ཀྲུང་གོ་དང་ཨེ་ཅིབ་ཀྱི་མ་འཇོག་ཚོང་དོན་བཞུགས་མོལ་ཚོགས་འདུ་ཁེ་རོར་འཚོགས་པ།
སྤེལ་དུས 2019-08-02
ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་།
རྩོམ་པ་པོ།
ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་ཁང་དང་། ཀྲུང་གོའི་ལྷོ་ལྷོ་མཉམ་ལས་སྐུལ་འདེད་ལྷན་ཚོགས། ཨེ་ཅིབ་ཀྱི་ཁེ་ལས་མཁས་ཅན་མཐུན་ཚོགས་བཅས་ཀྱིས་མཉམ་དུ་གཉེར་བའི་ཀྲུང་གོ་དང་ཨེ་ཅིབ་ཀྱི་མ་འཇོག་ཚོང་དོན་བཞུགས་མོལ་ཚོགས་འདུ་ཚེས་28ཉིན་ཨེ་ཅིབ་ཀྱི་རྒྱལ་ས་ཁེ་རོར་འཚོགས་པ་དང་། ཀྲུང་ཨེ་རྒྱལ་ཁབ་གཉིས་ཀྱི་སྲིད་ཕྱོགས་མི་སྣ་དང་ཁེ་ལས་40ཙམ་གྱི་འཐུས་མི་བཅས་ཚོགས་འདུར་ཞུགས་ནས་ཐུན་མོང་ཐོག་ཕྱོགས་གཉིས་ཀྱི་མཉམ་ལས་ཀྱི་གོ་སྐབས་གསར་པར་གྲོས་བསྡུར་གཏིང་ཟབ་བྱས་པ་རེད།
ཨེ་ཅིབ་ཏུ་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ལེའོ་ལི་ཆང་གིས་བཞུགས་མོལ་ཚོགས་འདུའི་ཐོག ཉེ་བའི་ལོ་ཤས་རིང་ཨེ་ཅིབ་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་ལ་སྒྱུར་བཅོས་གཏིང་ཟབ་བྱས་པས། མི་འབོར་དུང་ཕྱུར་གཅིག་ཡོད་པའི་ཨ་རབ་ཀྱི་ཁྲོམ་ར་ཆེ་ཤོས་ཨང་དང་པོ་འདིར་མ་འཇོག་ལས་གཏོད་ཀྱི་མི་མངོན་པའི་གཏིང་ཤུགས་ཀྱིས་ཁེངས་ཡོད། ཀྲུང་གོས་བཏོན་པའི“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དེ་ཨེ་ཅིབ་ཕྱོགས་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་དང་མཐུན་ཡོད། ཕྱོགས་གཉིས་ཀྱིས“རྒྱ་ཆེ་ལ་སྟོབས་ཆེ་བའི”རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས་ལ་སྐུལ་འདེད་གཏོང་བ་དང་དུས་མཚུངས། ད་དུང“ཆུང་ལ་མཛེས་པའི”དམངས་འཚོའི་རྣམ་གྲངས་མཉམ་ལས་ནས་གོ་སྐབས་དེ་བས་མང་བ་འཚོལ་ཐུབ་ཅེས་བརྗོད།
ལྷོ་ལྷོ་མཉམ་ལས་སྐུལ་འདེད་ལྷན་ཚོགས་ཀྱི་ཚོགས་གཙོ་ལུའེ་ཤིན་ཧྭ་ཡིས། ཀྲུང་ཨེའི་དབར་ཕྱི་འབྲེལ་བཙུགས་ནས་ལོ་60ལྷག་ཙམ་སོང་རིང་། རྒྱལ་ཁབ་གཉིས་པོས་ཕན་ཚུན་རྒྱབ་སྐྱོར་དང་བསམ་ཤེས་དང་། ཀྲུང་ཨེའི་མཛའ་གྲོགས་དང་མཉམ་ལས་མི་སེམས་སུ་གཏིང་ཟབ་ཟུག་པས། ཀྲུང་ཧྥེའི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད་ཅེས་བརྗོད་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།