ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

“ཐེ་ཀྲུང་མཛའ་གྲོགས་འབྲེལ་བ་སྔར་བས་ལེགས་སུ་འགྲོ་བར་སྐུལ་འདེད་གཏོང་དགོས”

སྤེལ་དུས 2022-11-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཐེ་ལན་དང་ཀྲུང་གོའི་དཔལ་འབྱོར་མཐུན་ཚོགས་ཀྱི་ཀྲུའུ་ཞི་སུང་ལི·ཕུའུ་ཅིས་ཉིན་ཤས་གོང་འདི་ག་ཚགས་པར་གྱི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་གནང་སྐབས། ཐེ་ལན་དང་ཀྲུང་གོའི་དཔལ་འབྱོར་འགྲོ་འོང་དམ་ཟབ་དང་གསབ་རེས་ཀྱི་རང་བཞིན་ཆེན་པོ་ལྡན་ཡོད། “ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཚམས་འདྲི་གནང་བ་ལས་ཐེ་ལན་ལ་འཕེལ་རྒྱས་ཀྱི་གོ་སྐབས་དེ་བས་མང་བ་ཐོབ་ནས། ཐེ་ལན་དང་ཀྲུང་གོའི་མཛའ་གྲོགས་འབྲེལ་བ་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་ཐུབ”ཅེས་གསུངས་པ་རེད།
  ཐེ་ཀྲུང་དཔལ་འབྱོར་མཐུན་ཚོགས་ནི་2011ལོའི་ཟླ་6པར་བཙུགས་པ་དང་། ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་བཞིན་ཡོད། མིག་སྔར་ཚོགས་མིའི་ཁེ་ལས་300ལྷག་ཙམ་ཡོད་ཅིང་། “ང་ཚོ་ནི་ཁེ་གཉེར་གྱི་རང་བཞིན་མིན་པའི་མཐུན་ཚོགས་ཤིག་རེད། ལས་ཀ་གཙོ་བོ་ནི་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་ཁེ་ལས་འབྲིང་ཆུང་ལ་ཚོང་ལས་ཀྱི་གོ་སྐབས་འཚོལ་བ་དང་འབྲེལ་ལམ་བཙུགས་ནས། མཉམ་ལས་ཀྱི་བར་མཐོངས་རྒྱ་ཆེར་གཏོང་རྒྱུ་དེ་རེད”ཅེས་སུང་ལི·ཕུའུ་ཅིས་གསུངས་པ་དང་། ད་ཆ་ཐེ་ཀྲུང་རྒྱལ་ཁབ་གཉིས་པོའི་འབྲེལ་བ་དེ་བས་ཟབ་ཏུ་ཕྱིན་པས་ཕྱོགས་གཉིས་པོའི་དཔལ་འབྱོར་མཉམ་ལས་ཀྱི་མདུན་ལམ་དེ་བས་རྒྱ་ཆེན་པོ་ཡོད།
  སུང་ལི·ཕུའུ་ཅི་དེ་སྔོན་ཐེ་ལན་གྱི་ཕྱི་འབྲེལ་པུར་ལས་ཀ་ལོ་20ལྷག་ཙམ་བྱས་ནས། ཐེ་ལན་གྱི་ཕྱི་འབྲེལ་དང་དཔལ་འབྱོར་གནད་དོན་ལ་ཡུན་རིང་ཞིབ་འཇུག་གནང་ཡོད། ཁོང་གིས་ཐེ་ལན་གྱི་ཁེ་ལས་མང་པོ་ཞིག་ལ་ཕྱི་ཕྱོགས་ཀྱི་ཁྲོམ་རར་བརྟེན་པའི་གཞན་རྟེན་གྱི་རང་བཞིན་ཆེན་པོ་ཡོད། དཔེར་ན། ཁོང་གི་ཕ་ཡུལ་ཕུ་ཅི་ཧྥུ་དང་ལྷོ་ཕྱོགས་ཀྱི་ས་ཆ་གཞན་དག་ནས་འགྱིག་དང་ཤིང་འབྲས་སོགས་ཀྱི་སྐྱེ་དངོས་མང་པོ་ཐོན་གྱི་ཡོད་མོད། འོན་ཀྱང་ལག་རྩལ་འདང་གི་མེད་ལ་ཚོང་ར་ཡང་རྒྱ་ཆེན་པོ་མེད། “དེ་དག་ཚང་མ་ནི་ཀྲུང་གོར་ཡོད་པའི་ལེགས་ཆ་ཡང་རེད”ཅེས་གསུངས་པ་རེད།
  1984ལོར་སུང་ལི·ཕུའུ་ཅིས་ཐེ་ལན་སྲིད་གཞུང་གི་འཐུས་མི་ཚོགས་པ་དང་མཉམ་དུ་ཀྲུང་གོར་འཚམས་འདྲིར་ཕེབས་ནས། པེ་ཅིང་དང་། ཧྲང་ཧའེ། ཞ་མོན་སོགས་གྲོང་ཁྱེར་དུ་ཕེབས་མྱོང་ཡོད། དེ་རྗེས། ཁོང་གིས་སླར་ཡང་ཀྲུང་གོར་འཚམས་འདྲི་ཐེངས་10ལྷག་ཙམ་བྱས་ནས་ཀྲུང་གོར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་བའི་དཔང་པོ་གནང་ཡོད། “ཀྲུང་གོར་འཕེལ་རྒྱས་མྱུར་པོ་ཕྱིན་འདུག འགྲོ་ཐེངས་རེར་ས་ཆ་མང་པོ་ཞིག་ངོ་ཤེས་ཀྱི་མི་འདུག ལྷག་པར་དུ་ཉེ་བའི་ལོ་བཅུའི་རིང་། ཀྲུང་གོར་ཚན་རྩལ་དང་ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་ཐོབ་ཡོད”ཅེས་སུང་ལི·ཕུའུ་ཅིས་མྱོང་ཚོར་ཟབ་མོའི་སྒོ་ནས་གསུངས།
  མཇུག་འགྲིལ་མ་ཐག་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་མི་སྣའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པའི་སྐོར་གླེང་སྐབས། སུང་ལི·ཕུའུ་ཅིས་ཐེ་ལན་དང་ཀྲུང་གོ་ནི་ཕྱོགས་མང་རིང་ལུགས་ལ་རྒྱབ་སྐྱོར་བྱེད་མཁན་ཞིག་ཡིན་པ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་ཀྲུའུ་ཞིའི་ཚོགས་འདུར་ཞུགས་པ་དེ་ནི་མགྲོན་བདག་རྒྱལ་ཁབ་ཐེ་ལན་ལ་རྒྱབ་སྐྱོར་ཆེན་པོ་གནང་བ་ཞིག་རེད། ཐེ་ཀྲུང་མཉམ་ལས་ཕྱོགས་ཡོངས་ནས་རིམ་པ་སྤར་ཏེ་རྒྱལ་ཁབ་གཉིས་པོའི་དམངས་ཚོགས་ལ་བདེ་སྐྱིད་སྐྲུན་ཐུབ་པའི་རེ་སྒུག་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།