ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ལང་ཚོའི་དུས་བཟང་དམ་འཛིན་གྱིས། ཀྲུང་གོའི་རིག་གནས་ཁྱབ་གདལ་བཏང་།

ཝུ་ཀན་ཏའི་མའེ་ཁེ་ལུའེ་ལུའེ་སློབ་ཆེན་ཁུང་ཙི་སློབ་གླིང་གི་ཀྲུང་གོའི་ན་གཞོན་དགེ་རྒན་གྱི་སྐོར་བཀོད་པ།

སྤེལ་དུས 2022-05-07 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཝུ་ཀན་ཏའི་མའེ་ཁེ་ལུའེ་ལུའེ་སློབ་ཆེན་ཁུང་ཙི་སློབ་གླིང་དུ་ཀྲུང་གོ་ནས་ཡོང་བའི་ན་གཞོན་རྒྱ་ཡིག་དགེ་རྒན་ཁྱུ་ཞིག་ཡོད། ཁོང་ཚོས་རྒྱ་ཡིག་དང་ཕུལ་བྱུང་གི་ཀྲུང་ཧྭའི་རིག་གནས་ཨ་ཧྥེ་རི་ཁའི་རྒྱལ་ཁབ་ཝུ་ཀན་ཏ་རུ་ཁྱབ་གདལ་བཏང་སྟེ་ཀྲུང་ཝུའི་མཛའ་གྲོགས་འབྲེལ་ཟམ་བཙུགས་ནས་ལང་ཚོ་ཆུད་ཟོས་སུ་མི་གཏོང་བའི་དུས་རབས་གསར་པའི་གཞོན་ནུ་ཧུར་བརྩོན་ཆེན་པོས་བྱེད་བཞིན་ཡོད།
  མའེ་ཁེ་ལུའེ་ལུའེ་སློབ་ཆེན་ཁུང་ཙི་སློབ་གླིང་ནི་2014ལོའི་ཟླ་12པར་བཙུགས་ཤིང་། ཤང་ཐེན་སློབ་ཆེན་དང་ཝུ་ཀན་ཏའི་མའེ་ཁེ་ལུའེ་ལུའེ་སློབ་ཆེན་མཉམ་ལས་བྱས་ནས་གསར་འཛུགས་བྱས་པ་ཞིག་རེད། མིག་སྔར་དེའི་ཁོངས་གཏོགས་སུ་ལུའུ་དབྱང་ཙི་བཟོ་སྐྲུན་རང་བྱུང་རིག་པ་སློབ་གླིང་གི་ཁུང་ཙི་སློབ་ཁང་དང་། ཨེན་ཐ་ལུའེ་སློབ་འབྲིང་། ཝུ་ཀན་ཏ་རྒྱལ་སྤྱིའི་སློབ་གྲྭའི་སློབ་ཁྲིད་ས་ཚིགས་སོགས་ཡོད་པ་དང་རིམ་རྩིས་བྱས་ན་ཐོ་བཀོད་སློབ་མ་ཁྲི་གཉིས་ལྷག་ཙམ་ཡོད་པ་རེད། ཀྲུང་གོ་ཕྱོགས་ཀྱི་དགེ་རྒན་17ཡོད་པའི་ཁྲོད་མང་ཆེ་བ་ནི“90ནང་སྐྱེས”ཡིན་པ་དང་ཁོང་ཚོས་ཝུ་ཀན་ཏར་ཕུགས་འདུན་དོན་གཉེར་དང་རང་ཉིད་ཀྱི་འཇོན་ཐང་འཕེལ་བ་བྱས་ཏེ་དེང་རབས་ཀྲུང་གོའི་གཞོན་ནུའི་གདེང་ཚོད་དང་ཉམས་འགྱུར་མངོན་པར་བྱས་ཡོད།
  སྐྲ་ཐུང་ལ་གྲུང་ཤ་དོད་པའི་ཝང་མོང་ཡུན་ནི་ཤང་ཐེན་སློབ་ཆེན་ནས་ཐོན་པ་དང་ཡུལ་དེར་དགེ་རྒན་བྱས་ནས་ལོ་གསུམ་ལྷག་ཙམ་སོང་ཡོད། ལོ་གཉིས་ལས་རོགས་ཀྲང་ཡུས་དང་མཉམ་དུ་ཨེན་ཐ་ལུའེ་སློབ་འབྲིང་དུ་དགེ་རྒན་བྱས། ཁོང་གིས་གསར་འགོད་པར“ཨེན་ཐ་ལུའེ་སློབ་འབྲིང་གི་ཁག་དང་པོའི‘ཕྱི་རྒྱལ་དགེ་རྒན’ཡིན་པའི་ངོས་ནས་ཡུལ་དེའི་སློབ་ཕྲུག་ཚོས་རྒྱ་ཡིག་སྦྱོང་འདོད་ཆེན་པོ་བྱེད་པ་མཐོང་སྐབས་ངས་ཁོང་ཚོར་རྒྱ་ཡིག་ཡག་པོ་སློབ་རྒྱུའི་སེམས་ཐག་བཅད་པ་ཡིན”ཞེས་བརྗོད།
  ཁོང་ཚོས་རྒྱུན་འཁྱོངས་ལྷོད་མེད་དང་འབད་བརྩོན་ཧུར་ཐག་བྱས་པས་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཅིང་། ཨེན་ཐ་ལུའེ་སློབ་འབྲིང་གིས་འདེམས་གཏོང་བྱས་པའི་སློབ་མས“རྒྱ་སྐད་འབྲེལ་ཟམ”གྱི་འགྲན་བསྡུར་ནང་གྲུབ་འབྲས་བཟང་པོ་ཡང་ཡང་བླངས་ཡོད། 2021ལོའི་ཟླ་7པར་སློབ་གྲྭ་དེའི་སློབ་མ་ཏོན་ཝའེ་ཀྲེ་ལ“རྒྱ་སྐད་འབྲེལ་ཟམ”གྱི་འཛམ་གླིང་སློབ་འབྲིང་སློབ་མའི་རྒྱ་ཡིག་འགྲན་བསྡུར་གྱི་ཝུ་ཀན་ཏ་འགྲན་ཁུལ་གྱི་ཨང་དང་པོ་ཐོབ་ཡོད།
  ཝང་མོང་ཡུན་དང་འདྲ་བར་ཤང་ཐེན་སློབ་ཆེན་ནས་ཐོན་པའི་ཏེང་ཧྲུའུ་ཤན་ཡང་ཝུ་ཀན་ཏ་རུ་ལས་ཀ་བྱས་ནས་ལོ་3ཕྱིན་ཡོད། ཁོང་གིས་སློབ་ཁྲིད་ས་ཚིགས་མི་འདྲ་བར་ལས་ཀ་བྱེད་མྱོང་ཡོད་ལ། བུ་བཅོལ་ཁང་གི་ཕྲུ་གུ་དང་། སློབ་གྲྭ་འབྲིང་ཆུང་གི་སློབ་མ། སློབ་ཆེན་སློབ་མ་སོགས་ཚང་མར་སློབ་ཚན་ཁྲིད་མྱོང་ཡོད། ཁོང་གིས“སློབ་ཁྲིད་ས་ཚིགས་མི་འདྲ་བར་སློབ་ཚན་འཁྲིད་སྟངས་ཀྱང་འདྲ་ཡི་མེད། དཔེར་ན། རྒྱལ་སྤྱིའི་སློབ་གྲྭའི་བུ་བཅོལ་སློབ་གསོའི་འཛིན་གྲྭར་ཕྲུ་གུ་ཚོར་སྐད་ཡིག་ལ་དགའ་ཞེན་སླེབས་སུ་འཇུག་དགོས་པ་དང། སློབ་འབྲིང་དང་སློབ་ཆུང་སློབ་མར་གཙོ་བོ་རྒྱ་སྐད་ཤོད་ཐུབ་པ་དང་ཀྲུང་གོའི་རིག་གནས་ལ་རྒྱུས་ལོན་རགས་ཙམ་ཡོང་དུ་འཇུག་རྒྱུ་དེ་རེད། སློབ་ཁྲིད་ཀྱི་ཉམས་མྱོང་བསགས་པ་དང་བསྟུན་ནས་ང་དང་སློབ་མའི་དབར་གྱི་སྤེལ་རེས་ཀྱང་བྱེད་བདེ་རུ་སོང་ནས་སློབ་ཁྲིད་གྲུབ་འབྲས་ཀྱང་དེ་མཚུངས་ཀྱིས་ལེགས་སུ་ཕྱིན་སོང”ཞེས་བརྗོད།
  ཝང་མོང་ཡུན་དང་ཏེང་ཧྲུའུ་ཤན་དང་འདྲ་བར“90ནང་སྐྱེས”ཀྱི་ཝང་ཞའོ་ཅོན་ལའང་ཕྱི་རྒྱལ་དུ་རྒྱ་ཡིག་སློབ་ཁྲིད་བྱས་པའི་ཉམས་མྱོང་ལོ་7ལྷག་ཙམ་ཡོད། 2014ལོར་ཧའེ་ནན་སློབ་ཆེན་ནས་ཐོན་རྗེས་ཁོང་གིས་སྔོན་ལ་ཧྥི་ལི་ཕིན་གྱི་སློབ་ཆེན་ཞིག་ཏུ་རྒྱ་ཡིག་སློབ་ཚན་འཁྲིད་མཁན་དང་བླངས་པ་ཞིག་བྱས་པ་དང་རྗེས་སུ་མའེ་ཁེ་ལུའེ་ལུའེ་སློབ་ཆེན་ཁུང་ཙི་སློབ་གླིང་གི་གཞུང་ཕྱོགས་དགེ་རྒན་ཞིག་ཏུ་གྱུར་ཡོད།
  ཝང་ཞའོ་ཅོན་གྱིས་བརྗེད་པར་དཀའ་བ་ཞིག་ལ་2019ལོར་ཁོང་དང་ཡུལ་དེའི་དགེ་རྒན་ཨ་ཕོ་ལུའོ་ཡིས་ཝུ་ཀན་ཏའི་གྲོང་ཁྱེར་བརྙན་འཕྲིན་ལས་ཁུངས་སུ་རྒྱ་ཡིག་སློབ་ཁྲིད་ཀྱི་བརྙན་འཕྲིན་ལེ་ཚན《ང་ཚོས་རྒྱ་སྐད་ཤོད》ཅེས་པ་གཙོ་སྐྱོང་བྱས། ལེ་ཚན་ནང་རྒྱ་ཡིག་ཐོག་ནས་འཚོ་བ་མཚོན་པའི་དགོད་བྲོ་བའི་གཏམ་རྒྱུད་མང་པོ་བཀོད་སྒྲིག་བྱས་པ་མ་ཟད། དྲི་བ་དྲིས་ལན་གྱི་ལྷུ་ཚིགས་ཀྱང་བཀོད་སྒྲིག་བྱས་ཡོད་པས་ཡུལ་དེའི་རྒྱ་ཡིག་སྦྱོང་མཁན་ཁྲོད་དུ་གདེང་འཇོག་བཟང་པོ་རྒྱ་ཁྱབ་ཐོབ་སྟེ་ལེ་ཚན་ལྟ་མཁན་མི་ཁྲི་30ཙམ་ཟིན་ཡོད།
  “ཝུ་ཀན་ཏ་རུ་སླེབས་རྗེས་ཡུལ་དེའི་རྒྱ་ཡིག་སློབ་ཁྲིད་ལས་དོན་སྤྱི་ཡོངས་ཀྱི་འཕེལ་རིམ་བདེ་བླག་བྱུང་བ་དེས་ལས་ཀ་བྱེད་པའི་སེམས་ཤུགས་དེ་བས་འཕེལ་ཏེ་ང་ལ་གྲུབ་འབྲས་ཐོབ་པའི་ཚོར་སྣང་ཞིག་ཡོང་གི་འདུག”ཅེས་དང་། “ངས་རྒྱ་ཡིག་རྒྱལ་སྤྱིའི་སློབ་ཁྲིད་དེ་ཡུན་རིང་གི་བྱ་གཞག་ཞིག་ལ་བརྩིས་ནས་བསྒྲུབས་ཏེ་རང་ཉིད་ཀྱི་ཆེད་ལས་རྩལ་ནུས་ཟམ་མི་ཆད་པར་མཐོ་རུ་གཏོང་གི་ཡོད”ཅེས་ཝང་ཞའོ་ཅོན་གྱིས་བརྗོད།