ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

འཛམ་གླིང་དབུས་ཤར་གྱི་སྨྱུང་གནས་ཟླ་བའི་འཛད་སྤྱོད་ཁྲོམ་རར་ཀྲུང་གོའི་བཀྲག་མདངས་མངོན་པ།

སྤེལ་དུས 2022-05-09 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  མུའུ་ཧན་མོ་ཏེ·མ་ལའེ་ནི་དབྱི་རག་གི་རྒྱལ་ས་པ་ཀ་ཏ་གྲོང་ཁྱེར་གྱི་ལྟེ་བའི་ཧྲུར་ཅ་ཁྲོམ་རའི་ཁྲོམ་བཀྱག་ཅིག་གི་སྦྱིན་བདག་རེད། ཁོང་གི་ཁྲོམ་བཀྱག་ཐོག་ཀྲུང་གོའི་རྩེད་ཆས་ཆུང་ངུ་སྟེ། བུ་མོས་དགའ་པོ་བྱེད་པའི་ཨ་ལད་པད་ཁོག་གི་རྩེད་ཆས་སྒམ་དང་བུས་དགའ་པོ་བྱེད་པའི་རླངས་འཁོར་རྩེད་ཆས་ཡོད་ལ། ད་དུང་འདི་ལོ་བྲིན་ཁ་ཧ་ཅང་རྒྱུག་པའི་གླུ་གཏོང་གར་འཁྲབ་ཤེས་པའི་མེ་ཏོག་དབང་ལག་གི་རྩེད་ཆས་ཀྱང་ཡོད།
  ཁོང་གིས་གསར་འགོད་པར། འདི་ལོ་དཔལ་འབྱོར་དུས་བབ་དེ་ཙམ་ཡག་པོ་མེད་རུང་། ཀྲུང་གོའི་ཚོང་ཟོག་ལས་རང་ཉིད་ལ་ཡོང་འབབ་མི་ཉུང་བ་ཞིག་གསོག་ཐུབ་བྱུང་། “ཀྲུང་གོའི་ཚོང་ཟོག་གི་སྤུས་ཀ་ལེགས་པ་དང་རིན་གོང་ཁེ་བས་དབྱི་རག་གི་འཛད་སྤྱོད་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག ང་ཚོས་ད་དུང་དགོས་མཁོ་གཞིར་བཟུང་ཚོང་ཟོག་ལ་རེ་བ་གསར་པ་བཏོན་ཏེ། ཚད་གཞི་མཐོ་རུའམ་ཡང་ན་དམའ་རུ་གཏོང་གི་ཡོད་པས། ཀྲུང་གོའི་ཚོང་ཟོག་གིས་རེ་བ་སྐོང་མི་ཐུབ་པ་གཅིག་ཀྱང་མི་འདུག”ཅེས་བརྗོད།
  གསར་གཏོད་ནི་ཀྲུང་གོའི་ཚོང་ཟོག་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཁྲོམ་རར་ནམ་ཡང་བྲིན་ཁ་རྒྱུག་པའི་ཐབས་མཆོག་ཅིག་རེད། ཀྲེ་ཅང་དབྱི་ཝུའུ་ཡི་རྩེད་ཆས་ཀུང་སི་ཞིག་གི་འགན་འཁུར་བ་ཝང་ཤུས་ཞུའེ་ཡིས། ཕྱི་རྒྱལ་གྱི་ཉོ་སྒྲུབ་ཚོང་པ་ཡོང་རྒྱུ་བསྒུགས་ནས་སྡོད་རྒྱུ་མེད་པར། དེ་ལས་ལྡོག་སྟེ་རང་འགུལ་གསར་གཏོད་བྱེད་དགོས། གླུ་གཏོང་ཤེས་པའི་མེ་ཏོག་དབང་ལག་སྤུ་སོབ་སོབ་དེ་རྩེད་ཆས་གསར་གཏོད་བྱས་པའི་གྲས་ཤིག་རེད་ཅེས་བརྗོད།
  འཛམ་གླིང་དབུས་ཤར་གྱི་ཁྲོམ་རར་ས་གདན་དང་ལག་རྟགས་གདན་སྔར་ནས་བཟུང་བྲིན་ཁ་ཅུང་རྒྱུག་པོ་ཡོད། དབྱི་ཝུའུ་ཚོང་དོན་གྲོང་གི་ཚོང་པ་ཧོ་ཅིང་ཅོན་གྱིས་གསར་འགོད་པར། སྲོལ་རྒྱུན་གྱི་ས་གདན་ཐོག་ཕ་ལམ་གྱི་ཕྲ་བརྒྱབ་པ་དང་ཕྱོགས་སྟོན་འཁོར་ལོ་བསྒར་བ་སོགས་གསར་གཏོད་ཇུས་འགོད་བྱས་པ་མ་ཟད། ད་དུང་སྤྱིན་དཀར་གྲུབ་ཆས་ཕྱག་འཚལ་གདན་བཟོས་པས་འཛམ་གླིང་དབུས་ཤར་གྱི་འཛད་སྤྱོད་པ་ཚོས་ཧ་ཅང་དགའ་པོ་བྱེད་ཀྱི་འདུག་ཅེས་བརྗོད།
  འཛམ་གླིང་དབུས་ཤར་གྱི་ཕྱི་ཕྱོགས་ཚོང་དོན་ཚོང་པ་མི་ཉུང་བ་ཞིག་གིས་ཛ་དྲག་པའི་རྒྱལ་སྤྱིའི་ཁོར་ཡུག་དང་ཏོག་གསར་རིམས་ནད་ཀྱི་ཤུགས་རྐྱེན་འོག་ཀྲུང་གོའི་གོ་ལ་ཧྲིལ་པོའི་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་ཀྲུང་གོར་ཡོད་པའི་ཚོང་དོན་རོགས་ཟླས་དུས་བཀག་ལྟར་མངགས་ཐོ་ལེགས་སྒྲུབ་བྱས་པར་བསྔགས་བརྗོད་ཆེན་པོ་བྱེད་ཀྱི་ཡོད་པ་རེད།
  སོ་ཏིའི་ཕྱི་ཕྱོགས་ཚོང་དོན་ཚོང་པ་ཨ་པུའུ་ཏུའུ་ལེ་ལ་ཧོ་མན·ཨ་ལ་ཝང་ཏེ་ཡི་ངོས་ནས་བརྗོད་ན། ཀྲུང་གོར་ཡོད་པའི་ཚོང་དོན་རོགས་ཟླ་ནི“བློས་འགེལ་ཆོག་ལ་ཡིད་ཆེས་བྱེད་ཆོག་པ་ཞིག་ཡོད”ཁོང་གིས་ཀྲུང་གོ་དང་ཕྱི་ཕྱོགས་ཚོང་དོན་གྱི་ཚོང་བརྒྱབ་ནས་ལོ་བཅུ་ལྷག་ཙམ་སོང་བ་དང་ཀྲུང་གོར་ཐེངས་མང་སྐྱོད་མྱོང་ཡོད། “རིམས་ནད་འཛམ་གླིང་དུ་མཆེད་སྐབས་ཀྲུང་གོའི་ཚོང་ཟོག་འཛམ་གླིང་ས་གནས་ཁག་ཏུ་ཕྱིར་ཚོང་བྱས་པས་དུས་བཀག་ནང་གོ་ལ་ཧྲིལ་པོའི་ཁྲོམ་རའི་དགོས་མཁོ་སྐོང་ཐུབ་པས། ཀྲུང་གོའི་དཔལ་འབྱོར་གྱིས་གོ་ལ་ཧྲིལ་པོའི་ཁྲོམ་རར་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཀྱི་ཡོད”
  རིམས་ནད་ཐོན་ཚུན་རྒྱལ་སྤྱིའི་དབོར་གླ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་པ་དང་། འདི་ལོ་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད། མ་བཅོས་རྒྱུ་ཆའི་རིན་གོང་ཁག་གཅིག་ཀྱང་མཐོ་རུ་འགྲོ་གི་ཡོད། གསར་འགོད་པར་ཤེས་རྟོགས་བྱུང་བར། དབྱི་ཝུའུ་ཡི་ཚོང་པ་མི་ཉུང་བ་ཞིག་གིས་ཚོང་ཟོག་ཆེ་གྲས་དག་བཤིག་སྒྲིག་ཐུབ་པའི་སྒྲིག་ཆས་བཟོས་ནས་སྐྱེལ་འདྲེན་གྱི་བར་མཐོངས་གྲོན་ཆུང་ཐུབ་པ་མ་ཟད། སྐྱེལ་འདྲེན་གྱི་ཕན་ནུས་ཀྱང་ཆེ་རུ་ཕྱིན་ནས་འཛམ་གླིང་དབུས་ཤར་ས་ཁུལ་གྱི་ཚོང་པའི་ཁེ་ཕན་འགན་ལེན་བྱས་ཡོད་པ་རེད།
  ཨེ་ཅིབ་ཀྱི་ཨེ་ཀྲུང་ཚོང་ཚོགས་ཀྱི་དྲུང་ཆེ་ཏི་ཡ·ཧོར་སྨི་ཡིས་གསར་འགོད་པར། “ཀྲུང་གོས་འཛམ་གླིང་དབུས་ཤར་གྱི་རིག་གནས་ཐོན་ལས་ལ་དོ་ཁུར་བྱས་ནས་སྨྱུང་གནས་ཟླ་བའི་ཇུས་འགོད་དང་ཁྱད་ལྡན་ཚོང་ཟོག་ཐོན་སྐྱེད་བྱས་ཏེ། འཛམ་གླིང་དབུས་ཤར་ས་ཁུལ་གྱི་གྲོགས་པོ་ཚོ་དང་དུས་ཆེན་གྱི་སྤྲོ་སྣང་མཉམ་དུ་རོལ་བ་རེད”ཅེས་བརྗོད།
  ཧོར་སྨི་ཡིས་ཀྲུང་གོས་ཨེ་ཅིབ་དང་འཛམ་གླིང་དབུས་ཤར་དང་དེ་བཞིན་ཨ་ཧྥེ་རི་ཁའི་སྐམ་ས་ཆེ་མོ་འཕེལ་རྒྱས་ལ་རྒྱབ་སྐྱོར་ཆེན་པོ་བྱས་ཏེ། གོ་ལ་ཧྲིལ་པོའི་ཐོན་ལས་འཁོར་འབྲེལ་དང་མཁོ་སྤྲོད་འཁོར་འབྲེལ་བརྟན་པོ་དང་འཛམ་གླིང་དཔལ་འབྱོར་རྒྱུན་མཐུད་སླར་གསོ་ཡོང་རྒྱུར་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་རྒྱུའི་ངོས་འཛིན་བྱས་པ་རེད།