེ་རླུང་བཞི་ག་རྟེན་འབྲེལ་གྱི་དབང་གིས་གཅིག་གྲོགས་གཅིག་གམ་ཅིག་ཤོས་ཅིག་ལ་བརྟེན་ནས་གནས་པའི་ཚུལ་རྒྱུད་དང་རྒྱུད་འགྲེལ་རྣམས་སུ་རྩོད་གྲུབ་ཀྱི་རིག་པ་བཀོལ་ནས་གསུངས་ཡོད་པ་དང་།  །ཐ་མ་ལུས་ཁམས་འཇིག་པའི་དུས་སུའང་འབྱུང་བ་ཁོ་ནར་རག་ལས་ཏེ། ས་ནུས་ཆུ་ལ་ཐིམ་པས་གཟུགས་མི་མཐོང་། །ཆུ་ནུས་མེ་ལ་ཐིམ་པས་བུ་ག་སྐམ། །མེ་ནུས་རླུང་ལ་ཐིམ་པས་དྲོད་རྣམས་སྡུད། །རླུང་ནུས་མཁའ་ལ་ཐིམ་པས་ཕྱི་དབུགས་ཆད།  །ཅེས་ཕྱི་སྣོད་འཇིག་རྟེན་གྱི་ཆགས་གནས་འཇིག་གསུམ་ཇི་བཞིན་ནང་ལུས་ཁམས་ཉིད་སྐྱེ་སྲིད་འཆི་གསུམ་ཇི་ལྟར་བྱེད་ཚུལ་གཏན་་ཚིགས་ཀྱི་རིགས་སྒོ་དང་མཐུན་པར་ཁ་གསལ་དམར་རྗེན་དུ་གསུངས་ཡོད་པ་རེད། རྒྱ་གར་བའི་ལུགས་ལ་སྙིང་པོ་བསྡུས་པར། སྒྲ་དང་རེག་བྱ་གཟུགས་རོ་དྲི། །གོ་རིམ་བཞིན་དུ་ནམ་མཁའ་རླུང་། །མེ་ཆུ་ས་ཡི་ཡོན་ཏན་ཡིན། །ཡོན་ཏན་རེ་རེས་ཕྱི་མ་སྐྱེད། །དེ་ལ་མཁའ་ལས་ལུས་བུ་ག །རྣ་བ་སྒྲ་དང་ཁོང་སྟོང་ཉིད།། རླུང་ལས་རེག་པ་ལྤགས་དབུགས་འབྱིན། །མེ་ལས་མིག་དང་གཟུགས་འཇུ་ཉིད། །ཆུ་ལས་ལྕེ་དང་རོ་དང་གཤེར། །ས་ལས་སྣ་དྲི་རུས་པ་ཡིན། །ཞེས་ལུས་ཀྱི་ཡན་ལག་གི་བྱེ་བྲག་བསྟན་པའི་ལེའུ་རུ་འབྱུང་བའི་རྒྱུ་ལས་འབྲས་བུ་ཁམས་དབང་སྐྱེད་ཚུལ་ཙམ་གསུངས་པ་མ་གཏོགས་གོ་རིམ་ཚང་བའི་སྒོ་ནས་ལུས་པོའི་ཆགས་གནས་འཇིག་གསུམ་སྐོར་བསྟན་ཡོད་པ་མི་མཐོང་ངོ་། །   
            ནད་ཁམས་སྐོར་ནས་བཤད་ན།  རྒྱ་གར་བའི་ལུགས་ཀྱི་ཚེའི་རིག་གི་སྙིང་པོར་གྱུར་པའི་བརྒྱད་པའི་སྙིང་བསྡུས་སུ། ནད་བྱེ་བྲག་པའི་དམིགས་ཀྱི་རྟགས་བཅོས་མང་དུ་བསྟན་ཀྱང་ས་ཆུ་མེ་རླུང་གི་བཤད་སྒྲོས་བཀོལ་ཏེ་རིགས་པའི་གཞུང་ལུགས་ཀྱི་མཐོ་ཚད་ནས་ནད་གཞིར་བཤད་པ་གནང་བ་ཆེར་མ་མཐོང་ལ།  བོད་ལུགས་ལྟར་ན་རྒྱུད་ལས།  མཁྲིས་པ་འཁྲུགས་པས་ལུས་ཟུངས་བསྲེག་པར་བྱེད། །འདི་ནི་མེ་ཡི་རང་བཞིན་ཚ་བས་ན། །སྨད་ན་གནས་ཀྱང་སྟོད་དུ་འབར་བར་བྱེད།  །ཚ་བའི་ནད་ཀུན་འདི་ལས་མ་སྐྱེས་མེད།  །བད་ཀན་འཁྲུགས་པས་ལུས་ཀྱི་མེ་དྲོད་འཇོམས།  །འདི་ནི་ས་ཆུའི་རང་བཞིན་ལྕི་ལ་བསིལ།  །སྟོད་ན་གནས་ཀྱང་སྨད་དུ་ལྷུང་བར་བྱེད། །གྲང་བའི་ནད་ཀུན་འདི་ལས་མ་སྐྱེས་མེད། །རླུང་ནི་ཚ་གྲང་གཉིས་ཀའི་ཁྱབ་བྱེད་དེ། །ཞེས་སོགས་འབྱུང་བའི་བཤད་པའི་སྒོ་ནས་ནད་ཁམས་ཀྱི་ངོ་བོར་འགྲེལ་བཤད་དང་རྣམ་འགྱུར་ནད་ཀྱི་རང་བཞིན་མཐའ་དག་ཚ་གྲང་གཉིས་ཀྱི་ངོར་མདོར་དྲིལ་ཡོད་པ་དེ་བཞིན་ནོ། །   
            གཉེན་པོ་སྨན་ལྟར་ན་ནི་རྒྱ་བོད་ལུགས་གཉིས་དབར་དུ་ཁྱད་པར་ཆེར་མི་མཐོང་ཞིང་ཕལ་ཆེར་གཅིག་པར་བལྟ་སྟེ། དཔེ་ཙམ་བཀོད་ན་ཇི་སྐད་དུ། སྨན་རྣམས་ཉིད་ཀྱི་རོ་ལ་སོགས། །དེ་ནི་དེ་ལ་བརྟེན་པས་མཆོག །དེ་ཡང་འབྱུང་ལྔའི་བདག་ཉིད་ཅན། །ས་ལ་བརྟེན་ཏེ་སྐྱེ་བ་ཡིན། །ཆུ་ནི་སྐྱེ་གནས་མེ་དང་རླུང་། །ནམ་མཁའ་རྣམས་ནི་ཚོགས་པ་ལས། །དེ་སྐྱེས་གྱུར་དང་ཁྱད་པར་བྱུང་། །ཞེས་དང་། མངར་བ་ལ་སོགས་རོ་སྐྱེ་བ། །ས་ཆུ་མེ་ས་ཆུ་དང་རླུང་། །མཁའ་རླུང་མེ་རླུང་ས་དང་རླུང་།  །གཉིས་གཉིས་ཤས་ཆེ་ལས་རིམ་བྱུང་།  །ཞེས་གསུངས་པ་དང་། བོད་ལུགས་སུའང་། རྟེན་ནི་འབྱུང་བ་ལྔ་ལས་སྐྱེ་འགྱུར་ཏེ། །ས་ཡིས་གཞི་རྟེན་ཆུས་རླན་མེ་ཡིས་དྲོད། །རླུང་གིས་བསྐྱོད་བྱེད་ནམ་མཁས་གོ་ཕྱེ་བས། །དེས་བསྐྱེད་གྱུར་ཀྱང་ཤས་ཆེར་རོ་གཅིག་མིན། །ས་ཆུ་མེ་ས་ཆུ་མེ་ཆུ་དང་རླུང་། །མེ་རླུང་ས་རླུང་གཉིས་ཀྱིས་རོ་དྲུག་སྐྱེད། །ཅེས་པ་དག་ལས་སྤྱིའི་རིག་བབ་ཚོར་ཐུབ་ལ།  ཞིབ་ཀྱིས་བལྟས་པས་ཁྱད་པར་ཕྲ་མོའང་མཆིས་ཚུལ་ཁོ་བོའི་སྐབས་གཞན་དུ་སྤྲོས་ཟིན་པས་འདིར་ཡིག་ཚོགས་ཀྱིས་མ་བཀོད་དོ། །               དེ་ལྟར་འབྱུང་བའི་བཤད་པ་འདི་བཞིན་རྒྱ་བོད་ལུགས་གཉིས་ཀྱི་གསོ་དཔྱད་ཀྱི་གཞི་རྩའི་དགོངས་དོན་ཞིག་ཏུ་གྱུར་ཡོད་པ་ནི་སྨོས་མ་དགོས་མོད།  ཆེད་དུ་གསལ་བཤད་ཞུ་དགོས་པ་ཞིག་ལ།  བོད་ཀྱི་གསོ་རིག་གཞུང་དུ་འབྱུང་བཞིའི་རྣམ་བཤད་དེ་ཉིད་གཞི་འཛིན་དང་རིམ་པ་མང་པའི་ངོས་འཛིན་བྱེད་སྟངས་ཤིག་ཏུ་གྱུར་ཡོད་ཅིང་ལུས་ནད་གཉེན་པོ་གསུམ་གྱི་ངོ་བོ་བདག་ཉིད་གཅིག་ཏུ་འབྲེལ་བ་ཁོ་ནར་བརྗོད་བཞིན་པ་དང་། འབྱུང་བའི་བཤད་པས་བོད་ལུགས་གསོ་རིག་གི་གཞུང་དུ་ཆེས་མཐོ་བའི་གོ་གནས་ཟིན་ཡོད་ཅིང་ཁྱོན་ཡོངས་རང་བཞིན་གྱི་གཞུང་ལུགས་ཤིག་ཏུ་གྱུར་པ་དང་ལྷན་དུ་འབྱུང་བཞིའི་རྣམ་་བཤད་ཀྱི་རིན་ཐང་རང་གར་མཐོ་རུ་མངོན་འདུག   
            གཞན། རྒྱ་བོད་གཞུང་དུ་གསལ་བའི་འབྱུང་བ་བཞིའི་བཤད་པ་འདི་དང་ཐོག་གང་ནས་དར་ཞིང་ཕན་ཚུན་ཤན་ཞུགས་ཀྱི་གླེང་མོལ་བྱེད་རྒྱུ་ནི་ཅུང་ཁག་པོ་ཞིག་སྟེ།  མ་གཞི་མིའི་རིགས་ཀྱི་ཤེས་རིག་བྱུང་འཕེལ་ལོ་རྒྱུས་ཁྲོད་བསམ་བློ་དང་རིགས་པ་ཁག་ཅིག་ནི་ཕན་ཚུན་གཅིག་ལ་གཅིག་གིས་ཤན་ཞུགས་པ་ལས་བྱུང་བ་ཡིན་ཤས་ཆེ་མོད།  མིའི་རིགས་ལ་ཐུན་མོང་དུ་གྱུར་པའི་བསམ་གཞིག་དང་རྗེས་དཔག་གི་ཚད་མ་ཡོད་པའི་སྤྱི་མཐུན་གྱི་ཆོས་ཉིད་ཀྱིས་མཐའ་དག་དེ་ལྟར་ཡིན་པའི་ངེས་པ་མ་མཆིས་ལ།  གཅིག་བྱས་ན་རྒྱ་གར་ཤེས་རིག་གི་འབྱུང་བའི་རིགས་ལམ་སྤྱི་ལོ་དུས་རབས་དྲུག་པའི་ཡས་མས་སུ་སངས་རྒྱས་ཆོས་ལུགས་ཀྱི་དར་རྒྱུན་ལ་བརྟེན་ནས་བོད་ཀྱི་གསོ་རིག་ཏུ་གདན་འདྲེན་བྱས་པ་ཡིན་ཡང་སྲིད་ཅིང་། གཞན་དུ་གནའ་བོའི་ཞང་ཞུང་བོན་ལུགས་ཀྱི་ཐུན་མིན་བཤད་ཚུལ་འབྱུང་བ་སྣ་ལྔའི་སྙིང་པོ་ལས་སྲིད་པ་ཀློང་གི་སྒོ་ང་གྲོལ་ཚུལ་གྱི་བཤད་པ་སོགས་ལས་འབྱུང་ལྔའི་འཆད་ལུགས་རིམ་གྱིས་བརྒྱུད་དེ་རང་རེའི་གསོ་རིག་ཏུ་བཀོལ་ཞིང་དུས་རབས་དྲུག་བདུན་ཡས་མས་ནས་རྒྱ་གར་བའི་འབྱུང་བཞིའི་བཤད་པ་གཉིས་གཞི་གཅིག་ལ་འདྲེས་པ་ཡིན་ཡང་སྲིད་དོ།། 
གཉིས་པ། རིག་སྒོ་གཉིས་ལས་གསུངས་པའི་“ཉེས་པ་གསུམ་”སྐོར་གྱི་དཔྱད་གླེང་། 
            འཛམ་གླིང་གསོ་རིག་ལོ་རྒྱུས་རྣམས་སུ་གསལ་བའི་རྒྱ་གར་ཚེའི་རིག་བྱེད་ཀྱི་རྩ་བའི་མིང་བརྡ་སྟེ་ཉེས་གསུམ་གྱི་ཐ་སྙད་ཉིད་རྒྱ་ཡིག་དང་དབྱིན་ཡིག་གི་ལམ་ནས་འཁོད་ཡོད་པ་ལྟར་ན།  ལེགས་སྦྱར་རང་གི་མ་སྐད་ཀྱི་གདོད་མའི་གོ་དོན་ནི་ཕུང་གཤེར་གསུམ་ཞེས་པའི་དོན་དུ་ཐད་ཀར་འགྱུར་བ་དང་དེའི་ཐོག་མའི་ངོས་འཛིན་ནི། ཁ་སྣ་ནས་གཏོང་བའི་དབུགས་ཀྱི་རྒྱུ་བ་ཙམ་དང་། སྣོད་ཀྱི་མཁྲིས་ཁུ་སེར་པོ། ཁ་མཆུ་བེ་སྣབས་སོགས་འབྱར་བག་ཅན་ཙམ་ལ་བཤད་ཅིང་། གནའ་བོའི་རྒྱ་གར་མི་དམངས་ཀྱིས་ནད་རིགས་དང་འཐབ་རྩོད་བྱེད་པའི་བརྒྱུད་རིམ་ཁྲོད་ནད་འགྱུར་གྱི་སྣང་ཚུལ་ལ་ལྟ་ཞིབ་བྱས་པ་ལས་ཐ་སྙད་དེ་གསུམ་བྱུང་བ་དང་།  དུས་ཕྱིས་རིམ་གྱིས་མཚན་ཉིད་རིག་པའི་རིགས་ལམ་སྟེ་འབྱུང་བའི་བཤད་པ་དང་ཟུང་འབྲེལ་གྱིས་ཚེའི་རིག་བྱེད་གཞུང་གི་རྩ་བའི་མིང་བརྡའམ་རྣམ་བཤད་ཅིག་ཏུ་གྱུར་ནས་རྒྱ་ནག་དང་ཞི་ལཱ་ལྷག་པར་བོད་ཀྱི་གསོ་རིག་ལ་ཤུགས་རྐྱེན་ཆེན་པོ་ཐེབས། བོད་ལུགས་ལྟར་ན། མེས་པོ་ལོ་པཎ་དམ་པ་རྣམས་ཀྱིས་དོན་གྱི་ངོ་བོར་གཞིགས་ཏེ་ཉེས་པ་རླུང་མཁྲིས་བད་ཀན་གསུམ་ཞེས་བསྒྱུར་ནས་བོད་གསོ་རིག་རང་གི་ཁྱད་ཆོས་མངོན་པར་གསལ་བའི་ཆེད་སྐྲུན་ཐ་སྙད་ཅིག་ཏུ་སྔ་ས་ནས་གྱུར་ཡོད་པ་དང་། དེའང་འགྲུབ་བྱེད་ལུས་ཀྱི་འབྱུང་བའི་རྒྱུ་ཡི་ཆ་ནས་འབྱུང་བཞི་དང་།  གྲུབ་ཟིན་འབྱུང་གྱུར་འབྲས་བུའི་ཆ་ནས་ཉེས་གསུམ་ཞེས་འབྱུང་བའི་རྣམ་བཤད་དང་ཉེས་གསུམ་གྱི་རྣམ་བཞག་བྱུང་ཞིང་རིགས་ལམ་བཤད་ལུགས་དང་ལུས་ནད་ངོས་འཛིན་བྱེད་པའི་གཏིང་ཟབ་ཚད་སོགས་ཀྱི་ཐད་ནས་ཐོད་བརྒལ་ཆེན་པོ་བྱུང་ཡོད་ལ།  དེར་གོམ་པ་ཆེར་བསྐྱེད་ཀྱིས་ངོས་འཛིན་དང་ཞིབ་འཇུག་བྱས་པ་བརྒྱུད་ནས་འདུ་བ་དང་།    ཉེས་པ། ནད། རྟེན་དང་བརྟེན་པ། གནོད་བྱ་གནོད་བྱེད་སོགས་བོད་རང་གི་གསར་དུ་སྒྲུབ་པའི་བརྡ་ཆད་དང་རིག་པ་བྱུང་སྟེ་ལྷུ་ལག་ཚང་བའི་གཞུང་ལུགས་ཀྱི་གསེར་སྒྲོམ་ལྟ་བུ་ཞིག་ཏུ་གྱུར།   
            ལར་ཉེས་གསུམ་གྱི་རྣམ་བཞག་འདི་བཞིན་རྒྱ་གར་དང་བོད་ཀྱི་གསོ་རིག་གི་རིགས་པའི་གཞུང་ལུགས་ཀྱི་ཆེས་རྩ་བར་གྱུར་ཞིང་གལ་ཆེ་བའི་རྨང་གཞིའི་གཞུང་ལུགས་ཤིག་ཡིན་པ་འདྲ་ནའང་། འོ་སྐོལ་རིག་པ་སྨྲ་བ་རྣམས་ཀྱིས་ཞིབ་ཏུ་བརྟགས་པས་ཕན་ཚུན་དབར་གྱི་ཁྱད་པར་དང་མི་མཚུངས་པའི་ཆ་མང་དུ་ཪྙེད་དེ།  ད་ལྟ་འུ་ཅག་གི་མིག་བསོད་དུ་ཤར་བའི་ཚེའི་རིག་བྱེད་གཞུང་གི་སྙིང་པོར་གྱུར་ཞིང་རྒྱ་གར་གསོ་དཔྱད་ཀྱི་ཚད་ལྡན་ཡིག་ཆ་སྟེ་བརྒྱད་པའི་སྙིང་བསྡུས་ལྟར་ན།  ཚེ་རིག་གཞུང་དུ་ཉེས་གསུམ་གྱི་མིང་དང་།  ཡང་རྩུབ་སོགས་ཉེས་པའི་མཚན་ཉིད་ཉི་ཤུའི་གྲངས་དང་།   ཉེས་པའི་རང་བཞིན་དང་གནས་དང་བྱེད་ལས་དེ་བཞིན་དབྱེ་བ་སོགས་ཉེས་གསུམ་ཐད་ཀྱི་གཞུང་ལུགས་སུ་གཏོགས་པའི་རྣམ་བཞག་སྐོར་གྱི་ནང་དོན་དུ་མ་མཆིས་ཀྱང་བོད་ལུགས་ཀྱི་བརྗོད་བྱ་དང་བསྡུར་བས་སིལ་བུར་དང་། ཐར་ཐོར། འཆོལ་འཁྲུགས་ཀྱི་རྣམ་པར་སྣང་ཞིང་།  གཅིག་བྱས་ན་ཚིག་བབ་ཀྱི་བརྗོད་སྟངས་སོགས་ཁ་ཤས་ཤིག་ནི་རང་སྐད་ཀྱིས་བརྩམས་པ་དང་གཞན་སྐད་ནས་འགྱུར་པའི་ཁྱད་པར་ཡིན་ཡང་སྲིད་མོད། གང་ལྟར་མི་འདྲ་ས་ཞིག་ཡོད་པ་ནི་ཉེས་གསུམ་གྱི་བརྗོད་གཞི་རྣམས་རིགས་པའི་གཞུང་ལུགས་ཀྱི་མ་ལག་ཅན་དང་གཏན་ཚིགས་རིག་པའི་གོ་རིམ་ཅན་དུ་གྲུབ་མེད་པ་ཀུན་གྱིས་མཐོང་གསལ་དང་།  ཉེས་གསུམ་གྱི་གྲངས་དང་གོ་རིམ་ངེས་པའི་རྒྱུ་མཚན་གཏན་ཚིགས་དང་བཅས་ཁ་གསལ་དུ་འཁོད་ཡོད་པ་སོགས་ནི་བོད་ལུགས་ཀྱི་དམིགས་བསལ་ཁྱད་ཆོས་དག་རེད།   གཞན་ཐང་ལ་འབར་གྱི་གཞུང་ཆེན་དང་ཙ་ར་ཀའི་སྡེ་སོགས་ཀྱི་སྤྱི་ཁོག་དཀར་ཆག་ལྟར་ནའང་ཚེ་རིག་གཞུང་དུ་རྣམ་པར་གྱུར་དང་མ་གྱུར་གཉི་གའི་སྐབས་སུ་ཉེས་གསུམ་གྱི་རྣམ་བཞག་ཆ་ཚང་དུ་བཀོད་པ་ཞིག་ཡེ་ནས་མི་ཚོར་རོ།  །  དེ་མིན་འཕེལ་འགྲིབ་ནད་ཀྱི་སྐོར་བཤད་སྐབས།   ཚེ་རིག་གཞུང་དུ་ཉེས་གསུམ་གྱི་འཕེལ་ཟད་འཁྲུགས་གསུམ་ལས་སྔ་མ་གཉིས་ཀྱི་རྟགས་ཙམ་ལས་ནད་ཀྱི་འབྲས་བུ་གཙོ་བོ་སྟེ་འཁྲུགས་པའི་རྟགས་ཤིག་མིག་སྔའི་དཔྱད་ཡིག་ཏུ་མི་གསལ་བ་དང་། ནད་ཀྱི་རྒྱུ་དང་རྐྱེན་དང་འཇུག་ཚུལ་མཚན་ཉིད་དབྱེ་བ་སོགས་གཏན་ཚིགས་དང་མཐུན་པའི་སྒོ་ནས་ཆ་ཚང་དུ་བཀོད་པ་ནི་དེ་བས་ཀྱང་དབེན།  ནད་རྒྱུ་མ་རིག་པའི་བཤད་པ་དང་ཁྱད་པར་འདོད་ཆགས་དང་། ཞེ་སྡང་། གཏི་མུག་གསུམ་གོ་རིམ་བཞིན་དུ་རླུང་མཁྲིས་བད་ཀན་གསུམ་ལ་སྦྱར་བའི་རིག་པ་ནི་བོད་བརྒྱུད་ནང་བསྟན་དང་འབྲེལ་བའི་བོད་ལུགས་གསོ་རིག་གི་ཐུན་མིན་བཤད་སྲོལ་ཞིག་ཡིན་པ་ལས་སྙིང་པོ་བསྡུས་པ་སོགས་ཚེ་རིག་གཞུང་ནང་དུ་གོ་རིམ་ངེས་པའི་གསལ་ཁ་བཏོན་མེད་ལ། ནད་ཀྱི་འཇུག་སྒོ་དྲུག་དང་། རྒྱུ་ལམ་བཅོ་ལྔ། ལྡོག་རྒྱུ་བཅུ་གཉིས། སྲོག་གཅོད་ནད་དགུའི་རྣམ་གྲངས་དག་ལ་མཚོན་ནའང་བོད་ལུགས་རང་སྟེང་ནས་གོང་འཕེལ་དུ་ཕྱིན་པའི་གསོ་རིག་གི་གོ་དོན་རྐྱང་རེད།   
            དེ་མིན་ཞང་བོད་གསོ་རིག་གི་བཤད་པ་ལྟར་ན།  མདོ་དྲི་མེད་གཟི་བརྗིད་ལས། མ་རིག་ཉོན་མོངས་ལུས་སེམས་འབྲེལ་བ་ལ། །དུག་གསུམ་ཉོན་མོངས་ནད་ཀྱི་རྒྱུ་རུ་ལྡང་། །ཞེས་དང་། འབྱུང་བཞི་ཆ་སྙོམས་འདུ་བ་རྣམ་བཞི་འཁྲུགས། །ཚ་གྲང་འདུ་བ་རླུང་མཁྲིས་བད་ཀན་ཁྲག    །དུག་གསུམ་ཉེས་པའི་ཚ་གྲང་འདུ་གསུམ་ལྡང་། །ཞེས་པ་དང་། ཚ་བའི་ནད་ནི་ཞེ་སྡང་མེ་ལྟར་འབར། །གྲང་བའི་ནད་ནི་འདོད་ཆགས་ཆུ་ལྟར་འཁྲུགས། །གཉིས་འདུས་པ་ནི་ས་གཡོས་མུན་ལྟར་གཏིབས། །ཞེས་དང་། འབྱུང་བཞི་ཕུང་བོ་སྡུག་བསྔལ་རྒྱུ་བཞི་ལ། །རླུང་མཁྲིས་བད་ཀན་འདུ་བ་རྣམ་བཞི་འཁྲུགས།   །རླུང་ནི་འཐོར་བྱེད་རླུང་གི་ཁམས་སུ་འཁྲུགས། །མཁྲིས་པ་འབར་བ་མེ་ཡི་ཁམས་སུ་འཁྲུགས། །བད་ཀན་སྲ་འཐིབས་ས་ཡི་ཁམས་སུ་འཁྲུགས། །ཁྲག་ནི་སྡུད་བྱེད་ཆུ་ཡི་ཁམས་སུ་འཁྲུགས། །ཞེས་དང་།དང་པོ་ནད་ཀྱི་རྒྱུ་རྐྱེན་མ་རིག་པ། །མ་རིག་ཉོན་མོངས་དུག་ལྔ་དུག་གསུམ་སྟེ། །དུག་གསུམ་རྒྱུ་ལ་ནད་ཀྱི་རྒྱུ་བཞི་ལྡང་། །རླུང་མཁྲིས་བད་ཀན་ཁྲག་ནད་འདུ་བ་བཞི། །ཞེ་སྡང་མེ་ལྟར་འབར་བའི་རྒྱུ་རྐྱེན་ལས། །མཁྲིས་པ་ལས་གྱུར་བརྒྱ་དང་རྩ་གཅིག་ལྡང་། །འདོད་ཆགས་ཆུ་ལྟར་འཁོལ་བའི་རྒྱུ་རྐྱེན་ལས། །ཁྲག་ལས་གྱུར་པའི་བརྒྱ་དང་རྩ་གཅིག་ལྡང་། །གཏི་མུག་མུན་ལྟར་གཏིབ་པའི་རྒྱུ་རྐྱེན་ལས། །བད་ཀན་ལས་གྱུར་བརྒྱ་དང་རྩ་གཅིག་ལྡང་། །ང་རྒྱལ་རླུང་ལྟར་འཚུབས་པའི་རྒྱུ་རྐྱེན་ལས། །རླུང་ལས་གྱུར་པའི་བརྒྱ་དང་རྩ་གཅིག་ལྡང་། །དེ་ལྟར་འདུ་བ་བཞི་བརྒྱ་རྩ་བཞི་སྟེ། །ཞེས་རྒྱུ་མ་རིག་པ་ལས་དུག་གསུམ་འདུ་བ་བཞི་བསྐྱེད་ཅིང་དེ་ལས་འདུ་བ་རླུང་མཁྲིས་བད་ཀན་ཁྲག་གི་ནད་རིགས་བཞི་བརྒྱ་རྩ་བཞི་བསྐྱེད་ཚུལ་སོགས་སྤྱིར་བཏང་གི་ཉེས་པའི་བཤད་པ་དང་ཡེ་ནས་མི་མཚུངས་པའི་ཐུན་མིན་གྱི་བཞེད་ཚུལ་བསྟན་ཡོད་པ་དེའང་བོད་ཀྱིས་ཉེས་གསུམ་ལ་ངོས་འཛིན་གནང་བའི་དམིགས་བསལ་གྱི་རིགས་ལམ་ཞིག་ཏུ་བཞག་ཆོག་གོ །
            ལྷག་པར་བོད་ལུགས་སུ་མིའི་ལུས་ཁམས་ཀྱི་ཉེས་པ་གསུམ་ཤས་ཆེ་ཆུང་དབང་གིས་མིའི་གཤིས་ཀ་དང་། ཁམས་དབང་། སེམས་ཁམས། སྨན་དཔྱད་ཀྱི་མྱོང་ཚོར། ཁྲག་གི་རང་བཞིན། ཐ་མལ་རྟེན་གྱི་རྩ་རྒྱུད། ཚ་གྲང་གི་དྲི་ཆུ། ཕོ་མོ་མ་ནིང་གི་རུས་པ། མགོ་དབྱིབས་དང་ཀླད་རིགས། ན་ཚོད། དབང་པོའི་ཁྱད་པར་སོགས་ཆེ་བ་ཤ་རུས་པགས་པ་ནས་ཆུང་བ་སྐྲ་སེན་བ་སྤུ་སོགས་ཀྱིས་མཚོན་པའི་ལུས་ཁམས་ཀྱི་གྲུབ་ཚུལ་དང་བྱེད་ལས་མཐའ་དག་ཉེས་གསུམ་ལ་རག་ལས་ཚུལ་གྱི་རྒྱུ་མཚན་གསལ་བོ་གཏན་ཚིགས་དང་མཐུན་པར་སྨོས་པ་ཡིས།  ཉེས་གསུམ་གྱི་བཤད་པ་དེ་ཚེ་རིག་གཞུང་གི་སྤྱིར་བཏང་གི་བཤད་སྒྲོས་ལས་བརྒལ་ཏེ་རིགས་ཤེས་རྣམ་བཞག་གི་མཐོ་ཚད་གསར་བ་ཞིག་ཏུ་སླེབས་ཡོད་དོ། །དེའི་ཕྱིར་ཕྲན་གྱི་དཔྱད་སྣང་ལས་དཔེ་མཚོན་འདི་འདྲ་ཞིག་བློ་ལ་ཡང་ཡང་སྐྱེས་ཏེ།  ཚེ་རིག་གཞུང་གི་འབྱུང་བ་དང་ཉེས་གསུམ་གྱི་བཤད་པ་དེ་ཆེར་མ་རྒྱས་པའི་མྱུ་གུ་ཕྲ་མོ་ཞིག་ཡིན་པའི་དབང་དུ་བཏང་ན། བོད་ལུགས་གསོ་རིག་གི་འབྱུང་བཞིའི་ངོས་འཛིན་དང་ཉེས་གསུམ་གྱི་རྣམ་བཞག་ནི་མྱུ་གུ་རྒྱས་ནས་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པའི་མཐོ་སྒང་གི་ཁྱད་ཆོས་ལྡན་པའི་གསོམ་སྡོང་སྔོན་མོ་ཞིག་ཏུ་འཁུམས་པར་སེམས།  འོན་ཀྱང་འོ་སྐོལ་རྣམས་ལོ་རྒྱུས་དངོས་གཙོ་སྨྲ་བ་དག་ཡིན་པའི་ཐད་ནས་ཚན་རིག་གི་ལྟ་བས་གཟབ་ནན་ངང་བཤད་ན། བོད་གཞུང་དུ་དྲངས་པའི་ཉེས་གསུམ་ལུགས་ཀྱི་ངོ་བོའི་ཆར་འགྱུར་ལྡོག་བྱུང་མེད་པ་དེ་དང་།  ཉེས་གསུམ་རྣམ་བཞག་གི་ཆེས་ཐོག་མའི་ཁུངས་ནི་ཚེ་ཡི་རིག་བྱེད་ཡིན་ཞིང་རྒྱ་གར་གསོ་དཔྱད་ལུགས་ཀྱི་རྩ་བའི་དགོངས་དོན་ལགས་པ་རྣམས་ཁས་མི་ལེན་རང་ལེན་བྱེད་དགོས་སྙམ།  
གསུམ་པ། རིག་སྒོ་གཉིས་ལས་གསུངས་པའི་ “ཡན་ལག་བརྒྱད”སྐོར་གྱི་དཔྱད་གླེང་།
            སྤྱིར་ཡན་ལག་བརྒྱད་ཅེས་པ་ནི་གསོ་བའི་ཡུལ་སྤྱི་ལ་བལྟོས་ནས་བཤད་པ་ཞིག་སྟེ། སྨན་པས་གསོ་བར་བྱ་བའི་ཡུལ་གྱི་ནད་དེ་རྩ་བ་ལུས་ཀྱི་ཚུལ་དུ་བཞག་ཅིང་ནད་ཀྱི་སྡེ་ཚན་མི་འདྲ་བ་རྣམས་ལུས་ལས་གྱེས་པའི་ཡན་ལག་གི་ཚུལ་དུ་བཀོད་པ་དང་། དེའང་ཡན་ལག་གི་གྲངས་གཅིག་ལས་མི་ཉུང་ཞིང་ཕྱེད་ལས་མི་མང་བར་བརྒྱད་ཅེས་ངེས་པ་ཅན་དུ་ཕྱེས་པ་ནི་གནའ་བོའི་རྒྱ་གར་རིག་གནས་ཀྱི་རྒྱབ་ལྗོངས་ལ་འབྲེལ་བ་ཡོད་པར་འདོད་དེ།  ཚེ་རིག་གཞུང་དུ་ནད་ཀྱི་རྣམ་འགྱུར་ཕྲ་མོ་དང་། སྨན་གྱི་སྦྱོར་བའམ་ཚད་གཞི་སོགས་གྲངས་བརྒྱད་ལ་སྦྱར་བ་ཤིན་ཏུ་མང་ཚུལ་བརྒྱད་པའི་སྙིང་བསྡུས་ལ་ལན་ཙམ་མཇལ་བས་ཀྱང་རྟོགས་ཐུབ་པའི་ཕྱིར། རྒྱ་གར་དུ་ཆེས་སྔ་མོའི་རིག་བྱེད་ཀྱི་དུས་ནས་བཟུང་ནད་སྡེ་ཡན་ལག་བརྒྱད་དུ་ཕྱེས་ནས་འཆད་པ་ནི་འཛམ་གླིང་གསོ་དཔྱད་རིག་པའི་སྔོན་ཐོན་གྱི་ཆ་ཞིག་སྟེ།  དེང་རབས་གསོ་རིག་ཚན་རིག་ལ་ཐོད་བརྒལ་གསར་བ་འབྱུང་བཞིན་པའི་ད་ལྟའི་དུས་ནའང་ནད་རིགས་ལ་ནང་གསེས་དང་ཡང་གསེས་ཀྱི་ཁྱད་པར་དང་དེ་བཞིན་བྱེ་བྲག་ཕྲ་མོ་བཀར་དང་དགར་བཞིན་པ་རྣམས་དོན་གྱི་ངོ་བོའི་སྟེང་ནས་བཤད་ན་ནད་ལ་སྡེ་ཚན་ཕྱེས་པའི་རིགས་སྲོལ་ལས་འདའ་ཐུབ་མེད་པས་སོ། །   
            ཡན་ལག་བརྒྱད་ནི་རྒྱ་གར་དུ་སྤྱི་ལོ་སྔོན་གྱི་ལོ་ཉིས་སྟོང་ཡས་མས་ཀྱི་དུས་སྐབས་ཏེ་ཚེའི་རིག་བྱེད་ཐོག་མར་དར་བའི་དུས་སྐབས་ནང་བྱུང་བའི་རིགས་ལམ་ཤིག་དང་རྒྱ་གར་གསོ་དཔྱད་ཀྱི་སྲོག་ཤིང་ལྟ་བུ་ཞིག་ཏུ་གྱུར་ཡོད་ཚོད་སྐད།  མིག་སྔའི་དཔྱད་ཡིག་ལྟར་ན་ཚེའི་རིག་བྱེད་ལས་གསུངས་པའི་ཡན་ལག་བརྒྱད་ཀྱི་གྲངས་འདྲེན་ལུགས་ཀྱང་དཔལ་ལྡན་རྒྱུད་བཞི་དང་ཧེ་བག་ཅུང་ཟད་མཆིས་ཏེ། ཇི་སྐད་དུ། སྙིང་པོ་བསྡུས་པར། ལུས་དང་བྱིས་པ་གདོན་ལུས་སྟོད། །མཚོན་དང་མཆེ་བ་རྒས་རོ་ཙ། །གསོ་དཔྱད་གང་ལ་གནས་པ་ཡི། །ཡན་ལག་བརྒྱད་དུ་དེ་བཤད་དོ།  །ཞེས་བོད་ལུགས་ཀྱི་མོ་ནད་གསོ་བའི་ཚབ་ཏུ་ལུས་སྟོད་ཀྱི་ནད་རིགས་བགྲང་ཡོད་པ་མ་ཟད། ནམ་ཚོང་ཡན་ཆད་གཏོགས་པའི་ནད། །ཉིས་བརྒྱ་སུམ་ཅུ་རྩ་གཅིག་ཡིན། །དེ་དག་ཕན་ཚུན་མ་འདྲེས་པར། །རྒྱ་ཆེར་རབ་ཏུ་བཤད་པ་ཡིན། །དྲང་སྲོང་རྣམས་ཀྱིས་སྐྱེས་བུའི་མགོ །རྩ་བ་འོག་ནི་ཡལ་གར་བཤད། །དེ་ཕྱིར་རྩ་བ་ལ་གནོད་པའི། །ནད་ནི་མྱུར་དུ་གསོ་བར་བྱ། །གང་ལ་དབང་པོ་ཀུན་རྟེན་ཞིང་།།གང་ལ་སྲོག་ནི་གནས་བྱེད་པས།།དེས་ན་ཡན་ལག་དམ་པ་ཡི།།སྲུང་བ་ལ་ནི་འབད་པར་བ། །ཞེས་སྙིང་པོ་བསྡུས་པའི་ལུས་སྟོད་གསོ་བའི་མཇུག་བྱང་གི་ཚུལ་དུ་མགོ་ནད་གསོ་དགོས་པའི་དོན་སྙིང་ངམ་ཡན་ལག་གཞན་ལས་གལ་ཆེན་ཡིན་ཚུལ་ཆེས་ཁ་གསལ་དུ་གསུངས་པ་ལྟར་རོ། །བོད་ལུགས་གསོ་རིག་ཏུའང་རྒྱ་གར་བའི་ཡན་ལག་བརྒྱད་ཀྱི་སྲོལ་ཤུགས་ལས་ཡན་ལག་བརྒྱད་ཅེས་པའི་མིང་ལ་བརྟེན་ནས་གསོ་རིག་གི་བསྟན་བྱ་སྟོན་ཁུལ་བྱས་ཡོད་པ་རྒྱུད་ལས།  རྒྱུད་བཞི་བསྡོམས་པས་བརྒྱ་དང་ལྔ་བཅུ་བཞི།  །མཇུག་དོན་ཡོངས་སུ་གཏད་དང་ལྔ་བཅུ་དྲུག །དེ་དག་ཡན་ལག་བརྒྱད་དུ་འདུས་པ་སྟེ། །ལུས་ལ་བདུན་ཅུ་བྱིས་པ་མོ་ནད་དང་། །དུག་གསུམ་གདོན་ལྔ་རྨ་ལྔ་བཅུད་ལེན་གཅིག །རོ་ཙ་ལ་གཉིས་རྒྱུད་གསུམ་སྤྱི་ཁྱབ་ཡིན། །ཞེས་པ་ལྟར་དང་། དེའི་ཚིག་ཟོལ་ལ་བལྟས་པས་ཡན་ལག་བརྒྱད་བོད་ལུགས་གསོ་དཔྱད་ཀྱི་སྒྲོམ་གཞི་ལྟ་བུ་ཞིག་ཏུ་གྱུར་ཡོད་པར་སྙམ་ཡང་དོན་སྟེང་ནས་དཔྱད་པས་ཡན་ལག་བརྒྱད་ཀྱི་ངོ་བོར་འགྱུར་ལྡོག་ཐེབས་ཏེ་རྣམ་པ་གཞན་ཞིག་ཏུ་གྱུར་འདུག་པ་ག་ལེར་ཤེས་ཏེ། ཡན་ལག་བརྒྱད་ནི་གསོ་བ་ནད་ཀྱི་སྒོ་ནས་གསུངས་པ་ཡིན་ལ། བོད་ལུགས་སུ་རྒྱུད་ལས་ནད་གསོ་བ་ནི་གསུམ་པ་མན་རྒྱུད་ཡིན་པ་དང་།  མན་ངག་རྒྱུད་ནི་དངོས་བསྟན་དུ་ཉེས་གསུམ་གསོ་བ་སོགས་སྐབས་བཅོ་ལྔའི་སྒོ་ནས་གསུངས་པ་ཤ་སྟག་ལགས་པས།རྒྱ་གར་བའི་ཡན་ལག་བརྒྱད་ཀྱི་བཤད་སྲོལ་དེ་བོད་ཀྱི་གསོ་བ་རིག་པའི་ནང་དུ་རང་སའི་དོན་དངོས་དང་ཟུང་འབྲེལ་བརྒྱུད་བོད་ལུགས་ཀྱི་ཁྱད་ཆོས་ལྡན་པའི་སྐབས་བཅོ་ལྔའི་ཕྱོགས་སུ་གོང་མཐོར་ཕྱིན་ཅིང་།   དེ་ནས་བཟུང་རྒྱུད་འགྲེལ་མན་ངག་དང་བཅས་པའི་ལག་ལེན་གྱི་སྐབས་གང་ནའང་ནད་ཐོག་གི་བརྗོད་བྱ་རྣམས་སྐབས་བཅོ་ལྔའི་སྒོ་ནས་འཆད་པའི་སྲོལ་ཤུགས་ཆེ་རུ་སོང་བ་དང་། རིགས་པའི་གཞུང་ལུགས་ཀྱི་བརྗོད་བ་རྣམས་གནས་བཅུ་གཅིག་གམ་ཡང་ན་རྩ་བྱ་བཞི་དང་ཡན་ལག་བཅུ་གཅིག དམར་ཁྲིད་ལག་ལེན་གྱི་སྐོར་རྣམས་མདོ་བཞི་རུ་བསྡུས་པའི་འཆད་ལུགས་བྱུང་བ་སོགས་ཡན་ལག་བརྒྱད་ཀྱི་རིགས་ལམ་ལ་རང་བཞིན་གྱིས་ཚད་བཀག་ཐེབས་ནས་ངང་ངམ་ཤུགས་སུ་ཅུང་མོག་མོག་པོའི་ཚུལ་དུ་གྱུར་འདུག་པར་བལྟས་ཆོག་སྙམ།  
            དུས་ཕྱིས་བོད་ལུགས་སུ་རྒྱ་གར་བའི་ཤུགས་རྐྱེན་ལ་བརྟེན་ནས་ཡན་ལག་བརྒྱད་ཀྱི་དབྱེ་ཚུལ་མི་འདྲ་བ་དག་ཀྱང་བྱུང་ཡོད་དེ།  དགེ་རྒན་ཆེན་མོ་དབང་འདུས་མཆོག་གིས་མཛད་པའི་གསོ་བ་རིག་པའི་ཚིག་མཛོད་གཡུ་ཐོག་དགོངས་རྒྱན་ལས།  གཞན་ཡང་སྨན་ལ་ཡན་ལག་བརྒྱད་དང་།  ནད་ལ་ཡན་ལག་བརྒྱད།  གསོ་དཔྱད་ལ་ཡན་ལག་བརྒྱད་དུ་དབྱེ་ཚུལ་ཡང་མཆིས་ཏེ།  སྔར་རྗེ་བཙུན་གཡུ་ཐོག་ཪྙིང་མ་ཡོན་ཏན་མགོན་པོ་ལ་དོལ་པོའི་སྨན་པ་ཁྱོམ་མ་རུ་རྩེས་ཞུས་པ།  གསོ་བ་རིག་པ་ལ་སྨན་ཡན་ལག་བརྒྱད། ནད་ཡན་ལག་བརྒྱད། གསོ་དཔྱད་ཡན་ལག་བརྒྱད་པ་ཟེར་བ་གང་ཡིན་ཞུས་པས།   གཡུ་ཐོག་ཆེན་པོས་འདི་སྐད་ཅེས་གསུངས་སོ། །གསོ་བ་ཕན་དང་ནད་སེལ་དང་། །སྦྱོར་བ་སྨན་དང་རྩི་དང་ནི། །ཞི་བར་བྱེད་དང་སྔགས་ཟླས་དང་། །འདི་དག་སྨན་གྱི་ཡན་ལག་བརྒྱད། །ལུས་དང་བྱིས་པ་མོ་ནད་གདོན།  །རོ་ཙ་མཚོན་རྨ་དུག་ནད་དང་།  །རྒས་པ་ནད་ཀྱི་ཡན་ལག་བརྒྱད།  །ལུས་ནད་གསོ་དང་བྱིས་པ་གསོ།  །མོ་ནད་གདོན་དང་མཚོན་རྨ་གསོ། །རྒས་དང་རོ་ཙ་དུག་ནད་གསོ། །གསོ་དཔྱད་ཡན་ལག་བརྒྱད་པའོ། །ཞེས་གསུངས་པ་སོགས་མདོར་ན་ཡན་ལག་བརྒྱད་ཀྱི་རིགས་སྒོ་ལ་བརྟེན་ནས་ནད་རིགས་གསོ་བཅོས་ཀྱི་ཐབས་སྟོན་པ་ནི་གནའ་དུས་ནས་དར་བའི་རྒྱ་གར་ཚེའི་རིག་བྱེད་གཞུང་གི་སྒྲོམ་གཞི་ཞིག་ཡིན་པ་དང་།    བོད་ལུགས་སུ་རིགས་པའི་གཞུང་ལུགས་སྐབས་བཏགས་པ་མིང་གི་ངོས་ནས་གསོ་བ་ནད་སོགས་ཡན་ལག་བརྒྱད་དུ་བསྡུ་སྲོལ་ཡོད་པ་ཙམ་མ་གཏོགས་དོན་དངོས་སུ་དེ་འདྲ་གཙིགས་ཆེན་ཞིག་ཏུ་བཟུང་མེད་པར་འདོད་པས་སླད་དཔྱོད་ལྡན་རྣམས་ཀྱིས་དཔྱད་པར་འཚལ།།
བཞི་པ། གཞུང་ལུགས་ཀྱི་རྩ་བའི་རིགས་ལམ་ཐོག་ནས་རིག་སྒོ་གཉིས་ཀྱི་འབྲེལ་བ་བརྗོད་པ།
            གངས་ཅན་སཱ་ལའི་ལྗོངས་ཀྱི་གསོ་དཔྱད་རིག་པ་དང་རྒྱ་གར་ཚེའི་རིག་བྱེད་གཉིས་ཀ་འཛམ་གླིང་གི་ཤར་ཕྱོགས་རིག་གནས་སུ་གཏོགས་པ་དང་སྲོལ་རྒྱུན་གསོ་རིག་ཡིན་པས་མི་ཚད།  རིག་སྒོ་གཉི་གའི་གཞུང་ལུགས་ཀྱི་རྒྱབ་ལྗོངས་སངས་རྒྱས་ཆོས་ལུགས་ལ་འབྲེལ་ཞིང་ལོ་རྒྱུས་སྟེང་རྒྱ་གར་དང་བོད་མི་བར་ཤེས་རིག་བརྗེ་སྤེལ་གྱི་འབྲེལ་འདྲིས་ཟབ་པ་སོགས་ཀྱི་དབང་གིས། བོད་དང་རྒྱ་གར་གསོ་དཔྱད་གཉིས་ལ་གཞན་དང་མི་མཚུངས་པའི་འབྲེལ་བ་ཡོད་པ་ནི་མང་མང་གིས་ཁས་འཆེས་བའི་དོན་དངོས་ཀྱི་གནས་ཚུལ་ཞིག་རེད།  དེ་དང་ཆབས་ཅིག་བོད་དང་རྒྱ་གར་གཉིས་ཀྱི་ས་ཁམས་ཁོར་ཡུག་དང་།    བསམ་བློའི་འདུ་ཤེས།  འཚོ་བའི་གོམས་སྲོལ། ནད་ཀྱི་རིགས་དབྱེ། སྨན་བཅོས་ཐབས་ལམ་སོགས་མི་གཅིག་པའི་སྟབས་ཀྱིས་རང་རང་སོ་སོའི་ཐུན་མིན་གྱི་ཁྱད་ཆོས་དང་།  རང་སྐྱ་ཕེར་བའི་རིགས་ལམ།  ནད་བརྟག་སྨན་དཔྱད་ཀྱི་ཁྱད་པར་བཅས་ཡོད་པའང་སྨོས་མ་དགོས། འདིར་གཞུང་ལུགས་གཉིས་ཀྱི་རྩ་བའི་རིགས་ལམ་སྟེང་ནས་རིག་སྒོ་གཉིས་ཀྱི་འབྲེལ་བ་རགས་ཙམ་བརྗོད་པར་བྱ་སྟེ།  ཅིའི་ཕྱིར་བོད་ཀྱི་གསོ་བ་རིག་པའི་གཞུང་མན་ངག་ཀུན་གྱི་ཕྱི་མོར་གྱུར་པ་དཔལ་ལྡན་རྒྱུད་བཞིའི་ངོས་ནས་བཤད་ན། རྒྱ་གར་ཚེའི་རིག་བྱེད་གཞུང་དང་མཐུན་ས་མང་ཞིང་འབྲེལ་བ་ཟབ་ས་ནི་རིགས་པའི་གཞུང་ལུགས་ཀྱི་དོན་རྒྱས་པར་སྟོན་པའི་བཤད་པ་སྐུའི་རྒྱུད་ལགས་པས། གཞུང་ལུགས་གཉིས་ཀྱི་འབྲེལ་བ་ཞེས་པའི་ས་བཅད་བཏོན་པ་ཡིན་ལ་དེའང་གཙོ་བོ་འབྱུང་བཞིའི་རྣམ་བཤད་ཐད་ནས་བྱིངས་ཀྱི་མཚུངས་ཆ་མཆིས་པ་དང་། ཞིབ་ཏུ་བསྡུར་བས་དེ་དག་བར་མི་འདྲ་སའང་ཡོད་ཚུལ་གོང་དུ་རང་རང་ལུགས་ཀྱི་རྩ་བའི་གཞུང་དོན་སྐོར་ལ་གསལ་བས་འདིར་དེ་གཉིས་ཀྱི་འབྲེལ་བ་ལས་ཁྱད་པར་དམིགས་ཀྱིས་མི་སྤྲོ།   དེའང་འབྱུང་བའི་བཤད་པ་ནི།  གསོ་དཔྱད་རིག་པ་དར་སྔ་བའི་འཛམ་གླིང་གི་ཤར་ནུབ་མི་རིགས་གང་ཡིན་ཡང་གསོ་བ་རིག་པའི་བསྟན་དོན་ལ་འགྲེལ་བྱེད་ཀྱི་ལག་ཆ་གཙོ་བོ་ཞིག་ཏུ་གྱུར་ཡོད་པ་དང་།   རྒྱ་གར་ཚེའི་རིག་བྱེད་གཞུང་དང་བོད་ལུགས་གསོ་རིག་གཉིས་ཀ་མཚུངས་པར་ཐོག་མར་ལུས་ཀྱི་ཕུང་བོའི་ཁམས་འབྱུང་བའི་ཆ་རྡུལ་ལས་གྲུབ་པར་ངོས་འཛིན་དང་དེ་ནས་གཉེན་པོ་སྨན་སོགས་ལའང་སྦྱར་ཡོད་ལ།  དེ་ལྟ་བུའི་འབྱུང་བའི་གྲངས་འཇོག་སྟངས་ཀྱང་ཤིང་མེ་ས་ལྕགས་ཆུ་བཅས་རྒྱ་ནག་གི་ཁམས་ལྔའི་བཤད་པ་སོགས་དང་མི་གཅིག་པར་ས་ཆུ་མེ་རླུང་ནམ་མཁའ་སྟེ་ལྔ་དང་དེ་ལས་ནམ་མཁའ་ནི་འབྱུང་བ་གཞན་ལ་སྤྱི་ཁྱབ་ཚུལ་གྱིས་གནས་པའི་དབང་གིས་སྤྱིར་བཏང་འབྱུང་བ་བཞི་རུ་བསྡུ་སྲོལ་ཡོད་པ་བཅས་ནི་རྒྱ་གར་དང་བོད་གཉིས་ཀྱི་འདྲ་ས་དང་འབྲེལ་བ་ཡིན་པ་མ་ཟད། འབྲེལ་བ་དེ་ནི་སྤྱི་ལོ་དུས་རབས་བདུན་པའི་ཡས་མས་ནས་རྒྱ་གར་གྱི་སངས་རྒྱས་ཆོས་ལུགས་ཁྱོན་ཡོངས་ནས་བོད་ལ་ནང་འདྲེན་བྱེད་པའི་དུས་སྐབས་ནང་གནའ་བོའི་ཞང་བོད་ལུགས་ཀྱི་འབྱུང་བའི་བཤད་པར་ཤུགས་རྐྱེན་ཆེན་པོ་ཐེབས་ཏེ་ནང་པའི་ལུགས་ཀྱི་་འབྱུང་བའི་རྣམ་བཤད་ཅིག་ཏུ་གྱུར་པ་དང་ཆབས་ཅིག་བོད་ཀྱི་གསོ་དཔྱད་ཏུ་བཀོལ་སྤྱོད་བྱས་པ་ཡིན་པ་ནི་རྗེས་དཔག་རིག་པའི་སྲང་ལ་འཇལ་ནས་དཔྱད་ཚེ་དེ་འདྲའི་རྟོགས་དཀའ་བ་ཞིག་ག་ལ་ཡིན།  
            དེ་མིན་མིག་སྔའི་དཔྱད་ཡིག་དང་ལོ་རྒྱུས་ཡིག་ཚང་ལྟར་ཉེས་གསུམ་རྣམ་བཞག་གི་ཐོག་མའི་འབྱུང་ཁུངས་ཐད་ནས་བཤད་ན། ཉེས་གསུམ་གྱི་རིགས་ལམ་འདི་བཞིན་རྒྱ་གར་བས་དང་ཐོག་ནད་ཁམས་ཀྱི་གནས་ལུགས་ལ་འགྲེལ་བཤད་བརྒྱུད་ནས་བྱུང་བ་དང་། བོད་ལུགས་སུའང་། ཉེ་རྒྱུ་རླུང་དང་མཁྲིས་པ་བད་ཀན་གསུམ། །རྣམ་པར་མ་གྱུར་ནད་ཀྱི་རྒྱུར་འགྱུར་ལ། །རྣམ་འགྱུར་མ་སྙོམས་ནད་ཀྱི་ངོ་བོ་ཡིན། །ཞེས་པ་བཞིན་ནད་ཀྱི་རྒྱུ་དང་ངོ་བོ་གཉི་ག་ཉེས་གསུམ་སྟེང་བཞག་ཡོད་པ་དེ་ལྟར་དང་། བོད་དང་རྒྱ་གར་ལུགས་གཉིས་ཀས་ཉེས་གསུམ་གྱི་བྱེད་ལས་དང་ནང་གསེས་ཀྱི་དབྱེ་བ་སོགས་གསུངས་སྐབས་གཅིག་ཏུ་འཁུམས་པ་ནི། ཇི་སྐད་དུ་སྙིང་པོ་བསྡུས་པ་ལས། དེ་རླུང་དབུགས་འབྱུང་དབུགས་རྔུབ་དང་། །བསྐྱོད་དང་ལས་སྤྱོད་ཤུགས་འབྱིན་དང་། །ལུས་ཟུངས་ལེགས་པར་རྒྱུ་བ་དང་། །དབང་པོ་རྣམས་ནི་གསལ་བ་དག །མི་གནོད་པ་ནི་རྗེས་འཛིན་ཡིན། །མཁྲིས་པ་འཇུ་དྲོད་མཐོང་བྱེད་དང་།   །བཀྲེས་སྐོམ་ཟས་ལེན་མདངས་ཡིད་གཞུངས། །བློ་ལྡན་དཔའ་སྙིང་ལུས་འཇམ་པས། །བད་ཀན་བརྟན་ཞིང་སྣུམ་ཉིད་དང་། །ཚིགས་འབྲེལ་བཟོད་ལ་སོགས་པ་ཡིན། །ཞེས་དང་། ཉེས་གསུམ་བྱེ་བྲག་གི་བྱེད་ལས་ནི། རླུང་ནི་སྲོག་སོགས་དབྱེ་བ་ཡིན། །ལྔ་ཡི་བདག་ཉིད་འདིར་སྲོག་ནི། །སྤྱིར་གནས་བྲང་དང་གྲེ་བར་རྒྱུ། །བློ་དང་དབང་པོ་སེམས་འཛིན་བྱེད། །མཆིལ་འདོར་སྦྲིད་འབྱུང་སྒྲེག་པ་འདོན། །དབུགས་རྔུབ་ཟས་ནི་མིད་པར་བྱེད། །གྱེན་རྒྱུའི་གནས་ནི་བྲང་ཡིན་ཏེ། །སྣ་དང་ལྕེ་དང་ལྐོག་མར་རྒྱུ། །ཚིགས་འབྱིན་འབད་རྩོལ་མདངས་དང་ནི།  །སྟོབས་དང་ཁ་དོག་དྲན་ལས་བྱེད།  །ཁྱབ་བྱེད་སྙིང་གནས་ལུས་ཀུན་ལ།   །མ་ལུས་ཁྱབ་ཅིང་རབ་ཏུ་མགྱོགས།   །འགྲོ་དང་འདེགས་དང་འཇོག་པོ་དང་། །མིག་འབྱེད་འཛུམས་པ་ལ་སོགས་པ། །ལུས་ཅན་བྱ་བ་ཕལ་ཆེར་ནི། །དེ་ལ་རག་ནི་ལས་པ་ཡིན། །མཉམ་གནས་མེ་དྲོད་ཉེ་བར་གནས། །ནང་གྲོལ་ཀུན་ཏུ་རྒྱུ་བ་ཡིན། །བྱ་བ་ཟས་ལེན་འཇུ་བ་དང་། །དྭངས་སྙིགས་འབྱེད་ཅིང་འདོར་བར་བྱེད། །ཐུར་སེལ་གཞང་གནས་འདོང་མོ་དང་། །ལྒང་བ་ཕོ་མཚན་བརླ་ནང་རྒྱུ། །བྱ་བ་ཁུ་བ་ཟླ་མཚན་དང་། །བཤང་གཅི་མངལ་གནས་འབྱིན་པར་བྱེད། །ཅེས་དང་། ཟས་ནི་འཇུ་དང་དེ་བཞིན་དུ། །དྭངས་མ་ཚིགས་མ་འབྱེད་པར་བྱེད།  །དེར་གནས་བཞིན་དུ་མཁྲིས་པ་ནི།  །ལྷགས་མ་རྣམས་ཀྱི་གྲོགས་བྱེད་པས། །སྟོབས་བསྐྱེད་པ་ཡིས་བྱེད་འགྱུར་བས། །དེ་ནི་འཇུ་བྱེད་ཅེས་བཤད་དོ། །མཁྲིས་པ་མ་ཞུའི་གནས་ལ་བརྟེན། །དངས་མདོག་བསྒྱུར་བས་དམར་བསྒྱུར་ཡིན།  །མཁྲིས་པ་སྒྲུབ་བྱེད་སྙིང་ལ་གནས།  །བློ་དང་ཡིད་གཞུངས་ང་རྒྱལ་སོགས། །མངོན་འདོད་དོན་ནི་སྒྲུབ་བྱེད་པས། །མིག་ལ་གནས་ཏེ་གཟུགས་མཐོང་བྱེད།  །མཐོང་བྱེད་ཅེས་བཤད་མདོག་གསལ་ནི།  །པགས་མདོག་གསལ་བྱེད་པགས་པར་གནས། །ཞེས་དང་། བད་ཀན་ལྷག་མའི་གནས་གྱུར་པའི། །རྟེན་ནི་གང་ཕྱིར་བྱེད་གྱུར་པས། །དེ་ཕྱིར་རྟེན་བྱེད་ཅེས་བཤད་དོ། །གང་ཞིག་མ་ཞུའི་གནས་ལ་གནས། །དེ་ནི་ཟས་སོགས་འདྲུལ་བྱེད་པས། །མྱགས་བྱེད་ཅེས་ནི་བཤད་པ་ཡིན། །མྱོང་བྱེད་ལྕེར་གནས་རོ་ཚོར་བྱེད། །བརྟས་བྱེད་མགོར་གནས་དབང་པོ་ནི། །ཚིམ་པར་བྱེད་དེ་འབྱོར་བྱེད་ནི། །ཚིགས་ལ་གནས་ནས་འབྱོར་བར་བྱེད། །ཅེས་གསུངས་པ་སྟེ། གོང་དུ་འཁོད་པའི་རིགས་འགྲོས་དེ་དག་ལས་རྒྱ་གར་དང་བོད་གཉིས་ཀྱི་རྣམ་པར་གྱུར་མ་གྱུར་སྐབས་ཀྱི་ཉེས་གསུམ་ངོས་འཛིན་གྱི་དགོངས་པའི་ཆུ་བོ་གཅིག་ཏུ་འདྲེས་ཤིང་ཕན་ཚུན་ཤན་ཞུགས་ཀྱི་འབྲེལ་བ་དེ་སྤྱིར་བཏང་ཙམ་མ་ཡིན་ཚུལ་ཚོར་ནུས་སོ། ། 
            དེ་བཞིན་རྒྱ་བོད་གཞུང་གཉིས་སུ་གསུངས་པའི་ཡན་ལག་བརྒྱད་ཀྱི་རིགས་ལམ་དང་།  ལུས་ཟུངས་བདུན་དང་དྲི་མ་གསུམ་གྱི་ངོས་འཛིན།  ལུས་ཁམས་ཆགས་ཚུལ་ལས་ཁུ་ཁྲག་སེམས་གསུམ་གྱི་བཤད་པ།  ནད་རིགས་འཕེལ་ཟད་ཀྱི་དབྱེ་སྒོ། སྨན་གྱི་རོ་ནུས་བཤད་པའི་གཏན་ཚིགས། ཐ་མལ་ནད་མེད་སྐོར་གྱི་རྩ་དོན་སོགས་ཕྱོགས་མང་པོ་ཞིག་ནས་རིག་སྒོ་གཉིས་དབར་དུ་མཚུངས་ཆོས་དང་གཞན་ལ་མེད་པའི་འབྲེལ་བ་ཟབ་མོ་མཆིས་པ་ལྡོག་མེད་ཀྱི་བདེན་དོན་ཞིག་ཏུ་གྲུབ་འདུག་པར་བདག་གིས་འདོད་དོ།  །འོན་ཀྱང་རྩ་བའི་རིགས་ལམ་དེ་དག་བར་དམིགས་ཀྱིས་སེལ་ནུས་ཚེ་ཞིབ་རྩིང་གི་ཁྱད་པར་དང་།  རྒྱས་བསྡུས་ཀྱི་ཧེ་བག འཐུས་སྨིན་བྱུང་ཡོད་མེད་ཀྱི་བར་ཁྱད་ཀྱང་མང་དུ་སྣང་བ་སོགས། མདོར་ན་དེང་རབས་གསོ་རིག་གི་ཐོག་མའི་ཕ་ས་དེ་གྷི་རི་སི་ཡིན་ཀྱང་དུས་ཕྱིས་ཆེས་ཆེར་འཕེལ་འགྱུར་བྱུང་ནས་དེང་རབས་གསོ་རིག་ཚན་རིག་གི་ངོ་བོར་འགྱུར་ས་དེ་རཱོ་མ་དང་དབྱིན་ཇི་སོགས་ཡོ་རོབ་རྒྱལ་ཁབ་གཞན་ཡིན་པའི་དཔེ་དེ་བཞིན་དུ།   རྒྱ་གར་ནས་བྱུང་བའི་ཉེས་གསུམ་སོགས་སྲོལ་རྒྱུན་གསོ་དཔྱད་ཀྱི་རྩ་བའི་རིགས་ལམ་སྐོར་བོད་དུ་སྔར་མེད་ཀྱི་དར་རྒྱས་དང་འགྱུར་ལྡོག་བྱུང་སྟེ་རྒྱ་བོད་གཉིས་འདྲེས་ཀྱི་མདོ་དབུས་མཐོ་སྒང་རང་བཞིན་གྱི་རིགས་པའི་གཞུང་ལུགས་ཤིག་ཏུ་གྱུར་འདུག་ཅེས་འོ་སྐོལ་རྣམས་ཀྱིས་མགྲིན་པ་གཟེངས་སུ་བཏེགས་ནས་བརྗོད་ཆོག་ཆོག་ཡིན་སྙམ།  
ལྔ་པ། བརྟག་བཅོས་ལག་ལེན་གྱི་ཁྱད་ཆོས་ཐད་ནས་རིག་སྒོ་གཉིས་ཀྱི་ཁྱད་པར་བརྗོད་པ།
            འཐུས་སྒོ་ཚང་བའི་གཞུང་ལུགས་གང་ཞིག་ཡིན་ཡང་ཐོག་མར་ལག་ལེན་ལས་བྱུང་བ་ཆོས་ཉིད་ཡིན་པ་དང་།  ལྷག་པར་གསོ་བ་རིག་པ་ནི་ལག་ལེན་གྱི་རང་བཞིན་ཆེས་ཆེར་ལྡན་པའི་རིག་ཚན་ཞིག་ལགས་པས།  དེའི་རིན་ཐང་རྣལ་མའང་མདོ་གཏད་ནས་བཤད་ན་ནད་ཐོག་ལག་ལེན་གྱི་ཕན་འབྲས་དང་སྨན་བཅོས་ཕན་འབྲས་ཀྱི་བཟང་ངན་ལ་རག་ལས་ཡོད་དོ།  །བོད་ཀྱི་གསོ་བ་རིག་པ་ནི་གཞུང་གི་རྩ་བའི་རིགས་ལམ་ཐད་ནས་གནའ་བོའི་རྒྱ་གར་གསོ་དཔྱད་ཀྱི་ཤུགས་རྐྱེན་ཐེབས་པ་མངོན་གསལ་ཡིན་ཡང་།    བོད་རིགས་ངལ་རྩོལ་མི་དམངས་ཀྱིས་མདོ་དབུས་མཐོ་སྒང་དུ་རང་སར་མཐོང་མང་བའི་ནད་རིགས་དང་འཐབ་རྩོད་བྱས་པའི་འབྲས་བུ་ནི་གཞུང་གང་ལེགས་འགྲུབ་ཡོང་བའི་ཆེས་འགག་གནད་ཀྱི་རྨང་གཞི་ཨ་མ་ཡིན་པ་གོར་མ་ཆག  
            དེའང་བོད་ལུགས་གསོ་རིག་ཏུ་གཞུང་ལུགས་ཀྱི་རྡོ་རྐང་བརྟན་ཞིང་ལག་ལེན་གྱི་སྤྱོད་སྒོ་ཡངས་པའི་བརྟག་པ་རྩ་ཆུ་ལྟ་བུར་མཚོན་ན། རྒྱུད་བཞིའི་མཇུག་དོན་བསྡུས་པའི་ལེའུར། བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །ཞེས་ལྕེ་ཆུར་བལྟ་བའི་མཐོང་བ་ཡུལ་རིག་གི་བརྟག་པ་དང་།  སོར་མོས་རེག་པའི་དཔྱོད་པ་དོན་རིག་གི་བརྟག་པ་གཉིས་ཀྱི་ལོ་རྒྱུས་འབྱུང་ཁུངས་དང་བཅས་གསལ་ཁ་བཏོད་ནས་སྨོས་པ་སྟེ། རྩ་ཆུའི་བརྟག་པ་འདི་ནི་གནའ་དེང་ཕྱི་ནང་གི་གསོ་རིག་ལོ་རྒྱུས་སྨྲ་བ་རྣམས་ཕལ་ཆེར་ཞལ་མཐུན་པར་བོད་ལུགས་གསོ་རིག་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་ཚན་རིག་རང་བཞིན་ཅན་གྱི་བརྟག་ཐབས་རང་སྐྱ་ཕེར་བ་ཞིག་ཏུ་བལྟ་བ་ནི་དོན་ལ་གནས་པ་ཞིག་རེད།  ཇེ་ཞིབ་ཏུ་བཏང་ན། ཕྱི་རྒྱུད་ལས། དང་པོ་རེག་པ་རྩ་ལ་བརྟག་པ་ནི།  །ནད་དང་སྨན་པ་བརྡ་སྦྱོར་འཕྲིན་པ་རྩ།  །སྔོན་འགྲོ་ཟས་སྤྱོད་བསླབ་དང་བལྟ་དུས་བསྟན།  །བལྟ་གནས་མནན་ཚད་བལྟ་ཚུལ་ཤེས་པ་ཡིས། །ཐ་མལ་རྩ་ལ་རྩ་རྒྱུད་གསུམ་དུ་བརྟག །དུས་བཞིའི་རྩ་ལ་ཁམས་ལྔ་འབྱུང་བ་བརྩི། །ངོ་མཚར་རྩ་བདུན་ནད་མེད་མི་ལ་བལྟ། །ནད་དང་ནད་མེད་འཕར་བའི་གྲངས་ལས་དཔགས།  །སྤྱི་དང་བྱེ་བྲག་རྩ་ཡིས་ནད་ངོས་བཟུང་། །འཆི་རྩ་གསུམ་གྱིས་འཚོ་འཆི་ཁ་དམར་གདགས། །གདོན་རྩ་གློ་བུར་ཡེ་འདྲོག་རིམ་གྲོ་འབོགས། །ཚེ་རྟགས་བླ་ཡི་རྩ་ལ་བརྟག་པ་སྟེ། །སྤྱི་དོན་བཅུ་གསུམ་རེག་པའི་མདོར་བསྟན་ཡིན།  །ཞེས་རེག་པ་རྩའི་བརྟག་ཐབས་ཀྱི་བརྗོད་བྱ་ཆ་ཚང་ཞིང་གཏན་ཚིགས་དང་མཐུན་ལ་རྗོད་བྱེད་རིགས་ལམ་གྱི་གོ་རིམ་མ་འཆོལ་བར་བསྟན་པ་དང་། དྲི་ཆུའི་བརྟག་པའང་སྔོན་འགྲོའི་ཟས་སྤྱོད་བསླབ་ཚུལ་དང་། བལྟ་དུས། བལྟ་སྣོད་ཀྱི་ཁྱད་པར། དྲི་ཆུའི་གྱུར་ཚུལ་གྱི་གནས་ལུགས། ཐ་མལ་བའི་དྲི་ཆུ། ནད་ཅན་གྱི་དྲི་ཆུ།  དེ་བཞིན་འཆི་ཆུ་དང་གདོན་ཆུའི་བརྟག་ཐབས་སོགས་གསལ་བར་བསྟན་པ་མ་ཟད། ནད་ཆུའི་སྐབས།   སྤྱི་ལ་བརྟག་པའི་དུས་གསུམ་བརྟག་ཚུལ་དགུ། །དུས་གསུམ་ཚན་དེ་ངད་ཡལ་གྲང་བ་གསུམ། །ཚན་དེའི་དུས་སུ་མདོག་རླངས་དྲི་མེ་ཏོག །ངད་ཡལ་དུས་སུ་ཀུ་ཡ་སྤྲིས་མ་བརྟག །གྲང་ནས་ལྡོག་དུས་ལྡོག་ཚུལ་ལོག་རྗེས་བརྟག །ཅེས་ནད་པའི་དྲི་ཆུར་བལྟ་དུས་ཐོག་མཐའ་བར་གསུམ་དུ་སྤྱོད་བཞིན་པའི་ཐབས་ལམ་འདི་འདྲ་བ་ནི་རྒྱ་གར་ནག་གཙོས་པའི་གྲགས་ཆེ་བའི་འཛམ་གླིང་སྲོལ་རྒྱུན་གསོ་དཔྱད་རྣམས་སུ་བརྒྱ་བྱིན་མིག་གིས་བལྟས་ཀྱང་བཙལ་ཪྙེད་ཀྱི་སྐབས་དབེན་པ་དང་། བརྟག་ཐབས་འདི་ཚུལ་བཞིན་བས་པས་ནོར་འཕྱུག་མི་འབྱུང་བའི་བརྒྱ་ཆའི་ཚད་ཀྱིས་དེང་རབས་གསོ་རིག་གི་གཅིན་པའི་རྫས་འགྱུར་བརྟག་ཐབས་ཀྱི་དཔྱད་འབྲས་ལའང་ཆ་དུ་མ་ཞིག་ནས་འགྲན་བཟོད་དོ་ཞེས་སྨོས་ཀྱང་མི་རིགས་པ་ཆེར་མེད་སྙམ།   
            གཞན་མན་རྒྱུད་དུ་འཁྲུལ་གཞི་གལ་འགག་བཞི་ཡིས་དཔྱད་འཕྲང་བསལ་ཚུལ་བསྟན་པ་ནི། གསོ་བ་པོ་སྨན་པས་ནད་རིགས་ངོས་འཛིན་དང་ལྷག་ཏུ་གསོ་བཅོས་སྐབས་སུ་ནད་གཞིའི་དབྱེ་རྣམ་དཔག་ཏུ་མེད་པ་མཐའ་དག་ཚ་གྲང་གཉིས་སུ་དྲིལ་ནས་ངོས་འཛིན་གནང་དགོས་ཚུལ་གྱི་ཐུན་མིན་རིགས་ལམ་ཞིག་སྟེ། རྟགས་དང་ངོ་བོ་གཉིས་ཀ་གྲང་བ་དང་། །རྟགས་དང་ངོ་བོ་གཉིས་ཀ་ཚ་བ་དང་།  །ཕྱི་རྟགས་ཚ་ཡང་ངོ་བོ་གྲང་བ་དང་།  །ངོ་བོ་ཚ་ཡང་ཕྱི་རྟགས་གྲང་བ་ཡིན།  །ཞེས་གལ་འགག་བཞི་དང་།  གལ་འགག་བཞིའི་འཁྲུལ་སོ་སེལ་ཚུལ་གྱི་མདོ་དོན་བསྡུས་པས་ཇི་སྐད་དུ།   ནད་གཞིའི་ལྟར་སྣང་འཁྲུལ་སོ་རྟགས་ཀྱིས་བསལ། །རྟགས་ཀྱི་ལྟར་སྣང་འཁྲུལ་སོ་བཅོས་ཀྱིས་བསལ། །བཅོས་ཀྱི་ལྟར་སྣང་འཁྲུལ་སོ་གོམས་པས་བསལ། །གོམས་པའི་ལྟར་སྣང་འཁྲུལ་སོ་སྐྱེད་ཀྱིས་བསལ། །བཅོས་སྐྱེད་ལྟར་སྣང་འཁྲུལ་སོ་ཆུ་ཡིས་བསལ། །ཆུ་མདོག་ལྟར་སྣང་འཁྲུལ་སོ་ཀུ་ཡས་བསལ།   །དེ་ལ་ནོར་བ་ནམ་ཡང་འབྱུང་མི་སྲིད།  །དེ་དག་ལྟར་སྣང་ལྔ་ཕྲུགས་ཞེས་བྱ་སྟེ། །འཁྲུལ་མེད་ཚ་གྲང་གནད་ཀྱི་གལ་མདོ་ཡིན། །དེ་ལྟར་མན་ངག་ལྡན་པས་རྟོགས་འགྱུར་གྱི།    །དཀྱུས་ཙམ་འཛིན་པ་རྣམས་ཀྱིས་ཤེས་མི་འགྱུར། །ཞེས་པ་ལྟར་རོ། །དེ་མིན་ནད་ཐོག་ཏུ་བྱི་ལ་འཇབ་པ་དང་། སྤོ་ལ་དར་འཕར། རྟ་རྒོད་དཀྱུས་འཛུད། སྐྱར་མོ་ཉ་ལེན། མི་ཤ་འཕྲང་ཕྲད། སྐས་གདང་མས་འཛེག  དཔའ་བོས་དགྲ་འདུལ། དམེ་ཤོར་འཁྲུག་ཟླུམས། མཛོ་ཁལ་ལུག་ཁལ་སྟེ་གསོ་ཚུལ་དགུ་ཡིས་ནད་དང་གཉེན་པོ་སྤྲོད་ཚུལ་ལ་མཚོན་ན་རྒྱ་གར་སོགས་ལུགས་གཞན་གྱི་གསོ་དཔྱད་ལ་ཡེ་ནས་མེད་པའི་བོད་ལུགས་ནད་ཐོག་སྨན་བཅོས་ཀྱི་ཆེས་ཐུན་མིན་ལས་ཀྱང་ཐུན་མིན་དུ་གྱུར་པའི་གསོ་ཚུལ་གྱི་རིགས་ལམ་ཞིག་ཡིན་པ་ཚང་མས་མཁྱེན་གསལ་དང་། མདོ་དབུས་མཐོ་སྒང་གི་ཡུལ་ས་དང་འཚོ་བའི་གོམས་སྲོལ་སོགས་ལས་འབྱུང་སླ་ཞིང་མང་བའི་ནད་གཞི་སྟེ་མ་ཞུ་ཕོ་ནད་ལྟ་བུར་མཚོན་ན།  གངས་ཅན་མེས་པོ་དྲང་སྲོང་རྣམས་ཀྱིས་གསོ་བཅོས་ལག་ལེན་གང་མང་བརྒྱུད་ནས་ཁོང་ནད་ཀུན་གྱི་རྒྱུ་མ་ཞུ་བར་བཟུང་ཞིང་མ་ཞུ་ནད་རིགས་གསོ་ཚུལ་སྐོར་ལ་སྡོམ་ཚིག་བཀོད་ཡོད་པ་ནི།  མན་རྒྱུད་དུ། རྒྱུ་མ་བཅོས་པར་འབྲས་བུ་གསོ་འདོད་པ། །དུག་རྩ་མ་ཕྱུངས་ལོ་མ་བཅད་སྐྱུར་འདྲ། །ཁོང་ནད་ཐམས་ཅད་མ་ཞུས་སྐྱེད་པའི་ཕྱིར། །མ་ཞུའི་གསོ་དཔྱད་མཁས་པ་ཤིན་ཏུ་གཅེས། །རྒྱུ་ཉིད་གྲོལ་ན་འབྲས་བུ་ག་ལ་འབྱུང་། །ཞེས་པ་དང་། ཕོ་བ་ཟས་འཇུ་བྱེད་པས་གཞི་ཡིན་པས། །ཟས་སྤྱོད་དྲོད་བསྟེན་སེ་འབྲུ་ད་ལིས་ཤིས། །ཞེས་དང་། ཁོང་ནད་ཀུན་གྱི་རྩ་བ་བད་ཀན་བྱེད། །ཤ་ལྤགས་རྩ་ཚིགས་ཕྱི་རུ་བྱེར་བ་ཉུང་། །རང་གི་གནས་ལས་གཞན་དུ་ཞུགས་པ་དཀོན། །ཕལ་ཆེར་མ་ཞུ་ཕོ་བར་རྒྱས་པའི་ས།  །དེ་ཕྱིར་ཕོ་བའི་ཁ་འཛིན་གཅེས་པ་ཡིན།  །ཞེས་མ་ཞུ་ཕོ་ནད་བཅོས་པའི་གསོ་ཚུལ་གྱི་རྩ་དོན་གསུངས་པ་དང་།    ཐ་མལ་ནད་མེད་སྐབས་སུའང་ཕོ་བའི་མེ་དྲོད་བསྲུང་དགོས་ཚུལ་གལ་ཆེར་གདམས་པ་སྟེ། མ་ཞུ་དྭངས་སོགས་རྒྱས་པར་མི་འགྱུར་ཕྱིར། །ཟས་སྐོམ་སྤྱོད་ལམ་ཡང་ལ་དྲོ་བ་ཡིས། །འབད་དེ་མེ་དྲོད་བསྲུང་བར་གནས་གྱུར་ན།   །ལུས་ཀྱི་སྟོབས་དང་ཚེ་ནི་གནས་པར་འགྱུར། །ཞེས་གསུངས་སོ། །  
            དེ་ལྟར་རིག་སྒོ་གཉིས་ཀྱི་བརྟག་བཅོས་ལག་ལེན་དབར་ཞིབ་ཏུ་བསྡུར་བས་ད་དུང་ཧེ་བག་དེ་ཙམ་གྱིས་མི་ཚད་དེ།  བོད་ལུགས་གསོ་རིག་གིས་སྨན་གྱི་སྦྱོར་བའི་ནང་དུ་ནད་གཞི་གསོ་བའི་སྦྱོར་བ་མང་དུ་བསྟན་ཅིང་། རྒྱ་གར་གསོ་དཔྱད་དུ་རོ་ཙ་བཅུད་ལེན་སོགས་རྒས་སྲ་ཚེ་བསྲིང་གི་སྦྱོར་བ་གཙོ་བོར་འཛིན།   དེ་བཞིན་བོད་ལུགས་སུ་ནད་གཞི་གསོ་བའི་སྨན་བཅོས་ཀྱི་རྩ་དོན་ཏེ་བཅོས་ཚུལ་ཉིད་གཙོ་བོར་བྱེད་ལ། རྒྱ་གར་བས་ནད་སྟེང་དངོས་སུ་སྤྱོད་པའི་གསོ་ཐབས་ཀྱི་ཆོ་ག་རིགས་ཡང་ཡང་འཆད།  བོད་ལུགས་པས་ཁམས་དབང་གི་ཁྱད་པར་དང་ཟླ་མཚན་སོགས་ལས་བྱུང་བའི་བུད་མེད་ཁོ་ནར་འབྱུང་བའི་མོ་ནད་རིགས་་གཙིགས་སུ་བཟུང་ཏེ་གསོ་བ་ཡན་ལག་བརྒྱད་ཀྱི་དཔུང་གྲལ་དུ་བཞག་ཅིང་རྒྱ་གར་བས་རང་སའི་ཁོར་ཡུག་གི་རྐྱེན་པས་སྦྲུལ་དང་སྲིན་བུ་སོགས་ཀྱིས་འཚེ་བའི་དུག་ནད་ཉིད་ཡན་ལག་བརྒྱད་ཀྱི་གཙོ་གྲལ་དུ་འཇོག    ཡན་ལག་གི་ཚིགས་གཞིར་འབབ་པའི་ནད་གཅིག་གི་ངོས་ཐད་ནས་བལྟས་ཀྱང་བོད་ལུགས་སུ་མ་སྨིན་ཆུ་སེར་གྱིས་ཤུགས་ཆེར་བསྐྱེད་པའི་གྲུམ་བུ་གཙོ་བོར་སྨྲ་ལ།  རྒྱ་གར་བས་ཁྲག་གི་ངོ་བོ་ཤས་ཆེར་འཁྲུགས་པའི་དྲེག་ནད་འགངས་ཆེར་བཤད། བོད་ལུགས་སུ་དོན་སྣོད་སྐོར་གྱི་ན་ཚ་དང་གསོ་ཚུལ་ལ་རྟོགས་འཇུག་བྱས་པ་ཟབ་ཀྱང་རྒྱ་གར་ཚེ་རིག་གཞུང་དུ་མིག་སྣ་སོགས་ནམ་ཚོང་ཡན་གྱི་ནད་གཞིའི་ཆོ་གར་ཞིབ་འཇུག་གནང་བ་དྲགས་པ་སོགས་བོད་དང་རྒྱ་གར་གསོ་དཔྱད་ཀྱི་བརྟག་བཅོས་ལག་ལེན་དབར་ཞིབ་ཕྲའི་ཁྱད་པར་བགྲང་གིས་མི་ལངས།   མདོར་ན་རིག་སྒོ་གཉིས་དར་འཕེལ་འབྱུང་བའི་དུས་ཚོད་ཐོག་སྔ་ཕྱི་ཡོད་པ་དང་།   འཕེལ་རྒྱས་བྱུང་བའི་ཡུལ་སོ་སོ་ཡིན་པ།  རྟགས་བཅོས་ལག་ལེན་གྱི་ཁྱད་ཆོས་ཁ་ཁ་ཡིན་པ་བཅས་ཀྱིས་བོད་ལུགས་གསོ་བ་རིག་པ་དང་རྒྱ་གར་གསོ་དཔྱད་བར་དུ་ཕྱོགས་ཀུན་ནས་བསྡུར་ཡང་ཁྱད་པར་དང་ཧེ་བག་ཆེན་པོ་མཆིས་སོ། །   
དྲུག་པ། དཔལ་ལྡན་རྒྱུད་བཞི་དང་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ།
            རྒྱ་གར་ནུབ་ཕྱོགས་སུ་འཁྲུངས་པའི་དྲང་སྲོང་ཆེན་པོ་ཕ་ཁོལ་གྱིས་སྤྱི་ལོ་དུས་རབས་དྲུག་པའི་ཡས་མས་ནང་མཛད་པའི་ཚེའི་རིག་བྱེད་ཀྱི་གཞུང་ལུགས་ཚད་ལྡན་ལེགས་སྦྱར་སྐད་དུ་ཨཤྟ་ཨཾ་ག་ཧྲྀ་ད་ཡ་ཞེས་བྱ་བ་བོད་སྐད་དུ་ཡན་ལག་བརྒྱད་པའི་སྙིང་པོ་བསྡུས་པ་དང་།   བོད་ཡུལ་དབུས་ཀྱི་སྟོད་ལུང་སྐྱིད་སྣར་འཁྲུངས་པའི་རྗེ་བཙུན་གཡུ་ཐོག་ཪྙིང་མ་ཡོན་ཏན་མགོན་པོས་སྤྱི་ལོ་དུས་རབས་བརྒྱད་པར་བརྩམས་ཤིང་བོད་གངས་ཅན་པའི་ཡུལ་དུས་དབང་པོའི་སྒོ་དང་ཉེ་བར་འཚམ་པའི་དཔལ་ལྡན་རྒྱུད་བཞི་གཉིས་ནི།  གནའ་བོའི་རྒྱ་གར་དང་བོད་རིགས་མི་དམངས་ཀྱིས་འཛམ་གླིང་གསོ་དཔྱད་འཕེལ་རྒྱས་ལ་བཞག་པའི་རླབས་ཆེན་གྱི་ཕྱག་རྗེས་ལགས་པ་དང་གཞུང་དེ་གཉིས་ཀ་འཛམ་གླིང་སྲོལ་རྒྱུན་གསོ་རིག་གི་གསུང་རབ་བསྟན་བཅོས་གྲགས་ཅན་ཡིན་པ་ཕལ་ཆེར་འདྲ་འདྲ་རེད། འོན་ཀྱང་གཞུང་དེ་གཉིས་བརྩམས་གྲུབ་བྱུང་བའི་དུས་རབས་དང་ཡུལ་ཁམས་ཁོར་ཡུག་གི་ཆ་ནས་བཤད་ན་ཧེ་བག་དང་བར་ཐག་ཡོད་པ་མ་ཟད། བྱེ་བྲག་གི་རྗོད་བྱེད་དང་ཞིབ་ཕྲའི་ནང་དོན་ཐད་ནས་འདྲ་ས་དང་མི་འདྲ་ས་ཡང་ན་ཁྱད་པར་ཕྲ་མོ་མང་མང་ཞིག་འབྱུང་མོད། འདིར་རྒྱ་ཆེའི་ཀློག་པ་པོ་རྣམས་ཀྱི་བློ་ངོར་བག་ཆགས་རྡོག་པོ་མ་ཞིག་འཇོག་ཨེ་ཐུབ་ཆེད་དུ་གཞུང་དེ་གཉི་གའི་སྤྱི་ཁོག་གྲུབ་ཚུལ་གྱི་སྐོར་ནས་ཅུང་ཙམ་གླེང་བའི་ལས་ལ་ཞུགས་པའོ། །  
            དེ་ལ་དཔལ་ལྡན་རྒྱུད་བཞི་ནི་སྐབས་ཆེན་པོ་བཞིའི་སྒོ་ནས་འཆད་ཡོད་པ་སྟེ། དང་པོ་རྩ་བ་ཐུགས་ཀྱི་རྒྱུད་ཅེས་བོད་ཀྱི་གསོ་བ་རིག་པའི་སྙིང་པོ་ནི་དཔལ་ལྡན་རྒྱུད་བཞི་དང་དེའི་སྙིང་པོར་གྱུར་པ་རྩ་བའི་རྒྱུད་དེ་གསོ་བ་རིག་པའི་དོན་ཀུན་དང་སྒོས་སུ་རྒྱུད་ཕྱི་མ་གསུམ་གྱི་ནང་དོན་ས་བོན་གྱི་ཚུལ་དུ་ཚད་མཐོན་པོས་གནད་བསྡུས་བྱས་ནས་ལེའུ་དྲུག་གམ་བརྗོད་བྱ་དངོས་ལེའུ་གསུམ་(གནས་ལུགས་ནད་གཞི། ངོས་འཛིན་རྟགས། གསོ་བྱེད་ཐབས)གྱིས་བསྟན་པ་ཡིན་ལ། དེ་ཡང་ཇི་སྐད་དུ།  དང་པོ་རྩ་རྒྱུད་མདོ་ཡི་གནས་བསྟན་པ།  །རྩ་བ་གསུམ་ལ་འདྲིལ་བའི་སྡོང་བོ་དགུ། །གྱེས་པའི་ཡལ་ག་བཞི་བཅུ་རྩ་བདུན་ཏེ། །ལོ་འདབ་ཉིས་བརྒྱ་རྩ་བཞིར་རྒྱས་པ་ཡིན། །གསལ་བའི་མེ་ཏོག་འབྲས་བུ་ལྔ་རུ་སྨིན། །འདི་དག་རྩ་བའི་རྒྱུད་ཀྱི་སྡོམས་སུ་བཤད།  །ཅེས་གསོ་རིག་གི་བརྗོད་བྱ་ཕ་རོལ་བས་རྟོགས་སླ་ཞིང་སྤྲོ་བ་སྐྱེད་པ་སོགས་ཀྱི་དགོས་པར་དམིགས་ནས་དཔེ་མྱ་ངན་མེད་པའི་ལྗོན་ཤིང་དང་སྦྱར་ནས་བསྟན་པའི་ཐབས་ཚུལ་ཞིག་སྟེ།   སྙིང་པོ་བསྡུས་པས་མཚོན་རྒྱ་གར་ཚེའི་རིག་བྱེད་ཕར་ཕྱོགས་རྒྱ་ནག་དང་ཞི་ལཱ་སོགས་འཛམ་གླིང་སྲོལ་རྒྱུན་གསོ་དཔྱད་གཞན་ཀུན་ལའང་མེད་པའི་བོད་ལུགས་ཀྱི་ཁྱད་ཆོས་ཤིག་རེད། གཉིས་པ་བཤད་པ་སྐུ་ཡི་རྒྱུད་ཅེས་གསོ་བ་རིག་པའི་དོན་ཀུན་རིགས་ལམ་བཤད་ལུགས་ཀྱི་སྒོ་ནས་རྩ་བ་བཞི་དང་ཡན་ལག་བཅུ་གཅིག་(ལེའུ་སུམ་ཅུ་སོ་གཅིག)ཏུ་བསྡུས་ནས་བསྟན་པ་སྟེ། གྲུབ་པ་ལུས་དང་། འཕེལ་འགྲིབ་ནད། བྱ་བ་སྤྱོད་ལམ། འཚོ་བ་ཟས། སྦྱོར་བ་སྨན། ཆ་བྱད་དཔྱད། ཐ་མལ་ནད་མེད། ངོས་བཟུང་རྟགས། གསོ་བྱེད་ཐབས། བྱ་བྱེད་སྨན་པ་བཅས་བཅུ་གཅིག་དང་དེའང་གསོ་བ་གསོ་བྱེད་ཇི་ལྟར་གསོ་བ་པོ་བཅས་རྩ་བའི་གྲངས་བཞི་རུ་མདོ་དྲིལ་ཡོད། གསུམ་པ་མན་ངག་ཡོན་ཏན་གྱི་རྒྱུད་ཅེས་གསོ་བ་རིག་པའི་མན་ངག་ནད་ཐོག་ལག་ལེན་གྱི་སྐོར་ཏེ་སྤྱི་གཙུག་ནས་རྐང་མཐིལ་བར་གྱི་ནད་རིགས་ཚང་མ་རེ་རེ་ནས་རྒྱུ་དང་རྐྱེན་དང་དབྱེ་བ་དང་ནད་རྟགས་དང་བཅོས་ཐབས་བཅས་རིམ་པར་མེ་ཏོག་གི་ཚུལ་དུ་གསལ་བར་སྐབས་བཅོ་ལྔས་(ལེའུ་དགུ་བཅུ་གོ་གཉིས)བསྟན་པ་སྟེ། ཉེས་གསུམ་དང་།ཁོང་ནད། ཚད་པ། ལུས་སྟོད།  དོན་སྣོད། གསང་ནད། ཐོར་ནད། ལྷན་སྐྱེས་རྨ། བྱིས་པ། མོ་ནད། གདོན་ནད། མཚོན་རྨ། དུག་ནད། རྒས་པ། །རོ་ཙ་བཅས་སོ། ང་ཚོས་དེར་བལྟས་མ་ཐག་ཏུ་ཡན་ལག་བརྒྱད་ཀྱིས་ཤན་ཞུགས་ཡོད་པ་མཐོང་སླ་ལ་དེ་བཞིན་ཡན་ལག་བརྒྱད་ཉིད་ཕལ་ཆེར་གྲངས་ལྡབ་གཅིག་གིས་འཕར་ཏེ་སྐབས་བཅོ་ལྔ་རུ་འཕེལ་རྒྱས་སམ་ཇེ་ཞིབ་ཏུ་སོང་བ་ཡིན་པའང་ཚོར་ཐུབ། བཞི་བ་ཕྱི་མ་འཕྲིན་ལས་རྒྱུད་ཅེས་མདོ་བཞིའི་(ལེའུ་ཉི་ཤུ་རྩ་ལྔ)སྒོ་ནས་ནད་ཐོག་ལག་ལེན་གྱི་བཀོལ་སྤྱོད་བྱེད་དགོས་པའི་ནང་དོན་རྣམས་ཤིན་ཏུ་ཁྱེར་བདེ་བའི་ཚུལ་དུ་བཀོད་པ་སྟེ།  བརྟག་པ་རྩ་ཆུའི་མདོ་དང་། ཞི་བྱེད་སྨན་གྱི་མདོ། སྦྱོང་བྱེད་ལས་ཀྱི་མདོ། འཇམ་རྩུབ་དཔྱད་ཀྱི་མདོ་བཅས་སོ། །   
            བརྒྱད་པའི་སྙིང་བསྡུས་ནི། མདོ་གནས་དང་། ལུས་ཀྱི་གནས། ནད་གཞིའི་གནས། གསོ་བའི་ནད། ལུས་གསོ་བའི་ཆོ་ག་གྲུབ་པའི་གནས། ཕྱི་མའི་གནས་བཅས་སྐབས་ཆེན་པོ་དྲུག་གིས་བསྟན་ཡོད་པ་དང་། དེའི་དང་པོ་མདོ་གནས་ནི་བཏགས་པ་མིང་ལ་བལྟས་པ་ཙམ་གྱིས་རྩ་བའི་རྒྱུད་དང་འདྲ་ས་སྣང་ཡང་དོན་གྱི་ཐད་ནས་གཞིགས་ཚེ་བོད་ལུགས་ཀྱི་བཤད་པའི་རྒྱུད་ཀྱི་བརྗོད་བྱ་དང་ཁག་ཅིག་མཚུངས་ལ། དེར་ཟས་སྤྱོད་དང་ཐ་མལ་སྐོར་གྱི་ནང་དོན་ལེའུ་བརྒྱད་ཡོད་པ་དང་། སྨན་གྱི་རོ་ནུས་དང་ཞི་སྦྱང་སྐོར་ལེའུ་བཅུ་གཅིག  རྣམ་པར་གྱུར་མ་གྱུར་གཉིས་ཀ་ཚུད་པའི་ནད་ཀྱི་སྐོར་ལེའུ་གཉིས།  ཆ་བྱད་དཔྱད་ཀྱི་སྐོར་ལེའུ་དྲུག  མིག་བརྟ་བའི་ཆོ་ག་ལེའུ་གཅིག་བཅས་བསྡོམས་ལེའུ་སུམ་ཅུ་ཐམ་པ་ཡོད་ལ་དེ་ལས་ཟས་སྤྱོད་དང་། སྦྱོར་བ་སྨན། ཆ་བད་བཅས་ཀྱི་ནང་དོན་ཁག་ཅིག་བཤད་རྒྱུད་དང་འདྲ་བའི་ཆ་དུ་མ་མཆིས་སོ།།   
            གཉིས་པ་ལུས་ཀྱི་གནས་ལ་ལེའུ་དྲུག་གིས་བསྟན་ཡོད་པ་ལས་མང་ཆེ་བའི་ནང་དོན་འཆི་ལྟས་དང་མཚན་ལྟས་སོགས་ལ་བརྟག་པས་ཟིན་ཅིང་ལུས་ཀྱི་་ཆགས་ཚུལ་དང་རང་བཞིན་དང་མཚན་ཉིད་སྐོར་གྱི་ནང་དོན་འང་དུ་མ་མཆིས་ལ་གནས་ལུགས་དང་རྩ་འཁོར་གྱི་ཐ་སྙད་སྐོར་ཤིན་ཏུ་ཉུང་ཞིང་ལུས་ཀྱི་འདྲ་དཔེའི་ཐད་ཀྱི་བརྗོད་བྱ་ནི་ཉིན་མོའི་སྐར་མའི་ཚོད་དུ་གདའ།   
            གསུམ་པ་ནད་གཞིའི་གནས་ལ་ལེའུ་བཅུ་དྲུག་གི་སྒོ་ནས་བསྟན་པ་ལས།  ལེའུ་དང་པོ་ནད་ཐམས་ཅད་ཀྱི་གཞི་བཤད་པ་ཞེས་པ་ནི་གནས་གསུམ་པའི་སྤྱི་བཤད་ལྟ་བུ་ཞིག་ཏུ་མངོན་ཏེ། ནད་སྤྱིའི་རྒྱུད་དང་གཞི་དང་སྐྱེ་མཆེད་དང་རྐྱེན་སོགས་བཤད་ཡོད་པ་དང་། དེའི་འཕྲོ་མའི་ལེའུ་བཅོ་ལྔའི་ནང་དུ་བསྡོམས་ནད་རིགས་གྲངས་ཉེར་དྲུག་ལྷག་གི་བྱེ་བྲག་གི་རྒྱུ་རྐྱེན་དང་ལྷག་པར་ནད་རྟགས་མངོན་ཚུལ་གཙོ་བོར་འཆད་ཡོད་ལ།  དེ་དག་ནི་རིམས་ནད་དང་།  ཁྲག་ནད།མཁྲིས་ནད། ལུད་པའི་ནད། དབུགས་མི་བདེ་བ། སྐྱིགས་བུ། གློ་གཅོང་ཆེན་པོ་ཟད་བྱེད། ཆང་ནད། གཞང་འབྲུམ། ཚད་འཁྲུ། ཕོ་ནད། གཅིན་འགགས། གཅིན་སྙི་ཟ་ཁུ། ཁོང་འབྲས། རྒྱུ་རླུགས། སྐྲན་ནད། དམུ་རྫིང་། སྐྱ་རྦབ། འོར་ནད། མེ་དབལ།  རླུང་ནད།  དྲེག་ནད་བཅས་རིམ་པར་བཤད་ཡོད་ལ།  གནས་འདིའི་བརྗོད་བྱ་ཡན་ལག་བརྒྱད་ཀྱི་དབང་དུ་བཏང་ན་དང་པོ་ལུས་གསོ་བའི་ཡན་ལག་ཡིན་པ་ཕྱི་མའི་གནས་ཀྱི་ནང་དོན་དང་བསྡུར་བས་ཤེས་ནུས།  
            བཞི་བ་གསོ་བའི་གནས་ནི་གོང་སྨོས་ནད་ཉེར་དྲུག་ལྷག་གི་གསོ་ཐབས་བཤད་པའི་གནས་འབའ་ཞིག་ཡིན་ཅིང་བསྡོམས་ལེའུ་ཉེར་གཉིས་ཀྱི་སྒོ་ནས་བསྟན་འདུག  དེ་ལྟར་གནས་གསུམ་པ་དང་བཞི་བ་གཉིས་ནི་བཏགས་པ་མིང་དང་བརྗོད་བའི་དོན་གང་ནས་བལྟས་ཀྱང་རིགས་འགྲོས་ཀྱི་ངོས་ནས་བཤད་ན་མན་ངག་རྒྱུད་དང་མཚུངས་ཤས་ཆེ་མོད། མན་ངག་རྒྱུད་དུ་སྤྱི་བྱིངས་ནས་ནད་རིགས་དགུ་བཅུ་ལྷག་ཙམ་གྱི་ལེའུ་གསལ་བ་དེ་ལྟར་དང་། འདིར་དྲུག་པ་ཕྱི་མའི་གནས་ཀྱི་ལེའུ་ཡོངས་བསྣན་པས་ཀྱང་ནད་གསོ་བའི་ལེའུ་རྐྱང་བ་ལྔ་བཅུ་ཙམ་ལས་མེད་པས་ཕལ་ཆེར་ལྡབ་གཅིག་གིས་ཉུང་བ་ལྟ་བུའོ། །   
            ལྔ་བ་ལུས་གསོ་བའི་ཆོ་ག་གྲུབ་པའི་གནས་ནི་སྦྱོང་བྱེད་སྐོར་གྱི་ནང་དོན་ལྡན་པའི་བརྗོད་བྱ་ཡིན་པ་དང་བསྡོམས་ལེའུ་དྲུག་མཆིས་ལ།   ཕལ་ཆེར་ཕྱི་མ་རྒྱུད་ཀྱི་སྦྱོང་བྱེད་ལས་ཀྱི་མདོ་དང་གཅིག་པར་བལྟས་ཆོག་སྙམ།  
            དྲུག་པ་ཕྱི་མའི་གནས་ཞེས་ནད་དང་ནད་གསོ་བའི་ཆོ་ག་གཉིས་ཚང་བ་དང་བསྡོམས་ལེའུ་བཞི་བཅུ་ཐམ་པ་སྟེ་ལེའུ་ཆེས་མང་བའི་གནས་གཅིག་པུ་དེ་རེད།   གནས་འདིའི་མིང་ལ་བལྟས་པས་ཕྱི་མ་རྒྱུད་དང་འདྲ་བར་འདོད་ཀྱང་དོན་གྱི་སྙིང་པོ་ནི་རྦད་དེ་ཁ་ཁ་སྟེ། ནད་ཡན་ལག་བརྒྱད་ལས་དང་པོ་ལུས་གསོ་བ་ཕུད་པའི་བྱིས་པ་དང་། གདོན། མཚོན། ལུས་སྟོད། དུག  རྒས་པ། རོ་ཙ་བཅས་བདུན་གྱི་བརྗོད་བྱ་གཙོ་བོར་བཟུང་ནས་དངོས་སུ་བསྟན་ཡོད་པ་ཧ་ཅང་གསལ།  དེ་ལ་ནམ་ཚོང་ཡན་ཆད་མིག་དང་རྣ་བ་སྣ་སོགས་གསོ་བར་ལེའུ་བཅུ་བདུན་ཡོད་པ་ལས་མིག་ནད་དབྱེ་བའི་དཔྱད་དམ་གསོ་བའི་ཆོ་ག་གཅིག་པུར་ལེའུ་དགུ་ཟིན་པ་དང་གསོ་བའི་ཐབས་རྩལ་དང་བརྗོད་བའི་མང་ཉུང་སོགས་གང་ནས་བལྟས་ཀྱང་ཐང་ལ་འབར་གཞུང་གི་ཤན་གྱིས་ཁྱབ་ཡོད་ཚུལ་ལྷུན་གྱིས་ཤེས་སོ།  །དེ་མིན་བྱིས་པ་གསོ་བར་ལེའུ་གསུམ།  གདོན་ནད་གསོ་བར་ལེའུ་གསུམ། རྨ་གསོ་བར་ལེའུ་དྲུག ནད་ཕྲ་མོ་གསོ་བར་ལེའུ་གཉིས། ཕོ་མོའི་མཚན་མ་སྟེ་གསང་གནས་ཀྱི་ནད་གསོ་བར་ལེའུ་གཉིས།  དུག་ནད་གསོ་བར་ལེའུ་བཞི།བཅུད་ལེན་ལ་ལེའུ་གཅིག རོ་ཙར་ལེའུ་གཅིག་བཅས་སོ། །  
            དེ་ལྟར་ང་ཚོས་བོད་གཞུང་དཔལ་ལྡན་རྒྱུད་བཞི་དང་རྒྱ་གཞུང་སྙིང་པོ་བསྡུས་པ་གཉིས་ཀྱི་གཞུང་གི་སྤྱི་ཁོག་ལ་ཧོབ་ལྟ་བྱས་པས། དཔལ་ལྡན་རྒྱུད་བཞི་ནི་སྐབས་ཆེན་པོ་བཞི་དང་། སྙིང་པོ་བསྡུས་པ་དྲུག་གིས་གྲུབ་པ་དང་། ལེའུའི་གྲངས་སྔ་མ་ལེའུ་བརྒྱད་དང་ལྔ་བཅུ་ང་དྲུག་དང་ཕྱི་མ་བརྒྱ་དང་ཉི་ཤུ་རྐྱང་ཡིན་པ་བཅས་ཀྱི་ཁྱད་པར་མཐོང་ལ།   གཞུང་དེ་གཉི་ག་གྲུབ་པའི་རྒྱབ་ལྗོངས་ལ་བསམ་ན་གཞུང་གི་བྱེད་པོ་གང་གཉིས་ཀ་ནང་པ་སངས་རྒྱས་པ་ཡིན་ཞིང་སྔ་ཕྱིའི་དུས་རབས་སུ་རྒྱ་གར་དང་བོད་དུ་སངས་རྒྱས་ཀྱི་བསྟན་པ་སྒོ་ཀུན་ནས་དར་རྒྱས་ཆེན་པོ་འབྱུང་བཞིན་པའི་སྤྱི་ཚོགས་ནང་བརྩམས་གྲུབ་བྱུང་བ་བཅས་གཅིག་པར་སྣང་བ་མ་ཟད། གཞུང་མཚན་གྱི་ཐད་ནས་བཤད་ནའང་གཉིས་ཀའི་མཚན་བྱང་དུ་ཡན་ལག་བརྒྱད་པ་ཞེས་དང་སྙིང་པོ་ཞེས་མཆིས་པ་འདྲ་འདྲ་རེད།  
            འོན་ཏེ་ཅུང་ཞིབ་ཏུ་བཏང་ན། གཞུང་ཆེན་དེ་གཉིས་ཀྱི་སྤྱི་ཆིངས་དང་། ས་བཅད། ལེའུ་གྲངས་སོགས་ལ་ཁྱད་པར་མཆིས་པ་མ་ཟད། ད་དུང་གནད་ཆེ་བ་ཞིག་ལ་བརྗོད་བྱའི་ཁྱད་ཁོངས་ཐད་ནས་མི་འདྲ་ས་མང་དུ་སྣང་སྟེ།  ཐོག་མར་ལུས་ནད་སོགས་ཀྱི་གཞུང་ལུགས་སྐོར་ལ་མཚོན་ན། རྩ་རྒྱུད་ནི་གཞི་རྟགས་གསོ་གསུམ་གྱི་དགོངས་དོན་ཚུད་ཅིང་སྡོང་འགྲེམས་ཀྱི་ལམ་ནས་སྤེལ་བའི་བོད་ཀྱི་གསོ་བ་རིག་པའི་བརྗོད་བྱ་ཇི་སྙེད་འདུས་པའི་སྡོམ་ཆིངས་སམ་དཀར་ཆག་ཀུན་གསལ་མ་ཞིག་ཏུ་བལྟས་ཆོག་པས།  སྙིང་པོ་བསྡུས་པར་དེ་ལྟ་བུའི་ཕྱི་རྣམ་ཙམ་ཡང་མི་སྣང་བ་དང་། བཤད་རྒྱུད་ལས་གྲུབ་པ་ལུས་འཆད་སྐབས་བདུན་ཕྲག་སོ་བརྒྱད་ཀྱི་ཞིབ་ཕྲའི་འཕེལ་ཚུལ་དང་གནས་སྐབས་གསུམ་གྱི་བསྟན་དོན་སོགས་དང་། རྩ་འཁོར་སོགས་གནས་ལུགས་ཀྱི་གསང་གནད་སྐོར་བརྒྱད་པ་མཁན་པོས་ཚིག་མགོ་ཙམ་ཡང་གླེང་མེད་ལ།  དེ་བཞིན་འཕེལ་འགྲིབ་ནད་ལས་ནད་ཀྱི་རྒྱུ་གསུམ་དང་རྐྱེན་བཞི་དང་འཇུག་སྒོ་དྲུག་དང་ལྡོག་རྒྱུ་བཅུ་གཉིས་དང་ནད་ཀྱི་མཚན་ཉིད་ལས་འཁྲུགས་པའི་རྟགས་སོགས་སྙིང་བསྡུས་སུ་མི་སྣང་བ་དང་།གསོ་བྱེད་ཐབས་སྐོར་ནས་སྤྱི་དང་བྱེ་བྲག་ཁྱད་པར་གསུམ་གྱིས་བསྡུས་པའི་གསོ་ཚུལ་གྱི་ཤེས་བྱ་རྣམས་ནི་བོད་ལུགས་ཀྱི་ཐུན་མོང་མ་ཡིན་པའི་སྨན་བཅོས་རྩ་དོན་དུ་མངོན་ཅིང་། སྙིང་བསྡུས་སུ་གསོ་ཐབས་དངོས་ཀྱི་གཉེན་པོ་དང་བཅོས་པའི་ཆོ་ག་མང་དུ་ཡོད་པར་ཁ་ཤས་ནི་ཕྱི་བཅོས་ཀྱི་ཆོ་ག་དང་མང་ཆེ་བ་སྨན་གྱི་སྦྱོར་བ་རེད་ལ།  དེ་ལས་ནད་རིགས་སྔོན་འགོག་དང་བཅུད་ལེན་རོ་ཙ་སྐོར་གྱི་སྦྱོར་བ་ཧ་ཅང་མང་བའི་ཚོད་དུ་འདུག་ཀྱང་གཏན་ཚིགས་ཀྱི་རང་བཞིན་ལྡན་པའི་གསོ་ཚུལ་གྲས་ཆེར་མི་མཐོང་།  གཞན་བྱ་བྱེད་སྨན་པ་ནི་རང་རེའི་རྒྱུད་དུ།གསོ་བ་གསོ་བྱེད་ཇི་ལྟར་གསོ་བ་དང་གསོ་བ་པོ་སྟེ་གསོ་རིག་གི་མདོ་དོན་རྩ་བ་བཞིར་བསྡུས་པའི་ཡ་གྱལ་ཤིག་ཏུ་བཞག་ཅིང་།   སྙིང་རྗེ་བྱམས་པ་བཅས་ཚད་མེད་བཞི་དང་དམ་ཚིག་ལྡན་པ་སོགས་ནང་རིག་གི་ལྟ་བ་དང་སྦྱར་ནས་འཚོ་བྱེད་སྨན་པའི་ཆ་རྐྱེན་དང་ལས་དང་དབྱེ་བ་སོགས་ཞིབ་རྒྱས་སུ་བསྟན་ཡོད་མོད་བརྒྱད་པའི་སྙིང་བསྡུས་ནང་དེའི་སྐོར་གྱི་གྲིབ་མ་ཙམ་ཡང་མི་སྣང་ངོ་། །  
            ནད་ཐོག་ལག་ལེན་གྱི་སྐོར་ནས་བཤད་ན།    ནད་ཀུན་གྱི་སྣ་འདྲེན་དུ་གསུངས་པའི་རླུང་ནད་ཉིད་སྙིང་པོ་བསྡུས་པར་ནད་གཞི་དང་གསོ་བའི་གནས་ཀྱི་མཇུག་ཏུ་བསྟན་ཡོད་པ་དང་།  གཞན་མཁྲིས་པ་དང་ལྷག་ཏུ་བད་ཀན་ནད་གསོ་བའི་ནང་དོན་ལོགས་སུ་ལེའུ་བས་ནས་གསུངས་མེད་ཚུལ་སོགས་ལ་་གཞིགས་ན་ཚེ་རིག་གཞུང་དུ་ཉེས་གསུམ་གསོ་བའི་གཞུང་ལུགས་ཆ་ཚང་མིན་ཞིང་གཏན་ཚིགས་སུ་གྲུབ་མེད་པ་ངང་གིས་ཤེས་ཤིང་། དེ་བཞིན་ཚད་པ་གསོ་བ་དང་། དོན་སྣོད་གསོ་བ། མོ་ནད་གསོ་བ་བཅས་ཀྱི་བརྗོད་བའང་ཆད་འདུག་པ་བཅས་ཀྱི་སྟེང་ནས་རྒྱ་གཞུང་སྙིང་པོ་བསྡུས་པ་དང་བོད་ལུགས་དཔལ་ལྡན་རྒྱུད་བཞི་གཉིས་ཀྱི་ནད་གསོ་སྨན་བཅོས་དབར་དུ་ཧེ་བག་ཆེན་པོ་ཡོད་ཚུལ་རྟོགས་ནུས་ལ།  མན་ངག་ཡོན་ཏན་རྒྱུད་ནང་དུ་ནད་རེ་རེའི་རྒྱུ་རྐྱེན་དང་།  དབྱེ་བ། རྟགས། བཅོས་ཐབས། ཕྱི་རྗེས། ལོག་གནོན། ཐ་ན་སྲུང་འགོག་དང་བཅས་གོ་རིམ་མ་འཆོལ་བར་སྡེབ་གཅིག་ཏུ་བཀོལ་བ་ནི་དེང་རབས་གསོ་རིག་ཚན་རིག་གི་ནད་ཐོག་རིགས་ལམ་ལའང་ཅོ་འདྲི་བའི་ཚད་དུ་སླེབས་འདུག་ཕྱིར།  ཡན་ལག་བརྒྱད་པའི་སྙིང་བསྡུས་ཀྱི་ནད་གསོ་བའི་བརྗོད་བྱ་དང་བསྡུར་བས་རིག་འགྲོས་དང་། རྗོད་སྟངས། སྤྱི་ཁོག་བཅས་ཕྱོགས་གང་ཐད་ནས་ཐོད་བརྒལ་གསར་བ་བྱུང་འདུག   
            ལྷག་ཏུ་ཕྱི་རྒྱུད་ཀྱི་བརྟག་པ་རྩ་ཆུའི་མདོ་ལྟ་བུར་མཚོན་ན། བོད་ཀྱི་ཡུལ་དུ་རྩ་ཆུའི་བརྟག་པ་བསྟན། །ཞེས་གསུངས་པ་ལྟར། སྨན་པའི་རྣམ་དཔྱོད་ཕྲ་མོའི་ཐབས་རྩལ་དང་ཉམས་མྱོང་ཟུང་འབྲེལ་གྱིས་བརྟག་པའི་རྩ་དང་།  དུས་གསུམ་བརྟག་ཚུལ་དགུ་སོགས་དཔྱད་པའི་དྲི་ཆུའི་བརྟག་ཐབས་གཉིས་ནི་ནམ་ཡང་བོད་ལུགས་གསོ་རིག་གི་ཐུན་མིན་ཁྱད་ཆོས་ཤིག་ཏུ་ལྟ་སྟེ།   སྙིང་པོ་བསྡུས་པ་གཙོས་རྒྱ་གར་ཚེའི་རིག་སྐོར་གྱི་གཞུང་དང་མན་ངག་ལོ་རྒྱུས་སོགས་གང་དུའང་མཇལ་བའི་གོ་སྐབས་ཡེ་ནས་དབེན་པའི་ཕྱིར་རོ། །གཞན་ཞི་བྱེད་སྨན་གྱི་མདོར་ཐང་ཕྱེ་རིལ་བུ་སོགས་སྔ་ཕྱི་རིམ་པས་གཏན་ཚིགས་སུ་གྲུབ་སྟངས་དང་།   མེ་བཙའ་དང་རྩ་སྦྱོངས་དང་ལུམས་བཅོས་སོགས་གསལ་ཁ་ལྡན་ཞིང་ལྷུ་ལག་ཚང་བར་བསྟན་ཡོད་པ་དག་ཀྱང་རྒྱུད་ཀྱི་རྒྱལ་པོ་གསང་བ་མན་ངག་གི་རྒྱུད་འདིའི་དགེ་མཚན་ཞིག་སྟེ་བརྒྱད་པ་མཁན་པོའི་གཞུང་དུ་ཆད་པའི་མཐའ་རུ་ལྷུང་བ་མངོན་གསལ་ལོ། །  
            དེ་མིན་གཞུང་ཆེན་གཉིས་ཀྱི་སྤྱི་ཁོག་རྩོམ་སྒྲིག་གི་ཁྱད་པར་ནི།  གཅིག་ནི་བརྗོད་བྱ་གཅིག་ཏུ་མ་ངེས་ཤིང་གཏན་ཚིགས་ཀྱི་གོ་རིམ་འཆོལ་བ་དང་། དོན་ལ་བསྐྱར་ཟློས་མང་ཞིང་ནང་དོན་ཐར་ཐོར་བ།  རིགས་པའི་གཞུང་ལུགས་ཀྱི་རང་བཞིན་དམན་པ་སོགས་ཀྱི་ཞན་ཆ་མཆིས་མོད། ཅིག་ཤོས་ནི་དེ་ལས་ལྡོག་སྟེ་གཞི་རྟགས་གསོ་གསུམ་དང་ལུས་ནད་གཉེན་པོ་སོགས་གང་གི་སྐབས་ནའང་གཏན་ཚིགས་ལྡན་ཞིང་རིགས་ལམ་གསལ་བ། བརྗོད་བྱ་ཆ་ཚང་ཞིང་ཅི་ཡང་མི་བཟླས་ལ་རྗོད་བྱེད་ཚགས་དམ་ཞིང་ཚིག་བརླིང་བ།  གཞུང་ལུགས་རང་བཞིན་དང་མ་ལག་རང་བཞིན་ཆེས་ཆེར་ལྡན་པའི་གསུང་རབ་བསྟན་བཅོས་ཤིག་ཏུ་མངོན་པས་ན་འདས་པའི་འཛམ་གླིང་སྲོལ་རྒྱུན་གསོ་དཔྱད་ཀྱི་གཞུང་ལུགས་ཁྲོད་དུ་དོ་ཟླ་ཕར་བ་ཉུང་བར་སྣང་ངོ་། །