ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ཉེ་དུས་ཀྱི་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ།

སྤེལ་དུས 2020-02-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
         ཟླ་2ཚེས་26ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་འཚོགས་ཏེ། ཏོག་གསར་གློ་ཚད་རིམས་ནད་ལ་ཁ་གཏད་གཅོག་པའི་ཀྲུང་དབྱང་གི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་སྙན་སེང་གསན་པ་དང་འབྲེལ། མིག་སྔའི་རིམས་ནད་ཀྱི་དུས་བབ་ལ་དབྱེ་ཞིབ་དང་ཉེ་དུས་ཀྱི་སྔོན་འགོག་ཚོད་འཛིན་གྱི་གཙོ་གནད་ལས་དོན་ལ་ཞིབ་འཇུག་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བ་རེད།
         ཏང་ཀྲུང་དབྱང་གིས་རྒྱ་ཆེའི་ཏང་ཡོན་ལ་འབོད་སྐུལ་བྱས་པ་དང་ལེན་ཞུས་ནས། བློ་མཐུན་ཞི་ཅིན་ཕིང་དང་། ལི་ཁེ་ཆང་། ལི་ཀྲན་ཧྲུའུ། ཝང་དབྱང་། ཝང་ཧུའུ་ཉིང་། ཀྲའོ་ལེ་ཅི། ཧན་ཀྲེང་བཅས་ཀྱིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ལ་རྒྱབ་སྐྱོར་བྱེད་ཆེད་ཞལ་འདེབས་ཕུལ་བ་རེད།
         ཞི་ཅིན་ཕིང་གིས་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་ཞིང་། ཁོང་གིས་མིག་སྔར་རྒྱལ་ཡོངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་ལེགས་པའི་ཕྱོགས་སུ་རྒྱ་བསྐྱེད་འགྲོ་བཞིན་ཡོད་པ་དང་། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སླར་གསོ་མགྱོགས་མྱུར་ཡོང་བ་བྱེད་པ་དང་དུས་མཚུངས། ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་ཀྱི་དུས་བབ་སྔར་བཞིན་རྙོག་འཛིང་ཆེ་ལ་ཛ་དྲག་པོ་ཡོད་རྐྱེན་འབྲེལ་ཡོད་ས་ཁུལ་གཞན་དག་གིས་རིམས་ནད་སླར་ཡང་ཐོན་པའི་ཉེན་ཁར་སྣང་ཆུང་གཏན་ནས་བྱེད་མི་རུང་། དུས་ཚོད་དེ་འདྲའི་སྐབས་སུ་དེ་ཙམ་གྱིས་ཡང་དག་པའི་ཁྲིད་སྟོན་ལ་ཤུགས་སྣོན་བརྒྱབ་སྟེ་ཕྱོགས་ཁག་གིས་བསམ་བློ་དང་བྱ་སྤྱོད་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་སྐུལ་འདེད་གཏོང་བ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཤུགས་སྣོན་རྒྱག་རྒྱུ་དེ་ལྷོད་གཡེང་མི་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ཁག་ལ་དམ་འཛིན་ནན་པོ་བྱེད་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་དོན་ལ་སྤྱི་འདོམས་སྐུལ་འདེད་དང་། རིམས་ནད་དང་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དུས་བབ་ཁོང་དུ་ཆུད་པར་དབྱེ་ཞིབ་གནད་འཁེལ། འགལ་ཟླ་གཙོ་བོ་དང་འགལ་ཟླའི་ཕྱོགས་གཙོ་བོར་དམ་འཛིན་ནན་པོ། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་མི་དམངས་དམག་འཁྲུག་དང་། ཁྱོན་ཡོངས་ཀྱི་དམག་འཐབ། འགོག་རྒོལ་དམག་འཐབ་བཅས་ལ་རྒྱལ་ཁ་ལེན་པའི་འགན་ལེན་བཅས་བྱས་ནས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་རྒྱལ་ཁ་ཕུ་ཐག་གཅོད་པ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་ཐག་གཅོད་དམག་འཐབ་ཀྱི་དམིགས་ཚད་ལས་འགན་མངོན་འགྱུར་ཧུར་ཐག་ཡོང་བ་བྱེད་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། སྟོབས་ཤུགས་དང་ཐོན་ཁུངས་མུ་མཐུད་གཅིག་སྡུད་བྱས་ཏེ་ཧུའུ་པེ་ཞིང་ཆེན་དང་ཝུའུ་ཧན་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་དགོས། གྲལ་བཤེར་དང་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་པའི་གྲུབ་འབྲས་སྲ་བརྟན་དུ་བཏང་ནས་འགོ་ཁུངས་ཚོད་འཛིན་དང་འགོ་ལམ་ཏན་ཏིག་གཅོད་དགོས། སྡེ་ཁུལ་གྱི་གྲལ་བཤེར་དང་སྔོན་འགོག་ཚོད་འཛིན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ལས་བྱེད་པ་དེ་བས་མང་བ་སྐོང་འཐེན་གྱིས་གཞི་རིམ་དུ་རོགས་སྐྱོར་བྱེད་པར་མངགས་པ། ས་གནས་དེ་གའི་རིགས་ཁག་གི་ལས་བྱེད་པ་སྡེ་ཁུལ་གྱི་སྔོན་འགོག་ཚོད་འཛིན་ལས་དོན་ནང་ཧུར་ཐག་ཞུགས་རྒྱུར་རྒྱབ་སྐྱོར་བྱེད་པ། མང་ཚོགས་ཀྱི་རང་ངོས་དོ་དམ་དང་། རང་ངོས་ཞབས་ཞུའི་ཧུར་བརྩོན་རང་བཞིན་སྐོང་འཐེན་ཧུར་ཐག་བྱེད་པ། ཁུལ་ཆུང་རྙིང་པའི་འཕྲོད་བསྟེན་རིམས་འགོག་དང་སྤྱི་ཚོགས་ཞབས་ཞུ་སོགས་ཐད་ཀྱི་ཞན་ཆ་མགྱོགས་མྱུར་སེལ་བ། མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་གྱི་ལས་དོན་གཏིང་ཟབ་དང་ཞིབ་ཚགས་ངང་ཡག་པོ་སྒྲུབ་པ། བསམ་བློ་ཆབ་སྲིད་ཀྱི་ལས་དོན་ལ་ཤུགས་སྣོན་རྒྱག་པ། མང་ཚོགས་ལ་བསམ་བློའི་དོགས་གནད་སེལ་རྒྱུར་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། ནད་གཞི་ལྕི་བའི་ནད་པ་སྐྱོབ་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཆུ་ཚད་མཐོ་བའི་རུ་ཁག་གིས་མཉམ་དུ་འགག་སྒྲོལ་དང་རིག་ཚན་མང་བའི་རིགས་གཅིག་མཁས་ཅན་གྱིས་མཉམ་འབྲེལ་འགག་སྒྲོལ་བྱེད་རྒྱུར་སྐུལ་འདེད་གཏོང་བ། 
         ནད་གཞི་ལྕི་བའི་ཆེད་ལས་ཀྱི་སྐྱོབ་བཅོས་སྟོབས་ཤུགས་ཀྱི་ནུས་པ་ཡག་པོ་འདོན་པ། ནད་ཐོག་སྨན་བཅོས་ཀྱི་གནད་སྨིན་རང་བཞིན་དང་ཕན་ནུས་རང་བཞིན་ཆེ་རུ་གཏོང་བ་བཅས་བྱས་ཏེ་ནད་གཞིས་རྐྱེན་པས་འཆི་ཚད་དམའ་རུ་ཧུར་ཐག་གཏོང་དགོས། ནད་གཞི་ཡང་བའི་ནད་པ་དུས་ཐོག་ཏུ་སྨན་ཁང་དུ་ཉར་ནས་སྨན་བཅོས་བྱེད་པ་དང་། སྨན་བཅོས་ཀྱི་བྱ་ཐབས་སྔ་ཙམ་ལག་བསྟར་བྱས་ཏེ་ནད་གཞི་ཡང་བའི་རིགས་ནད་གཞི་ལྕི་བར་འགྱུར་ཚད་ཉུང་དུ་གང་ཐུབ་གཏོང་དགོས། སྨན་བཅོས་འགོག་སྲུང་གི་དངོས་ཟོག་གཏོང་སྤྲོད་དང་སྡེབ་སྐྱེལ་བྱེད་ཚད་མཐོ་རུ་ནུས་ལྡན་གཏོང་བ་དང་ཐབས་ལམ་དང་འགག་གནད་ཤར་གཏོང་ཐུབ་པ་བྱས་ཏེ་འཕྲལ་མཁོའི་དངོས་ཟོག་སྐྱོབ་བཅོས་ཀྱི་འཐབ་ས་དང་པོར་གང་མགྱོགས་དབོར་དགོས། པེ་ཅིང་སོགས་གཙོ་གནད་ཞིང་ཆེན་དང་གྲོང་ཁྱེར་གྱི་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ལ་ཤུགས་སྣོན་བརྒྱབ་ནས་ཐོན་སྲིད་པའི་རིམས་ནད་འགོ་ཁུངས་ཚང་མ་མཐའ་གཅིག་ཏུ་བཀག་འགོག་བྱེད་དགོས།
         ཚོགས་འདུའི་ཐོག་བསྟན་དོན། དམིགས་བསལ་ཁུལ་དང་གཙོ་གནད་མི་ཚོགས་ཀྱི་འགོག་སྲུང་བྱ་ཐབས་ལ་ཤུགས་སྣོན་རྒྱག་དགོས། རྒན་གསོ་དང་། རོགས་སྐྱོབ། བྱིས་པའི་ཕན་བདེ། སེམས་ཁམས་འཕྲོད་བསྟེན་སྨན་བཅོས་སོགས་སྒྲིག་གཞིར་མི་སྣ་འདུ་འཛོམས་ཆེ་བ་དང་། ཁོར་ཡུག་བཀག་སྡོམ་ཡིན་པའི་ཁར། འབྲེལ་ཡོད་ཞབས་འདེགས་ཞུ་ཡུལ་གྱི་རང་ངོས་འགོག་སྲུང་ནུས་པ་ཞན་པས། ཁོངས་གཏོགས་ས་ཆའི་འགན་འཁྲི་ནན་དུ་གཏོང་བ་དང་། དོ་དམ་བྱ་ཐབས་ནན་ཤོས་ལག་ལེན་བསྟར་བ། ཕྱི་ནས་འགོ་ཁུངས་འགོག་པ། གློ་ཚད་འགོས་པའི་ནད་པ་ནུས་ཤུགས་ཡོད་རྒུས་སྐྱོབ་པ་བཅས་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་ས་དང་པོའི་ལས་དོན་མི་སྣ་དང་། སྨན་སྤྱོད་སྙིགས་རོ་དང་ཐད་ཀར་རེག་ཐུག་བྱེད་མཁན། རླུང་འགྲོ་ཡག་པོ་མེད་ཁུལ་གྱི་ཞབས་ཞུའི་མི་སྣ་སོགས་མི་ཚོགས་ཀྱི་འགོག་སྲུང་ལ་ཤུགས་སྣོན་བརྒྱབ་ནས་སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་དམིགས་སའི་རང་བཞིན་ལྡན་པའི་ངང་དོན་འཁྱོལ་བྱེད་དགོས།
         ཚོགས་འདུའི་ཐོག་ནན་བཤད་གནང་དོན། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གནད་སྨིན་དང་བརྟན་པོ་གཏོང་དགོས། རིམ་ཁག་ཏང་ཨུད་དང་སྲིད་གཞུང་གིས་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་དང་། ལས་ཞུགས་བརྟན་པོ། འགྲིམ་འགྲུལ་སྐྱེལ་འདྲེན་ཤར་བགྲོད། ཁྲོམ་རའི་མཁོ་སྤྲོད་འགན་ལེན་སོགས་ཀྱི་ལས་དོན་ཁག་ཞིབ་ཚགས་དང་ཏན་ཏིག་སྒྲུབ་དགོས། ཁེ་ལས་དང་བྱ་གཞག་ཚན་པས་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གཏན་འབེབས་ལག་ལེན་ནན་པོ་བསྟར་བར་སྐུལ་འདེད་གཏོང་དགོས་པ་དང་། སྔོན་འགོག་ཚོད་འཛིན་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་བྱས་ཏེ། ཁེ་ལས་དང་བྱ་གཞག་ཚན་པས་རིམས་ནད་ཀྱི་དཀའ་གནད་སེལ་བར་རོགས་རམ་དང་། ཁ་རས་དང་དུག་སེལ་ཡོ་ཆས་སོགས་འགོག་སྲུང་དངོས་ཟོག་མི་འདང་བའི་གནད་དོན་ལ་མཐུན་སྦྱོར་ཐག་གཅོད། ཚན་པ་སོ་སོའི་ཁྱད་ཆོས་དང་མཐུན་པའི་སྔོན་འགོག་ཚོད་འཛིན་གྱི་ཚད་གཞི་བཟོ་བར་མཛུབ་ཁྲིད་བཅས་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་བརྒྱུད་རིམ་ཁྲོད་ཐོན་པའི་འགོས་པའི་ནད་དཔེར་རེ་གཉིས་ལ་འཕྲལ་སྡོམ་ཐག་གཅོད་བྱ་ཐབས་ཚན་རིག་དང་མཐུན་ལ་གནད་སྨིན་ཡོང་བར་བྱེད་དགོས། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཞབས་འདེགས་ཞུ་སྟངས་བདེ་རུ་བཏང་ནས་ལུགས་དང་མ་མཐུན་པའི་ཞིབ་བཤེར་ཆོག་མཆན་སྤྲོད་རིགས་མེད་པར་བཟོ་དགོས། ཁེ་ལས་ཀྱི་གཟིགས་སྐྱོང་སྲིད་ཇུས་ཁག་གང་མགྱོགས་དོན་འཁྱོལ་དང་དམིགས་སར་འབྱོར་བ་དང་། སྲིད་ཇུས་ཀྱི་ལེ་ལག་ཚང་བའི་ལག་བསྟར་བྱ་ཐབས་འཐུས་སྒོ་ཚང་དུ་གཏོང་བ། གཞི་གཅིག་ཅན་གྱི་སྲིད་དོན་ལས་སྟེགས་སུ་ཁེ་ལས་ཕྲན་ཚེགས་དང་ཁེར་རྐྱང་བཟོ་ཚོང་དུད་ཚང་ལ་ཞབས་འདེགས་ཞུ་བའི་ལས་སྟེགས་སྐྲུན་པ་བཅས་བྱས་ནས། སྲིད་ཇུས་ཁག་ཤེས་སླ་བ་དང་འགྲོ་ལུགས་ཁག་གཅིག་འཐུས་གཉེར་དགོས། ཉམས་མྱོང་ཕྱོགས་སྡོམ་བྱས་ནས་སྲིད་ཇུས་དང་བྱ་ཐབས་བཟང་པོ་ཁག་གཅིག་ཚད་ལྡན་ཅན་དང་ལམ་ལུགས་ཅན་དུ་འགྱུར་བར་བྱེད་དགོས།
         ཚོགས་འདུའི་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་རྒྱལ་སྤྱིའི་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་ནི། རང་རྒྱལ་གྱི་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཆེན་པོའི་ནུས་པ་བཏོན་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པར་སྐུལ་འདེད་གཏོང་བའི་མཚོན་ཚུལ་གལ་ཆེན་ཞིག་རེད། འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་དང་མུ་མཐུད་མཉམ་ལས་དམ་ཟབ་དང་། འབྲེལ་ཡོད་རྒྱལ་ཁབ་དང་འབྲེལ་གཏུག་དམ་ཟབ། རིམས་ནད་སྔོན་འགོག་གི་ཉམས་མྱོང་མཉམ་སྤྱོད། སྔོན་འགོག་ཚོད་འཛིན་གྱི་བྱ་ཐབས་ལ་མཐུན་སྦྱོར། ཕྱི་ཕྱོགས་སུ་དྲིལ་བསྒྲགས་ངོ་སྤྲོད་དང་སྤྱི་པའི་ཕྱི་འབྲེལ་ལ་ཤུགས་སྣོན་བརྒྱབ་ནས་ས་ཁུལ་དང་འཛམ་གླིང་གི་སྤྱི་པའི་འཕྲོད་བསྟེན་བདེ་འཇགས་མཉམ་དུ་སྲུང་སྐྱོང་བྱེད་དགོས་ཞེས་བསྟན་པ་རེད།
         ཚོགས་འདུའི་ཐོག་ད་དུང་དོན་གནད་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།
རྩོམ་སྒྲིག་པ། སངས་སྐྱབས།