ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་བཏང་བ།

སྤེལ་དུས 2021-09-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
              ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་སྐབས་18པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ཚོང་དོན་དང་མ་འཇོག་གི་དབུ་ཚོགས་ཚེས་13ཉིན་གྲོལ་ཞིང་། སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱི་གཞི་ཁྱོན་ཆེ་རུ་ཕྱིན་པ་དང་། རྒྱལ་སྤྱིའི་ཞུགས་ཚད་སྔར་བས་མཐོ་རུ་ཕྱིན་པ། གན་འཇོག་རྣམ་གྲངས་ཀྱི་མ་འཇོག་བསྡོམས་འབོར་སྐབས་རིམ་བྱུང་གི་མང་ཤོས་སུ་སླེབས་ཡོད། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཀྱིས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་འཛམ་གླིང་དང་ལག་གདང་སྦྲེལ་ནས་མདུན་སྐྱོད་བྱེད་པའི་བརྗིད་ཆགས་ཡིད་དུ་འོང་བའི་ལེའུ་རྩོམ་བཞིན་ཡོད།
              མིག་སྔར། ཏོག་གསར་གློ་ཚད་རིམས་ནད་སྔར་བཞིན་གོ་ལ་ཧྲིལ་པོར་མཆེད་བཞིན་ཡོད་པས། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་ཁག་གིས་ཐུན་མོང་ཐོག་འཕེལ་རྒྱས་ཀྱི་སྐོར་གླེང་བ་དང་། ཐུན་མོང་ཐོག་གྲོས་མོལ་གྱི་གོ་སྐབས་འཚོལ་བ། ཐུན་མོང་ཐོག་གོ་སྐབས་སྤྱོད་པ་བཅས་བྱས་ཏེ་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱུན་ཆད་མེད་པར་ཟབ་ཏུ་བཏང་ནས་འཛམ་གླིང་ལ་དགེ་མཚན་ལྡན་པའི་བརྡ་བཏང་ཡོད།
              འདི་ནི་འཛམ་གླིང་ལ་མཉམ་ལས་ཀྱི་ལས་སྟེགས་མཁོ་འདོན་བྱེད་པའི་བརྡ་ཞིག་ཡིན། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་བློ་བརྟན་འགྱུར་མེད་ངང་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་དང་གོ་ལ་ཧྲིལ་པོའི་རང་མོས་ཚོང་དོན་མ་ལག་སྲུང་སྐྱོང་བྱས་ཏེ་མཉམ་ལས་གཉིས་ཁེའི་སྒོ་དབྱེའི་རྣམ་པའི་ཐོག་ནས་རྒྱལ་ཁབ་ཁག་གི་དཔལ་འབྱོར་ཚོང་དོན་མཉམ་ལས་རྒྱ་ཆེར་གཏོང་ཆེད་ལས་སྟེགས་མཁོ་འདོན་བྱས་པས། ཁེ་ལས་དེ་བས་མང་བས་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ལ་བརྟེན་ནས་ཚོང་ལས་ཀྱི་གོ་སྐབས་གསར་པ་འཚོལ་ཞིབ་བྱེད་བཞིན་ཡོད།
              སྐབས་འདིའི་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་དངོས་མང་སྟོན་ཚོགས་ཐོག《ས་ཁོངས་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་ཆོད》(RCEP)འགྲེམས་ཁུལ་ཐོག་མར་བཙུགས་ནས་རྒྱལ་ཁབ་མང་པོའི་སྒྲིག་གཞི་དང་ཁེ་ལས་འགྲེམས་སྟོན་ནང་ཞུགས་པའི་ཡིད་དབང་བཀུག་པའི་ནང“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་རྒྱལ་ཁབ་ཀྱི་ཁེ་ལས་མང་པོ་ཚུད་ཡོད།
              མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། འགྲེམས་ཚོགས་འཚོག་རིང་ཕྱོགས་ཁག་གིས་མཉམ་ལས་རྣམ་གྲངས་179ལ་མིང་རྟགས་བཀོད་པར་ཁྱོན་མ་དངུལ་མི་དམངས་ཤོག་སྒོར་དུང་ཕྱུར་3000.8ཟིན་པ་དེ་སྐབས་གོང་མ་ལས་13.7%འཕར་ཡོད་པ་དང་། གན་འཇོག་རྣམ་གྲངས་ཀྱིས་དངོས་ཚན་དཔལ་འབྱོར་ལ་དམིགས་པས་རྣམ་གྲངས་གལ་ཆེན་མང་བ་དང་གཞི་ཁྱོན་ཆེ་བ་སོགས་ཀྱི་ཁྱད་ཆོས་ལྡན་ཡོད།
              སིང་ཀ་ཕོར་གྱི་སྐབས་དོན་ཆབ་སྲིད་ཀྱི་དཔྱད་གཏམ་པ་ཝུང་ཏེ་ཧྲེང་གིས། ཀྲུང་གོའི“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཀྱི་དགོས་མཁོ་སྦྲེལ་མཐུད་དམ་ཟབ་ཐུབ་ནས་ཕྱོགས་གཉིས་པོའི་མཉམ་ལས་རོགས་ཟླའི་འབྲེལ་བར་སྐུལ་འདེད་བརྟན་པོ་ཐེབས་ཡོད་ཅེས་ངོས་འཛིན་བྱས་པ་དང་། ཧིན་རྡུ་ཉི་ཞི་ཡའི་ཇུས་འདོན་ཚོགས་པ་ཨེ་ཤེ་ཡ་གསར་གཏོད་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་ཞི་དང་ཧིན་རྡུ་ཉི་ཞི་ཡའི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་ནན་དབྱང་གི་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་པན་པང·སུར་གཡོད་ནུའོ་ཡིས། ཕྱོགས་གཉིས་པོའི་གཉིས་ཁེ་གཉིས་ཕན་གྱི་མཉམ་ལས་དེ་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དབར་གྱི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད་ཅེས་བརྗོད།
              ཉེ་བའི་ལོ་ཤས་རིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་ལེགས་ལྡན་ཐོན་ཁུངས་གསབ་རེས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་བ་དང་། ས་ཁོངས་ཀྱི་ཐོན་ལས་བཀོད་སྒྲིག་ལེགས་སུ་གཏོང་བ། ཐོན་ལས་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་བ། ས་ཁོངས་ཀྱི་དཔལ་འབྱོར་ཚོང་དོན་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་ས་ཁོངས་དཔལ་འབྱོར་འཕེལ་རྒྱས་སྔར་བས་འཛམ་གླིང་དང་སྦྲེལ་མཐུད་བྱ་རྒྱུར་གོ་སྐབས་མཁོ་འདོན་བྱས་ཡོད། ལོ་སིའི་རྒྱལ་ཁབ་བཟོ་ཚོང་སྤྱི་ཁྱབ་ཚོགས་པའི་ཚོགས་གཙོ་གཞོན་པ་ཐ་ནུང་ཤིན·ཁན་ལ་ནཱ་ཡིས། RCEPཡི་སྒྲོམ་གཞིའི་འོག་ཕྱོགས་གཉིས་པོའི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱིས་ཚོང་ལས་ཀྱི་ཡིད་ཆེས་ཆེ་རུ་འགྲོ་རྒྱུར་ཕན་ཐོགས་ཡོད་ལ། ས་ཁོངས་ནང་གི་དཔལ་འབྱོར་དོ་སྙོམས་འཕེལ་རྒྱས་ལ་ཤུགས་སྣོན་བརྒྱབ་ནས་གོ་ལ་ཧྲིལ་པོའི་དཔལ་འབྱོར་འཕར་རྒྱུར་སྐུལ་འདེད་གཏོང་རྒྱུར་ཡང་ཕན་ཐོགས་ཡོད་ཅེས་བརྗོད།
              དཔལ་འབྱོར་ཚོང་དོན་མཉམ་ལས་འཕེལ་རྒྱས་ཀྱི་གོ་སྐབས་མཉམ་སྤྱོད་བྱས་ཏེ་འཛམ་གླིང་གི་དཔལ་འབྱོར་འཕར་བའི་ཕན་པ་ཐུན་མོང་ཐོག་བཏོད་ཅིང་། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་དཔལ་འབྱོར་ཚོང་དོན་མཉམ་ལས་ཟབ་ཏུ་བཏང་བ་ལས། འཛམ་གླིང་གིས་ས་ཁོངས་དཔལ་འབྱོར་མཉམ་ལས་ཀྱི་གསོན་ཤུགས་དང་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་ཚད་མེད་མཐོང་ཐུབ་པ་དང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་མཉམ་ལས་ལས་བཏང་བའི་བརྡ་ཆེན་པོ་ཚོར་ཐུབ། ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱིས་འཛམ་གླིང་དང་མཉམ་དུ་མི་རྣམས་ཀྱིས་རེ་སྒུག་བྱེད་པའི་འབྱུང་འགྱུར་བསུ་རྒྱུ་རེད།
རྩོམ་སྒྲིག་པ། བདེ་སྒྲོལ།