ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་སྤྱིའི་གསར་འགྱུར།

ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ནས་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་དགོས།

སྤེལ་དུས 2022-11-29 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཁོངས་མིའི་རྒྱལ་ཁབ་ཁག་ལ་སྐད་ཆ་ཤོད་རེས་ལ་ཤུགས་སྣོན་དང་ངོས་འཛིན་གཅིག་མཐུན་ཡོང་བར་སྟེགས་བུ་གལ་ཆེན་ཞིག་མཁོ་འདོན་བྱས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཐུན་སྒྲིལ་དང་མཉམ་ལས་ལ་སྐུལ་འདེད་བཏང་དང་གཏོང་བཞིན་ཡོད། ཐེ་ལན་གྱི་པང་ཁོག་ཏུ་འཚོགས་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པའི་ཐོག ཁོངས་མིའི་རྒྱལ་ཁབ་ཁག་གིས་མཉམ་དུ་འཛོམས་ནས་མཉམ་ལས་ཀྱི་སྐོར་ཐུན་མོང་ཐོག་གླེང་སྟེ། ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་བར་སེམས་ཤུགས་འཕེལ་ཐབས་བྱས་ཡོད།
  ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ནང་ཞུགས་ནས་ལོ་31སོང་རིང་། ཀྲུང་གོའི་དཔལ་འབྱོར་བརྟན་པོའི་ངང་འཕར་ནས་ས་ཁུལ་དང་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་ཧུར་ཐག་ཕུལ་ཡོད། 2021ལོའི་ཟླ་11པར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་བརྒྱད་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ཞིང་། 2040ལོའི་པུ་ཐེ་ལཱ་ཅ་ཡཱའི་རེ་འདོད་སྒྲུབ་པར་སྐུལ་འདེད་བཏང་ནས་སྒོ་དབྱེ་བསྟུན་མཁས་དང་། གསར་གཏོད་འཕར་སྣོན། ཕན་ཚུན་འབྲེལ་མཐུད། མཉམ་ལས་གཉིས་ཁེ་བཅས་ཀྱི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུར་དམིགས་ཏེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་རིམས་འགོག་མཉམ་ལས་དང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་རྒྱུ་དང་། སྒོ་དབྱེ་རྣམ་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་འཛུགས་གཏོད་བྱ་རྒྱུ། གསར་གཏོད་འཕར་སྣོན་དང་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ། བསྟུན་མཁས་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱ་རྒྱུ་བཅས་ཀྱི་བྱ་བ་འགའ་ཞིག་གཙོ་གནད་དུ་བཟུང་ནས་ཡག་པོ་བསྒྲུབས་ཏེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱིས་རིམས་ནད་ལས་རྣམ་པར་རྒྱལ་བ་དང་དཔལ་འབྱོར་སླར་གསོར་སྐུལ་འདེད་གཏོང་བར་ཁ་ཕྱོགས་གསལ་སྟོན་བྱེད་དགོས་ཞེས་ནན་བཤད་གནང་ཡོད། འདི་ལོ་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་བཟོ་ཚོང་འགོ་ཁྲིད་པའི་དབུ་ཚོགས་ཐོག་ཡིག་ཐོག་གཏམ་བཤད་གནང་བ་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་ཉེར་དགུ་པར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་སྟེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་རྒྱུའི་ཀྲུང་གོའི་ཇུས་གཞི་བརྒྱུད་རིམ་ལྡན་པའི་ངང་རྒྱས་བཤད་གནང་བ་དེ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་མཉམ་ལས་བརྟན་ཐོག་རྒྱང་སྐྱོད་ཐུབ་པར་ཆ་རྐྱེན་བསྐྲུན་རྒྱུ་དང་ནུས་པ་ཆེ་རུ་གཏོང་རྒྱུའི་ངོས་ནས་བརྗོད་ན་ཕན་ཐོགས་ཡོད་པ་ཞིག་རེད། ཀྲུང་གོས་བྱ་སྤྱོད་དངོས་ཀྱི་ཐོག་ནས་འཛམ་གླིང་ཚོང་དོན་རྩ་འཛུགས་ཀྱིས་སྲོག་ཤིང་དུ་བྱས་པའི་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་ལ་སྲུང་སྐྱོང་བྱས་པ་དང་། སྒོ་དབྱེ་རྣམ་པའི་འཛམ་གླིང་གི་དཔལ་འབྱོར་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ། ས་ཁུལ་དང་ཐ་ན་འཛམ་གླིང་གི་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་ཆེས་བྱེད་པའི་ཕྱོགས་ཁག་གི་སེམས་ཤུགས་ཆེ་རུ་བཏང་ཡོད།
  མིག་སྔར་འཛམ་གླིང་གི་དཔལ་འབྱོར་སླར་གསོ་ཡོང་ཤུགས་ཆུང་ཞིང་། འབྲུ་རིགས་དང་ནུས་རྒྱུའི་བདེ་འཇགས་དང་དངུལ་རྩ་བརྟན་ལྷིང་ལ་སྲུང་སྐྱོང་བྱ་རྒྱུ་དང་། གནམ་གཤིས་ཀྱི་འགྱུར་ལྡོག་དང་འགོ་ཁྱབ་རང་བཞིན་གྱི་ནད་རིགས་ལ་ཁ་གཏད་གཅོག་རྒྱུ། རྒྱུན་མཐུད་འཕེལ་རྒྱས་ཡོང་བ་བྱ་རྒྱུ་སོགས་ཀྱི་གྲོས་གཞི་གལ་ཆེན་ཐད་ལ་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་གླེང་མོལ་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས་པ་དང་། ཕྱོགས་ཁག་གིས་ཕྱོགས་རྐྱང་རིང་ལུགས་དང་སྲུང་སྐྱོང་རིང་ལུགས་ལ་ཐུན་མོང་ཐོག་ངོ་རྒོལ་བྱེད་པ་དང་མཐུན་སྒྲིལ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། ལག་གདང་སྦྲེལ་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བ་དང་མིའི་རིགས་ལ་འཕྲད་པའི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་ཆེད་འབད་བརྩོན་བྱེད་དགོས། ཀྲུང་གོས་ཕྱོགས་མང་རིང་ལུགས་ངོ་མ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དེ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་ཁྱིམ་ཚང་ཆེན་པོའི་མཐུན་སྒྲིལ་ལ་སྲུང་སྐྱོང་དང་། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་སྐྱོན་བྲལ་དང་རྒྱུན་མཐུད་འཕེལ་རྒྱས་ཡོང་བའི་ངོས་ནས་བརྗོད་ན་ཕན་ཐོགས་ཡོད་པ་ཞིག་རེད། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱིས་ཕྱོགས་མང་རིང་ལུགས་ལག་ལེན་བསྟར་ཏེ། ཐུན་མོང་ཐོག་འགྲན་སློང་ལ་ཁ་གཏད་གཅོག་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་བསྡུ་བ་ང་ཚོས་མཐོང་འདོད་ཆེན་པོ་བྱེད་ཀྱི་ཡོད།