ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ལོག་དབྱེའི་གྱང་སྐྲུན་པའི་འགྲོ་གྲོན་ཐད་གྲོས་འཆམ་མ་བྱུང་བ་དང་། ཐེ་རོན་ཕུ་དང་དམངས་གཙོ་ཏང་ཕྱོགས་གཉིས་ཀས་ཕྱིར་བཤོལ་མི་བྱེད་པ།

སྤེལ་དུས 2019-01-07 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ། ཚེ་རིང་གིས་བསྒྲིགས།
           ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལས་ཁུངས་ཁག་གཅིག་རྒྱུན་མཐུད་གཟའ་འཁོར་གཉིས་སྒོ་རྒྱབ་ཡོད་པ་དང་། སྤྱི་ཚེས་༤ཉིན་ཙུང་ཐུང་ཐེ་རོན་ཕུ་དང་རྒྱལ་ཚོགས་ཁང་གི་ཏང་གཉིས་ཀྱི་གཙོ་འཛིན་ནས་ཕོ་བྲང་དཀར་པོར་སླར་ཡང་གསང་བའི་གྲོས་མོལ་བྱས་ཡོད། འོན་ཀྱང་ཕྱོགས་གཉིས་པོས་སྔར་བཞིན་རང་སོ་སོའི་བསམ་འཆར་བརྗོད་ཡོད་ཅིང་། གྲོས་མོལ་ལ་འཕེལ་རིམ་གང་ཡང་ཐོན་མེད་པ་རེད།
           དེའི་རྗེས་སུ་ཐེ་རོན་ཕུད་སྨྱན་སྦྱོར་ལས་ཁུངས་ཀྱི་གསར་འགོད་པར། ཁོང་ནས་སྲིད་གཞུང་ཟླ་བ་ཁ་ཤས་སམ་ཡང་ན་ལོ་ཁ་ཤས་སྒོ་རྒྱག་དགོས་བྱུང་རུང་། མཐའ་མཚམས་སུ་གྱང་སྐྲུན་པའི་འཆར་འགོད་དོན་འཁྱོལ་བྱ་རྒྱུ་ཡིན་ཞེས་བརྗོད་པ་མ་ཟད། ཁོང་གིས་འཇིགས་སྣང་སྐུལ་ནས་ཙུང་ཐུང་གི་དབང་ཆ་བེད་སྤྱད་དེ། རྒྱལ་ཁབ་ཛ་དྲག་གནས་སུ་སླེབས་པ་ཡོངས་བསྒྲགས་བྱེད་པའི་བྱ་ཐབས་བརྒྱུད་རྒྱལ་ཚོགས་ཁང་གཡོལ་ནས་ཐད་ཀར་གྱང་སྐྲུན་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
           ཉིན་དེ་གར་ཐེ་རོན་ཕུ་དང་རྒྱལ་ཚོགས་ཁང་གི་སྤྱི་མཐུན་ཏང་དང་དམངས་གཙོ་ཏང་གི་གཙོ་འཛིན་ནས་ཕོ་བྲང་དཀར་པོར་གསང་བའི་གྲོས་མོལ་རྒྱུན་མཐུད་ཆུ་ཚོད་གཉིས་ བྱས་ཡོད། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། གྲོས་མོལ་ལ་མཇུག་འབྲས་གང་ཡང་ཐོན་མེད་པ་དང་། ཕྱོགས་གཉིས་པོས་མི་འདོད་པའི་ངང་གྲོས་མོལ་མཇུག་སྒྲིལ་ཡོད་ཅེས་བསྟན་ཡོད་པ་རེད།
           དེའི་རྗེས་སུ་ཕོ་བྲང་དཀར་པོས་ཆ་འཕྲིན་སྤེལ་ནས། ཐེ་རོན་ཕུས་ཙུང་ཐུང་གཞོན་པ་ཕང་སེ་དང་། ཕོ་བྲང་དཀར་པོའི་མཐོ་རིམ་བློ་འདྲི་ཡུལ་ཁུ་ཧྲེན་ན། རྒྱལ་ཁོངས་ས་ཆའི་བདེ་འཇགས་པུའུ་ཀྲང་ཉེར་སེན་བཅས་ནས་གཟའ་འཁོར་འདིའི་གཟའ་མཇུག་ཏུ་རྒྱལ་ཚོགས་ཁང་དང་མུ་མཐུད་གྲོས་མོལ་བྱ་རྒྱུའི་བཀའ་བཏང་ཡོད་པ་རེད།
           རང་མིང་ཤོད་འདོད་མེད་པའི་གནས་ཚུལ་ཤེས་མཁན་མི་སྣ་ཞིག་གིས་ལུ་ཐུ་གསར་འགྱུར་ཁང་གི་གསར་འགོད་པར། ཐེ་རོན་ཕུས་ཉུང་མཐར་ཡང་སྐར་མ་༡༥ཡི་འགོ་འཛུགས་གསུངས་བཤད་གནང་ནས། དམངས་གཙོ་ཏང་གིས་རྒྱལ་ཚོགས་ཁང་ནས་མ་དངུལ་འབོར་ཆེན་བཏང་ཏེ་ལོག་དབྱེའི་གྱང་སྐྲུན་རྒྱུའི་མོས་མཐུན་བྱེད་དགོས་པ་རྒྱུན་འཁྱོངས་བྱས་ཡོད། ཚོགས་ར་དངོས་ཀྱི་རྣམ་པ་སྐབས་རེ་ཧ་ཅང་དྲག་པོ་ཡོད་ཅིང་། ཕྱོགས་གཉིས་པོས་ཕྱིར་བཤོལ་བྱེད་འདོད་བྱེད་ཀྱི་མེད་ཅེས་བསྟན་ཡོད་པ་རེད།
           གྲོས་ཚོགས་སྟོད་པའི་དམངས་གཙོ་ཏང་གི་གཙོ་འཛིན་ཧྲུའུ་རྨོ་དེ་གར་ཡོད་ཅིང་། གྲོས་མོལ་མཇུག་སྒྲིལ་རྗེས་སྨྱན་སྦྱོར་ལས་རིགས་ཀྱི་གསར་འགོད་པར། དམངས་གཙོ་ཏང་གིས་ཐེ་རོན་ཕུས་སྲིད་གཞུང་སྒོ་རྒྱབ་པའི་གནས་བབ་གང་མགྱོགས་མཇུག་སྒྲིལ་དགོས་པའི་བླང་བྱ་བཏོན་ཡོད། འོན་ཀྱང་ཐེ་རོན་ཕུས་དུས་ཡུན་རིང་པོ་ཞིག་གི་ནང་སྲིད་གཞུང་སྒོ་རྒྱག་རྒྱུ་ཡིན་པ་དང་། ཟླ་བ་ཁ་ཤས་སམ་ཐ་ན་ལོ་ཁ་ཤས་སྒོ་རྒྱག་བཟོ་ཡོད་ཅེས་བསྟན་ཡོད་པ་རེད།
           ཐེ་རོན་ཕུས་ཕོ་བྲང་དཀའ་པོའི་རྒྱ་སེའི་མེ་ཏོག་གླིང་དུ་གསར་འགོད་པར་སྣེ་ལེན་ཞུ་བའི་ཚོགས་འདུ་འཚོགས་ནས། ཁོང་གིས་དམངས་གཙོ་ཏང་གི་མི་སྣར། སྲིད་གཞུང་སྒོ་རྒྱག་པའི་གནས་བབ་དུས་ཚོད་དེ་བས་རིང་བ་རྒྱུན་མཐུད་བྱེད་བཟོ་ཡོད་ཅེས་བསྟན་ཡོད། འོན་ཀྱང་ཁོང་ནས་དེ་འདྲའི་རེ་བ་བྱེད་ཀྱི་མེད་ཅེས་བཤད་ཡོད་པ་རེད།
           གསར་འགོད་པ་ཞིག་གིས། རྒྱལ་ཁབ་ཛ་དྲག་གནས་སུ་སླེབས་པའི་ཁྱབ་བསྒྲགས་བྱས་ཏེ། གྱང་སྐྲུན་པའི་འཆར་འགོད་དོན་འཁྱོལ་བྱེད་པའི་བསམ་གཞིགས་བྱེད་ཀྱི་ཡོད་དམ་ཞེས་དྲིས་པར། ཐེ་རོན་ཕུས་ཁས་ལེན་བྱེད་པའི་ལན་རྒྱབ་ནས། ང་རང་ནས་བསམ་གཞིགས་བྱེད་མྱོང་ཡོད། གལ་སྲིད་ང་རང་ནས་དེ་ལྟར་བྱེད་དགོས་བསམ་ན། ངས་དེ་ལྟར་བྱེད་ཆོག་གི་ཡོད། དེ་ནི་དམིགས་འབེན་མངོན་འགྱུར་ཡོང་བའི་བྱ་ཐབས་གཞན་ཞིག་རེད། འོན་ཀྱང་གལ་སྲིད་ང་ཚོས་དབྱེ་འབྱེད་གྲོས་མོལ་བརྒྱུད་གྲོས་འཆམ་བྱུང་ཚེ། ང་ཚོས་ཚོད་ལྟ་བྱ་རྒྱུ་ཡིན་ཞེས་བསྟན་ཡོད་པ་རེད།
           ཨ་རིའི་ཙུང་ཐུང་གིས་རྒྱུན་དུ་དམག་འཁྲུག་དུས་སྐབས་སུ་རྒྱལ་ཁབ་ཛ་དྲག་གནས་སུ་སླེབས་པའི་ཁྱབ་བསྒྲགས་བྱེད་ཀྱི་ཡོད། ཨ་རིའི་མཉམ་འབྲེལ་གསར་འགྱུར་ཁང་གིས་གནས་ཚུལ་སྤེལ་ནས། གལ་སྲིད་ཐེ་རོན་ཕུས་ཐབས་ལམ་དེ་བརྒྱུད་ནས་རྒྱལ་ཚོགས་ལས་གཡོལ་དགོས་བསམ་ན། ཁྲིམས་ལུགས་ཀྱི་འགྲན་རྩོད་འཕྲད་བཟོ་ཡོད་ཅེས་བསྟན་ཡོད་པ་རེད།
           གྲོས་ཚོགས་སྟོད་པའི་དམག་དོན་ཨུ་ཡོན་ལྷན་ཁང་གི་ཁོངས་མི། དམངས་གཙོ་ཏང་གི་མི་སྣ་ལི་ཏེས། རྒྱལ་ཚོགས་ཁང་གི་ཆོག་མཆན་སྤྲོད་པ་ལས་གཡོལ་ཆེད། རྒྱལ་ཁབ་ཛ་དྲག་གནས་སུ་སླེབས་པའི་ཁྱབ་བསྒྲགས་རྫུན་མ་བྱེད་པ་ནི་མི་འགྲིག་པ་ཞིག་ཡིན་ཞེས་བསྟན་ཡོད་པ་རེད།
           བརྗོད་དགོས་པ་ཞིག་ནི། གྲོས་ཚོགས་སྟོད་པའི་སྤྱི་མཐུན་ཏང་གི་འགོ་འཛིན་མེ་ཁང་ནེར་གྲོས་མོལ་བྱས་ཟིན་རྗེས་ཕོ་བྲང་དཀར་པོ་ནས་ཁ་བྲལ་ཡོད་པ་དང་། གསར་འགོད་པའི་ཚོགས་འདུའི་ཐོག་སླེབས་མེད་པ་རེད། ཁོང་གི་ལས་རོགས་ཀྱིས། མེ་ཁང་ནེར་གྱིས་སྨྱར་སྦྱོར་ལས་རིགས་ཀྱི་བཅར་འདྲི་ཡོད་པ་ཤེས་རྟོག་བྱུང་མེད། དེ་མིན་ན་ཁོང་ནས་ཞུགས་རྒྱུ་རེད་ཅེས་བསྟན་ཡོད་པ་རེད།
           ཐེ་རོན་ཕུས་འཚོགས་པའི་གསར་འགོད་པའི་ཚོགས་འདུའི་ཐོག གསར་འགོད་པས་མེ་ཁང་ནེར་གསར་འགོད་པའི་ཚོགས་འདུར་མི་ཞུགས་པའི་རྒྱུ་མཚན་ཅི་ཡིན། དེས་ཁོང་དང་ཙུང་ཐུང་བར་འགན་ཟླ་ཡོད་པ་མཚོན་གྱི་ཡོད་དམ་ཞེས་དྲིས་པར། ཐེ་རོན་ཕུས། མེ་ཁང་ནེར་གྲོས་ཚོགས་སྟོད་པར་གནད་དོན་ཐག་གཅོད་བྱེད་པར་སྐྱོད་ཡོད། རྒྱུ་མཚན་ནི་ཁོང་གིས་གྲོས་ཚོགས་སྟོད་པ་དོ་དམ་བྱེད་ཀྱི་ཡོད་པས་ཡིན་ཞེས་ལན་བརྒྱབ་ཡོད་པ་རེད།
          ཧྭ་ཧྲེང་ཏུན་སྦྲག་སྲིད་ཚགས་པར་གྱིས། ཉེ་བའི་རེ་འཁོར་ཁ་ཤས་ཀྱི་གྲོས་མོལ་ནང་མེ་ཁང་ནེར་གྱིས་ཟུར་ནས་བལྟ་བ་ལས་དཔུང་རོགས་བྱེད་ཀྱི་མེད་པ་དང་། དམངས་གཙོ་ཏང་གི་གཙོ་འཛིན་ནས་ཐད་ཀར་ཐེ་རོན་ཕུ་དང་སྐད་ཆ་ཤོད་རེས་བྱེད་ཏུ་འཇུག་གི་ཡོད་པའི་དོ་སྣང་བྱུང་ཡོད།
           སྤྱི་ཚེས་༤ཉིན་གྲོས་ཚོགས་སྟོད་པའི་དམངས་གཙོ་ཏང་གི་གཙོ་འཛིན་ཧྲུའུ་རྨོས། མེ་ཁང་ནེར་ནས་ལས་དོན་ཏོག་ཙམ་སྒྲུབ་ཐུབ་པ་བྱེད་དགོས་པའི་སྐུལ་མ་བཏང་ཡོད་ཅེས་དང་། ཧྲུའུ་རྨོས། གལ་སྲིད་མེ་ཁང་ནེར་དང་སྤྱི་མཐུན་ཏང་གི་གྲོས་མི་གཞན་གྱིས་ཟུར་ནས་བལྟས་ནས་བསྡད་ཚེ། ཐེ་རོན་ཕུས་དུས་ཡུན་རིང་པོ་སྲིད་གཞུང་སྒོ་རྒྱག་ཏུ་འཇུག་རྒྱུ་རེད་ཅེས་བསྟན་ཡོད་པ་དང་། ཁོང་གིས། ཙུང་ཐུང་ལ་གཞན་གྱིས་ཐེ་ཇུས་བྱེད་དགོས་ཀྱི་ཡོད། ལས་ཀ་དེ་གྲོས་ཚོགས་སྟོད་པའི་སྤྱི་མཐུན་ཏང་གི་མི་སྣས་བྱས་ན་མཚམས་པ་ཡོད་ཅེས་བསྟན་ཡོད་པ་རེད།
           དེའི་གོང་དུ་ཐེ་རོན་ཕུས་རྒྱལ་ཚོགས་ཁང་ནས་ཨ་སྒོར་དུང་ཕྱུར་50ལྷག་བཏང་ནས་ཨ་རི་དང་མོ་ཞི་ཁོའི་མཐའ་མཚམས་སུ་ལོག་དབྱེའི་གྱང་སྐྲུན་རྒྱུའི་རེ་བ་རྒྱུན་འཁྱོངས་བྱས་ཡོད་པ་དང་། དམངས་གཙོ་ཏང་གིས་ངོ་རྒོལ་ཤུགས་ཆེན་བྱས་ཡོད་པས། ལོག་དབྱེའི་གྱང་སྐྲུན་པའི་འགྲོ་གྲོན་ཚུད་པའི་སྲིད་གཞུང་གི་དངུལ་གཏོང་བའི་ཁྲིམས་གཞི་་དེས་རྐྱེན་པས་གྲོས་འཆམ་བྱུང་མེད་པ་རེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལས་ཁུངས་བཞི་ཆ་གཅིག་་ན་ནིང་གི་སྤྱི་ཟླ་༡༢པའི་ཚེས་༢༢ཉིན་ནས་བཟུང་སྒོ་བརྒྱབ་ཡོད་པ་དང་། རྒྱལ་ཕྲན་མཉམ་འབྲེལ་སྲིད་གཞུང་གི་ལས་མི་བརྒྱད་འབུམ་ཙམ་ལ་ཤུགས་རྐྱེན་ཐེབས་ཡོད་པ་རེད།
           ཨ་རིའི་སྐབས་གསར་པའི་རྒྱལ་ཚོགས་ཁང་གིས་སྤྱི་ཚེས་༣ཉིན་ནས་འགན་འཁྲི་འཁུར་འགོ་ཚུགས་པ་དང་། གྲོས་ཚོགས་སྨད་པའི་དམངས་གཙོ་ཏང་གི་མི་སྣས་ཉིན་དེ་གར་གྲོས་ཚོགས་སྨད་པར་ལོག་དབྱེའི་གྱང་སྐྲུན་པའི་འགྲོ་གྲོན་ཕུད་པའི་སྲིད་གཞུང་གི་མ་དངུལ་གཏོང་སྤྲོད་ཁྲིམས་གཞི་གཞན་ལ་གྲོས་འཆམ་ཡོང་རྒྱུར་སྐུལ་འདེད་བཏང་ཡོད། འོན་ཀྱང་ཕོ་བྲང་དཀར་པོ་དང་གྲོས་ཚོགས་སྟོད་པའི་སྤྱི་མཐུན་ཏང་གི་གཙོ་འཛིན་ནས་ངོ་རྒོལ་བྱེད་པའི་རྣམ་འགྱུར་གསལ་པོ་བསྟན་ཡོད་པ་རེད།