དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཞི་ཅིན་ཕིང་ནས་ཀྲེ་ཅང་དུ་གནང་བའི་གསུང་བཤད་གལ་ཆེན།

སྤེལ་དུས 2020-04-02 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          ཞི་ཅིན་ཕིང་གིས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་ལ་གཅིག་འགྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་སྟེ། ད་ལོའི་དཔལ་འབྱོར་སྤྱི་ཚོགས་གོང་འཕེལ་གྱི་དམིགས་འབེན་མངོན་འགྱུར་ཐུབ་རྒྱུར་འབད་བརྩོན་བྱེད་དགོས་ཞེས་སྟོན་གནང་བ།

          ཤིན་ཧྭ་གསར་འགྱུར་ཁང་ནས་སྤེལ་བའི་གནས་ཚུལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ནས་ཀྲེ་ཅང་དུ་རྟོག་ཞིབ་གནང་སྐབས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ་ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། བརྟན་ཐོག་ཡར་འཕེལ་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། “བརྒྱད་བརྒྱད་འཐབ་ཇུས་”ཀྱིས་སྤྱི་འདོམས་བྱ་རྒྱུ་མཐའ་འཁྱོངས་བྱེད་པ། དངོས་དོན་གཉེར་བ་དང་། མདུན་གྲལ་དུ་སྐྱོད་པ། དཔའ་ངར་ཆེར་བསྐྱེད་ཀྱིས་མདུན་དུ་སྐྱོད་པ་བཅས་བྱས་ཏེ། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་པའི་བྱ་ཐབས་ཁག་གནད་འཕིགས་དོན་འཁྱོལ་བྱེད་པ་དང་། འདི་ལོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་ལས་འགན་ནུས་ཤུགས་ཡོད་རྒུས་མངོན་འགྱུར་ཡོང་བ་བྱས་ནས། དུས་རབས་གསར་པར་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་བཟང་ཆའི་རང་བཞིན་ཕྱོགས་ཡོངས་ནས་མངོན་པར་བྱེད་པའི་སྐར་ཁུང་གལ་ཆེན་ཞིག་ཏུ་འགྱུར་རྒྱུར་བརྩོན་ལེན་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།
          དཔྱིད་ཟླ་གསུམ་པའི་ཀྲེ་ཅང་ས་གཞིའི་ཐོག མཛེས་པའི་མེ་ཏོག་སྐར་ཚོགས་བཞིན་དུ་བཀྲ་ཤིང་། ཡངས་པའི་ས་གཞིས་སྔོ་ལྗང་གོས་ཀྱིས་བཀླུབ་པས་ན། དེ་གཉིས་ཕན་ཚུན་གཅིག་རྒྱན་གཅིག་གིས་བྱེད་པ་ལྟར་སྣང་། སྤྱི་ཟླ་3ཚེས་29ཉིན་ནས་སྤྱི་ཟླ་4ཚེས་1ཉིན་བར་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཁྲེ་ཅུན་དང་ཞིང་ཆེན་འགོ་འཛིན་ཡོན་ཅ་ཅུན་གྱི་ཕེབས་རོགས་འོག་ཞི་ཅིན་ཕིང་སྔ་རྗེས་སུ་ཉིང་པོ་དང་། ཧུའུ་ཀྲོའུ། ཧང་ཀྲོའུ་སོགས་ཀྱི་ས་ཆའི་གྲུ་ཁ་དང་། ཁེ་ལས། གྲོང་གསེབ། སྣོད་བཅུད་འདམ་ར་སོགས་སུ་ཕེབས་ནས། ཏོག་གསར་གློ་ཚད་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་དང་དཔལ་འབྱོར་དང་སྤྱི་ཚོགས་གོང་འཕེལ་ལས་དོན་ལ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་གཏོང་རྒྱུའི་ཐད་བརྟག་དཔྱད་ཞིབ་འཇུག་གནང་བ་རེད།

          སྤྱི་ཟླ་3ཚེས་29ཉིན། ཞི་ཅིན་ཕིང་ཉིང་པོ་ཀྲོའུ་ཧྲན་གྲུ་ཁའི་ཁྲོན་ཧྲན་གྲུ་ཁའི་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་པ་རེད། ཁྲོན་ཧྲན་གྲུ་ཁའི་ཁུལ་གྱིས་བྱེད་ཐབས་སྤྱད་དེ་ཐོན་སྐྱེད་སླར་གསོ་དང་གྲུ་ཁའི་འདོན་འཇུག་བྱེད་ཚད་རིམ་བཞིན་རྒྱུན་ལྡན་གྱི་ཆུ་ཚད་དུ་སླར་གསོ་བྱས་ཡོད། ལས་སྒོ་བཀོད་གཏོང་ཚོམས་ཆེན་དུ་ཞི་ཅིན་ཕིང་ནས་གྲུ་ཁའི་ཁུལ་གྱི་གནས་ཚུལ་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱས་ཚུལ་གྱི་སྙན་ཞུ་གསན་པ་རེད། ཐོག་སོ་དང་པོའི་ཚོམས་ཆེན་དུ་ཞི་ཅིན་ཕིང་གིས་གྲུ་ཁའི་ལས་བཟོ་པའི་འཐུས་མི་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། ཁོང་ཚོར་ཁམས་བདེའི་འཚམས་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། ཉིང་པོ་ཀྲོའུ་ཧྲན་གྲུ་ཁས་གཞན་གྱི་སྔོན་ལ་ཐོན་སྐྱེད་སླར་གསོ་བྱས་པ་དེ་ནི་རང་རྒྱལ་གྱི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོར་སྐུལ་འདེད་གཏོང་བ་དང་། ཟོག་འགྲེམ་མ་ལག་སླར་གསོ་བྱེད་པ། གོ་ལ་ཧྲིལ་པོའི་ཐོན་ལས་སྦྲེལ་ཐག་སླར་གསོ་བྱེད་པ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན་པ་ཞིག་རེད། ཆུ་མ་ཤོར་གོང་ལ་རགས་རྒྱག་པའི་དཔེ་བཞིན་དུ་མངའ་ཁོངས་ཕྱིའི་རིམས་ནད་ཀྱི་དུས་བབ་ལ་དོ་སྣང་བྱས་ཏེ་རིམས་ནད་སྔོན་འགོག་ཚོད་འཛིན་ལ་དམ་འཛིན་ལྷོད་མེད་བྱེད་པ་དང་དུས་མཚུངས་སུ། རྒྱལ་ཁབ་ཁག་གིས་རིམས་ནད་སྔོན་འགོག་ཚོད་འཛིན་ཐད་སྤྱད་པའི་ཚོད་འཛིན་རང་བཞིན་གྱི་བྱེད་ཐབས་སྣ་ཚོགས་ཀྱིས་དངོས་ཟོག་དང་ཆུ་ཐོག་སྐྱེལ་འདྲེན་ལ་ཐེབས་པའི་ཤུགས་རྐྱེན་ལ་ཁ་གཏད་གཅོག་པ་དང་སེལ་ཐབས་གང་དྲགས་བྱས་ཏེ་རང་རྒྱལ་གྱི་ཕྱིར་གཏོང་དངོས་ཟོག་ཕྱིར་གཏོང་ཐུབ་པ་དང་ནང་འདྲེན་དངོས་ཟོག་ནང་འདྲེན་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས་ཁོང་ཚོས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་དུ་བསད་དེ་གཡུར་ཟའི་གྲུབ་འབྲས་བརྩོན་ལེན་བྱ་རྒྱུའི་ཐུགས་རེ་གནང་བ་རེད།

          དེ་རྗེས་ཞི་ཅིན་ཕིང་རླངས་འཁོར་ལ་བཞུགས་ནས་ཁྲོན་ཧྲན་གྲུ་ཁའི་ཁུལ་ཨང་གཉིས་པའི་དོས་སྒམ་འཇོག་སར་ཕེབས་ཤིང་། ཆར་པ་བབ་པར་ཐུགས་འཛེམས་མ་གནང་བར་གྲུ་ཁའི་དོས་སྒམ་ལས་སྒྲུབ་ཀྱི་རྣམ་པར་གཟིགས་ཞིབ་གནང་བ་དང་གྲུ་ཁའི་ལས་སྒྲུབ་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། གྲུ་ཁ་ནི་རྨང་གཞིའི་རང་བཞིན་དང་འགག་རྩའི་རང་བཞིན་གྱི་སྒྲིག་བཀོད་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་འདེགས་སྐྱོར་གལ་ཆེན་ཞིག་རེད། ཉིང་པོ་ཀྲོའུ་ཧྲན་གྲུ་ཁས་“རྒྱུད་གཅིག་ལམ་གཅིག་”མཉམ་སྐྲུན་དང་། འབྲི་ཆུའི་དཔལ་འབྱོར་ཁུལ་གོང་སྤེལ། འབྲི་ཆུའི་ཟུར་གསུམ་གླིང་གཞི་གཅིག་ཅན་གྱི་འཕེལ་རྒྱས་སོགས་རྒྱལ་ཁབ་ཀྱི་འཐབ་ཇུས་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པས་སྲ་འཐས་ཀྱི་སྟོབས་ཤུགས་ཤིག་རེད། ཚད་གཞི་རྩེ་གྲ་མཐའ་འཁྱོངས་ཀྱིས་གྲུ་ཁ་འཛུགས་སྐྲུན་ཡག་པོ་དང་དོ་དམ་ཡག་པོ་བྱས་ནས། འཛམ་གླིང་གི་གྲུ་ཁ་རྩེ་གྲ་ཧུར་ཐག་ངང་བཏོད་དེ་རྒྱལ་ཁབ་འཕེལ་རྒྱས་ཆེད་ལེགས་སྐྱེས་དེ་བས་ཆེ་བ་འབུལ་དགོས་ཞེས་གསུངས་པ་རེད།

          གྲུ་ཁ་ནས་ཞལ་གྱེས་རྗེས་ཞི་ཅིན་ཕིང་ཉིང་པོ་པེ་ལུན་ཏ་ཡན་རྩེར་སོན་རླངས་འཁོར་སྒྲིག་སྦྱོར་གླིང་དུ་ཕེབས་ནས་དམངས་གཉེར་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས་འབྲིང་ཆུང་ཉིང་པོ་ཀྲེན་ཀྲེ་འཕྲུལ་འཁོར་ལུགས་ཆས་ཚད་ཡོད་ཀུང་སིར་རྟོག་ཞིབ་གནང་བ་དང་། ཁེ་ལས་ཀྱི་ཐོན་སྐྱེད་གཉེར་སྐྱོང་དང་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་ཐད་ངོ་སྤྲོད་གནང་བར་གསན་པ་རེད། ཞི་ཅིན་ཕིང་ཐོན་སྐྱེད་བྱེད་སར་ཕེབས་ནས་བཟོ་པ་ཚོར་ བྱམས་བརྩེའི་ངང་བཀའ་མོལ་གནང་ནས་ཚང་མ་ལས་གནས་སུ་བདེ་བླག་ངང་ལོག་ཐུབ་ཡོད་མེད་དང་། ལས་འགོ་བསྐྱར་འཛུགས་བྱས་རྗེས་ཐོན་སྐྱེད་དང་འཚོ་བའི་ཐད་ད་དུང་དཀའ་ངལ་གང་དག་ཡོད་མིན། གླ་ཕོགས་རྒྱུན་གཏན་ལྟར་སྤྲོད་མིན་བཅས་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས། ཚང་མས་རིམས་ནད་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ་དུས་ཐོག་ཏུ་ལས་གནས་ཐོག་ལོག་ནས་ལས་འགོ་བསྐྱར་འཛུགས་བྱས་པ་དེ་ནི་ཁེ་ལས་ཡག་པོ་དང་རྒྱལ་ཁབ་ཡག་པོ་ཡོང་ཆེད་ཡིན་ལ། རང་ཉིད་ཡག་པོ་ཡོང་ཆེད་ཀྱང་ཡིན། ཁེ་ལས་ཀྱིས་རྒྱུན་ལྡན་ལྟར་ཐོན་སྐྱེད་བྱེད་ཐུབ་ན་རྒྱལ་ཁབ་ཀྱི་དཔལ་འབྱོར་རྒྱུན་ལྡན་ངང་འཁོར་སྐྱོད་ཐུབ་པར་འགན་སྲུང་བྱེད་ཐུབ་པ་དང་། ཚང་མར་ལས་ཞུགས་ཀྱི་གོ་སྐབས་བསྐྲུན་ཐུབ་པ། ཚང་མར་ཡོང་འབབ་ཡོད་པས་ཁྱིམ་ཚང་ལ་འགན་སྲུང་ཐུབ་ངེས་རེད་ཅེས་བསྟན་གནང་བ་རེད། ཞི་ཅིན་ཕིང་གིས་རང་རྒྱལ་གྱི་ཁེ་ལས་འབྲིང་ཆུང་ལ་སྐྱེ་སྟོབས་དང་གསོན་ཤུགས་ལྡན་པས། དཀའ་ངལ་ལ་མི་འཛེམ་པར་མདུན་དུ་སྐྱོད་པ་དང་འབད་འཐབ་མཁས་པོ་བྱས་ན། ཏང་དང་སྲིད་གཞུང་། དེ་བཞིན་སྤྱི་ཚོགས་ཕྱོགས་ཁག་གི་རྒྱབ་སྐྱོར་འོག་དཀའ་གནད་ལས་གྲོལ་ནས་དེ་བས་ལེགས་པའི་གོང་འཕེལ་གྱི་རྣམ་པ་བཟང་པོ་བསུ་ཐུབ་ངེས་རེད་ཅེས་ནན་སྟོན་གནང་བ་རེད།

          གླིང་ཁུལ་དོ་དམ་ཞབས་ཞུའི་ལྟེ་གནས་སུ་ཞི་ཅིན་ཕིང་ནས་གླིང་ཁུལ་གྱི་ཁེ་ལས་ཀྱི་ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་གླིང་ཁུལ་གྱི་དོ་དམ་མི་སྣ་དང་། ཁེ་ལས་འབྲིང་ཆུང་གི་འགན་འཁུར་བའི་འཐུས་མི། ས་ཆ་གཞན་ནས་ཀྲེ་ཅང་དུ་ཕྱིར་ལོག་བྱས་པའི་ལས་བཟོ་པའི་འཐུས་མི་སོགས་ལ་བྱམས་བརྩེའི་ངང་བཀའ་མོལ་གནང་བ་དང་། ཚང་མའི་བསམ་འཆར་དང་གྲོས་འགོ་གསན་པ་རེད། ཁོང་གིས། དམངས་གཉེར་ཁེ་ལས་དང་ཁེ་ལས་འབྲིང་ཆུང་གིས་རང་རྒྱལ་གྱི་གོང་འཕེལ་དང་ལྷག་པར་དུ་ཐོན་ལས་གོང་འཕེལ་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད། གློ་བུར་དུ་ཐོན་པའི་རིམས་ནད་འདིས་ཁེ་ལས་ཁག་ལ་ཚད་གཞི་མི་འདྲ་བའི་ཤུགས་རྐྱེན་བཟོས་ཡོད། ཏང་ཀྲུང་དབྱང་གིས་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཆ་སྦྱོར་སྲིད་ཇུས་ཆ་ཚང་ཞིག་བཏོན་པ་དང་། རིམས་ནད་ཀྱི་དུས་བབ་ལ་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ད་དུང་དུས་ཐོག་ཏུ་འཐུས་སྒོ་ཚང་དུ་གཏོང་རྒྱུ་རེད། ལྷག་དོན་དུ་ཏང་ཀྲུང་དབྱང་གིས་ཁེ་ལས་འབྲིང་ཆུང་ལ་བསམ་བློ་བཏང་ནས་བྱེད་ཐབས་རབ་དང་རིམ་པ་བཏོན་ནས་ཁེ་ལས་འབྲིང་ཆུང་དཀའ་གནད་ལས་གྲོལ་བ་བྱ་རྒྱུར་རྒྱབ་སྐྱོར་དང་རོགས་རམ་བྱ་རྒྱུ་རེད། རྒྱ་ཆེའི་ཁེ་ལས་འབྲིང་ཆུང་གིས་ཁེ་ལས་པའི་སྙིང་སྟོབས་དར་སྤེལ་དང་། སྙིང་རུས་ཆེན་པོས་འབད་བརྩོན། འགག་སྒྲོལ་དཀའ་སེལ་བཅས་བྱས་ནས་རིམས་ནད་ཀྱི་འགྲན་སློང་ལས་རྣམ་པར་རྒྱལ་ཐུབ་པ་བྱ་དགོས་ཞེས་ནན་སྟོན་གནང་བ་རེད།

          སྤྱི་ཟླ་3ཚེས་30ཉིན་ཞི་ཅིན་ཕིང་ཧུའུ་ཀྲོའུ་གྲོང་ཁྱེར་ཨན་ཅི་རྫོང་ཐེན་ཧོང་ཕིང་གྲོང་རྡལ་ཡུས་ཚུན་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས་པ་རེད། སྤྱི་ལོ་2005ལོའི་ཟླ་8ཚེས་15ཉིན་སྐབས་དེ་དུས་ཀྲེ་ཅང་ཞིང་ཨུད་ཀྱི་ཧྲུའུ་ཅིའི་འགན་གནས་བཞེས་བཞིན་པའི་ཞི་ཅིན་ཕིང་ནས་གྲོང་ཚོ་དེར་རྟོག་ཞིབ་གནང་སྐབས་“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན”ཞེས་པ་དེ་ཐོག་མར་བཏོན་གནང་བ་རེད། ལོ་15ཡི་རིང་ཡུས་ཚུན་གྲོང་ཚོས་འདུ་ཤེས་དེ་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས་སྣོད་བཅུད་མཛེས་སྡུག་ལྡན་པ་དང་། ཐོན་ལས་དར་ཞིང་རྒྱས་པ། མང་ཚོགས་ཕྱུག་པོར་འགྱུར་བ་བཅས་ཀྱི་རྒྱུན་མཐུད་གོང་འཕེལ་གྱི་ལམ་བུའི་ཐོག་བསྐྱོད་པས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་བྱ་རྒྱུ་དེ་ཡུས་གྲོང་ཚོར་མངོན་འགྱུར་བྱུང་ཡོད། གྲོང་ཚོའི་ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་ཞི་ཅིན་ཕིང་གིས་ཡུས་ཚུན་གྲོང་ཚོའི་གོང་འཕེལ་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཁོང་ཚོས་སྦགས་མེད་དཔལ་འབྱོར་གོང་འཕེལ་གཏོང་བ་དང་གྲོང་མིའི་འབབ་འཕར་དང་ཕྱུག་འགྱུར་ལ་སྣེ་ཁྲིད་བྱེད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་གནང་བ་རེད།

          སྔོ་བསང་མཁའ་ལས་སྦྲང་ཆར་ཟིམ་ཟིམ་འབབ། རི་ཀླུང་ཀུན་ཏུ་སྔོ་ལྗང་གོས་ཀྱི་བཀླུབས། ཞི་ཅིན་ཕིང་གིས་གྲོང་ཚོའི་སྦགས་མེད་ལམ་བུ་བརྒྱུད་དེ་གྲོང་ཚོའི་རྣམ་པ་དང་ལོ་ཏོག་གི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་སྐབས་གྲོང་མིས་པད་རྫིང་གཙང་སེལ་བྱེད་བཞིན་པ་གཟིགས་པས་ཞི་ཅིན་ཕིང་ནས་དེ་གར་ཕེབས་ཏེ་གྲོང་མི་དང་བཀའ་མོལ་གནང་བ་དང་། དཔྱིད་རྨོད་རྨོད་གྲབས་ཀྱི་གནས་ཚུལ་ཐད་བཀའ་འདྲི་གནང་བ་རེད། སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་ཐོས་རྗེས་གྲོང་ཚོའི་ལམ་གྱི་གཡས་གཡོན་དུ་གྲོང་མི་རྣམས་འཛོམས་ནས་དགའ་བསུའི་ཐལ་མོ་ཡང་ཡང་རྡེབ་ནས། སྤྱི་ཁྱབ་ཧྲུའུ་ཅིར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད།

          ཁྲུན་ལིན་རི་གྲོང་ནི་ཡུས་ཚུན་གྲོང་ཚོས་གཏེར་རི་སྒོ་བརྒྱབ་པ་དང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་རྗེས་བཙུགས་པའི་གྲོང་མིའི་སྡོད་ཁང་ཁུལ་ཐོག་མ་དེ་རེད། རི་གྲོང་སྤྲོ་སྐྱིད་གླིང་གི་སྦྱིན་བདག་ནས་སྤྲོ་སེམས་འཁོལ་བའི་ངང་སྤྱི་ཁྱབ་ཧྲུའུ་ཅི་སྒོ་རའི་ནང་བསུ་བ་ཞུས་ཏེ་ལོ་འདི་དག་ནང་ཞིང་ཁྱིམ་སྤྲོ་ཁང་གཉེར་སྐྱོང་དང་ཇ་དཀར་ཇ་ལོ་སོགས་ཁྱད་ལྡན་ཞིང་ལས་ཐོན་རྫས་ཚོང་གཉེར་བྱས་ཚུལ་ངོ་སྤྲོད་ཞུས་པ་རེད། སྒོ་རའི་ནང་ཞི་ཅིན་ཕིང་གིས་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་རྒན་གྲས་དང་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པའི་གྲོང་མིའི་འཐུས་མི་དང་ཅི་འཕྲོས་མོལ་འཕྲོས་གནང་ཞིང་། ཞི་ཅིན་ཕིང་གིས་“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་”འདུ་ཤེས་དེ་ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཅིག་ཏུ་གྱུར་ཡོད་ལ། གོང་འཕེལ་གྱི་འདུ་ཤེས་གསར་པའི་གྲུབ་ཆ་གལ་ཆེན་ཞིག་ཏུའང་གྱུར་ཡོད། དཔལ་འབྱོར་གོང་འཕེལ་གཏོང་བར་སྐྱེ་ཁམས་ལ་གཏོར་བཤིག་གཏོང་བ་དེ་རིན་དོད་དུ་གཏོང་མི་རུང་། སྐྱེ་ཁམས་རང་ངོས་ནི་དཔལ་འབྱོར་ཡིན་པ་དང་། སྐྱེ་ཁམས་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་བ་ཞིག་ཡིན་པ་དོན་དངོས་ལས་ར་སྤྲོད་ཐུབ་ཡོད། ཡུལ་མི་ཚོས་རྒྱུན་མཐུད་གོང་འཕེལ་གྱི་ལམ་བུའི་ཐོག་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་སྣོད་བཅུད་སྲུང་སྐྱོང་ཡག་པོ་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག སྣ་མང་གཉེར་སྐྱོང་འཕེལ་རྒྱས་ཧུར་ཐག་བཏང་ནས་སྣོད་བཅུད་ཕན་འབྲས་དེ་བས་ལེགས་པའི་སྒོ་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་སུ་འགྱུར་བ་བྱ་རྒྱུའི་རེ་བ་ཡོད། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་གྲོང་ཁྱེར་དེང་རབས་ཅན་དུ་འགྱུར་བར་བྱ་དགོས་ལ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་དུའང་འགྱུར་བར་བྱ་དགོས། གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་བའི་ཐད་འབད་བརྩོན་དེ་བས་ཆེ་བ་བྱས་ཏེ་གྲོང་གསེབ་ཀྱི་དཔལ་འབྱོར་དང་། གྲོང་གསེབ་ཀྱི་ཁྲིམས་སྐྱོང་། གྲོང་གསེབ་ཀྱི་རིག་གནས། གྲོང་གསེབ་ཀྱི་བཅོས་སྐྱོང་། གྲོང་གསེབ་ཀྱི་སྣོད་བཅུད། གྲོང་གསེབ་ཀྱི་ཏང་འཛུགས་སྐྱོང་བཅས་ཕྱོགས་ཡོངས་ནས་སྟོབས་ཆེར་འགྲོ་རྒྱུར་སྐུལ་འདེད་བཏང་སྟེ་ཡུལ་མི་ཚོའི་འཚོ་བའི་ཐད་གྲུབ་འབྲས་བཟང་པོ་ཐོབ་པ་བྱེད་དགོས་ཞེས་ནན་སྟོན་གནང་བ་རེད།

          དེ་རྗེས། ཞི་ཅིན་ཕིང་ཨན་ཅི་རྫོང་གི་སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་ལྟེ་གནས་སུ་ཕེབས་ནས་མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་གཅིག་འཐུས་རྣམ་པའི་ངང་བསྡུ་ལེན་དང་། སྡེབ་སྒྲིག་ངང་ཐག་གཅོད་བྱེད་པ། སྦྲེལ་ཐག་ཧྲིལ་པོའི་ཐག་གཅོད་བྱེད་པ་བཅས་ཀྱི་ལས་གཉེར་གནས་ཚུལ་མཁྱེན་རྟོགས་གནང་བ་རེད། ཞི་ཅིན་ཕིང་གིས། གཞི་རིམ་ནི་སྤྱི་ཚོགས་ཞི་མཐུན་བརྟན་ལྷིང་གི་རྨང་གཞི་ཡིན། སྤྱི་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་སྣ་མང་སྔོན་འགོག་དང་འདུམ་གཅོད་འདུམ་སེལ་བྱེད་པའི་ཕྱོགས་བསྡུས་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཏང་ཡོན་དང་ལས་བྱེད་པ་གཤམ་ལ་བཅར་འདྲིར་འགྲོ་བ་དང་མང་ཚོགས་ཀྱིས་ངོ་བཅར་ཡར་ཞུ་བྱས་རིགས་ཟུང་འབྲེལ་བྱེད་པ། མང་ཚོགས་ཀྱི་འགལ་ཟླ་དང་རྩོད་གཞི་འདུམ་འགྲིག་ཐག་གཅོད་བྱེད་པའི་ལས་དོན་ཚད་ལྡན་དུ་གཏོང་བ། མང་ཚོགས་རྣམས་ལ་གནད་དོན་འཕྲད་ཚེ་་“གནས་ལུགས་ཤོད་ས་”ཞིག་ཡོད་དགོས་པ། འགལ་ཟླ་བྱུང་མ་ཐག་ནས་ཐག་གཅོད་དང་གཞི་རིམ་ནས་ཐག་གཅོད་ཏན་ཏིག་བཅས་བྱེད་དགོས། ཨན་ཅི་རྫོང་གི་བྱེད་སྟངས་ཁྱབ་གདལ་གཏོང་རིན་ཡོད་ཅེས་ནན་སྟོན་གནང་བ་རེད།

          ཧང་ཀྲོའུ་ཤིས་ཞི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ནི་རྒྱལ་ཡོངས་ཀྱི་རྒྱལ་ཁབ་འདམ་རའི་སྤྱི་གླིང་ཐོག་མ་དེ་རེད། སྤྱི་ཟླ་3ཚེས་31ཉིན་ཤིས་ཞི་འདམ་རར་གྲུ་ཆར་བབས་ནས་རྩྭ་ཆུ་ལེགས་ཤིང་ལྟ་ན་སྡུག ཞི་ཅིན་ཕིང་དེ་གར་ཕེབས་ནས་སྦགས་མེད་ཀྱི་ཆུ་རགས་བརྒྱུད་དེ་འདམ་ར་སྲུང་སྐྱོང་དང་བེད་སྤྱོད་བྱས་ཚུལ་ལ་གཟིགས་ཞིབ་གནང་བ་རེད། ལམ་བར་དུ་ཡུལ་སྐོར་བ་ཚོས་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་ཞུས་པ་དང་ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གིས་གུས་ལན་ཡང་ཡང་གནང་བ་རེད། ལམ་བར་དུ་ལུང་ཅིང་ཇ་དང་ས་གནས་དེ་གའི་ཁྱད་ལྡན་ཐོན་རྫས་ཕྱིར་ཚོང་བྱེད་སའི་རིག་གཏོད་ཐོན་རྫས་ཁྲོམ་བཀྱག་བརྒྱུད་ནས་ཕེབས་སྐབས། ཞི་ཅིན་ཕིང་ནས་དེ་དག་ལ་གཟིགས་པ་དང་ཁོང་ཚོར་སྲོལ་རྒྱུན་གྱི་ལག་ཤེས་བཟོ་རྩལ་སོགས་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་ཡག་པོ་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། ཞི་ཅིན་ཕིང་གིས་འདམ་ར་ནི་གདོད་མའི་སྣོད་བཅུད་ལ་བརྟེན་དགོས་པ་དང་གདོད་མའི་སྣོད་བཅུད་ནི་ཡུལ་སྐོར་གྱི་མ་རྩ་ཡིན་པས་ཡུལ་སྐོར་འཕེལ་རྒྱས་གཏོང་བར་སྣོད་བཅུད་ཁོར་ཡུག་བློས་གཏོང་མི་རུང་བ་དང་། ཚོང་ལས་ཅན་གྱི་གསར་སྤེལ་ཚད་ལས་བརྒལ་མི་རུང་བ། སྣོད་བཅུད་ཁོར་ཡུག་ལ་ཤུགས་རྐྱེན་བཟོ་བའི་བཟོ་སྐྲུན་རིགས་གཉེར་མི་རུང་བ། སྒེར་གྱི་འདུ་གནས་དེ་བས་གཉེར་མི་རུང་། སྤྱི་གླིང་ནི་མི་དམངས་མང་ཚོགས་ཀྱིས་མཉམ་སྤྱོད་བྱེད་པའི་ལྗང་མདོག་གི་བར་མཐོངས་ཤིག་ཏུ་འགྱུར་བ་བྱེད་དགོས་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཆུ་ནི་འདམ་རའི་བླ་སྲོག་ལྟ་བུ་དང་། རང་བྱུང་སྣོད་བཅུད་ཀྱི་མཛེས་སྡུག་ནི་ཤིས་ཞི་འདམ་རའི་ནང་སྙིང་དང་ཆེས་གལ་འགངས་ཆེ་བའི་མཛེས་སྡུག་ཅིག་ཡིན། བློ་བརྟན་འགྱུར་མེད་ངང་སྲུང་སྐྱོང་བྱ་རྒྱུ་དེ་ཨང་དང་པོར་བཞག་ནས་ནུས་ཤུགས་ཡོད་རྒུས་འདམ་རའི་སྣོད་བཅུད་དང་ཆུའི་ཁོར་ཡུག་རྒྱུན་འཁྱོངས་བྱེད་དགོས། ཤིས་ཧུའུ་མཚེའུ་དང་ཤིས་ཞི་འདམ་ར་སྲུང་སྐྱོང་ཡག་པོ་བྱ་རྒྱུ་དེ་ཧང་ཀྲོའུ་གྲོང་ཁྱེར་གོང་འཕེལ་དང་བཅོས་སྐྱོང་གི་སྟོན་ཕྱོགས་གསལ་པོ་ཞིག་ཏུ་བརྩིས་ནས་ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བཅས་བར་མཐོངས་ཀྱི་བཀོད་པ་ཆེན་པོ་གསུམ་ལ་གཅིག་གྱུར་འཆར་འགོད་ཡག་པོ་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་དང་ཐུན་མོང་ཐོག་དར་རྒྱས་འགྲོ་བའི་འཚོ་སྡོད་དང་འཚམ་པའི་གྲོང་ཁྱེར་བསྐྲུན་རྒྱུའི་ཐད་ཉམས་མྱོང་དེ་བས་མང་བ་གཏོད་དགོས་ཞེས་ནན་སྟོན་གནང་བ་རེད།

          ཞི་ཅིན་ཕིང་ཧང་ཀྲོའུ་གྲོང་ཁྱེར་གྱི་སྤྱི་ཡོངས་གཉེར་སྐྱོང་བཀོད་འདོམས་ལྟེ་གནས་སུ་ཕེབས་ནས་“གྲངས་འཛིན་འགག་བཅོས”དང་། “གྲངས་འཛིན་གྲོང་སྐྱོང་།”“གྲངས་འཛིན་རིམས་བཅོས་”སོགས་ཀྱི་ཉེར་སྤྱོད་འགྲེམས་སྟོན་ལ་གཟིགས་པ་དང་། ཧང་ཀྲོའུ་གྲོང་ཁྱེར་གྱིས་གྲོང་ཁྱེར་གྱི་སྤྱི་ཡོངས་གཉེར་སྐྱོང་སྤྱད་དེ་འགྲིམ་འགྲུལ་དང་། རིག་གནས་ཡུལ་སྐོར། འཕྲོད་བསྟེན་ཅན་སོགས་ཀྱི་མ་ལག་བཅོས་སྐྱོང་ནུས་པ་ཆེ་རུ་གཏོང་བའི་གསར་གཏོད་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས། རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བར་ངེས་པར་དུ་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་དམ་འཛིན་ཡག་པོ་བྱེད་དགོས། གྲངས་གཞི་ཆེ་མོ་དང་། སྤྲིན་རྩིས། ཕྲེང་ཕྲེང་ཚན་སྦྲེལ།  མི་བཟོས་རིག་ནུས་སོགས་ལག་རྩལ་གསར་ཤོས་སྤྱད་དེ་གྲོང་ཁྱེར་གྱི་དོ་དམ་བྱེད་ཐབས་དང་། དོ་དམ་བྱེད་སྟངས། དོ་དམ་འདུ་ཤེས་བཅས་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་གྲངས་གཞི་ཅན་ནས་རིག་ནུས་ཅན་དང་དེ་ནས་བློ་རིག་ཅན་དུ་འགྱུར་བ་བྱས་ཏེ། གྲོང་ཁྱེར་དེ་བས་རྣམ་རིག་ལྡན་པ་དང་དེ་བས་བློ་གྲོས་ལྡན་པ་བྱ་རྒྱུ་ནི་གྲོང་ཁྱེར་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་གཏོང་བའི་ལྡོག་མེད་ཀྱི་ལམ་བུ་ཞིག་ཡིན་པས་མདུན་ལམ་ཆེན་པོ་ལྡན་ཡོད་ཅེས་སྟོན་གནང་བ་རེད། ཞི་ཅིན་ཕིང་གིས་ཧང་ཀྲོའུ་ཡིས་གྲོང་ཁྱེར་གྱི་སྤྱི་ཡོངས་གཉེར་སྐྱོང་འཛུགས་སྐྲུན་ཐད་མུ་མཐུད་འཚོལ་ཞིབ་དང་གསར་གཏོད་བྱེད་པ་དང་། གྲོང་ཁྱེར་འཕེལ་རྒྱས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་སྔར་ལས་ལྷག་པ་བྱེད་པ། རིག་ལྡན་གྲོང་ཁྱེར་མགྱོགས་མྱུར་སྐྲུན་པ་བཅས་བྱས་ནས་རྒྱལ་ཡོངས་སུ་ཁྱབ་གདལ་གཏོང་ཆོག་པའི་ཉམས་མྱོང་དེ་བས་མང་བ་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།
          སྤྱི་ཟླ་4ཚེས་1ཉིན་གྱི་སྔ་དྲོ། ཞི་ཅིན་ཕིང་ནས་ཀྲེ་ཅང་ཞིང་ཨུད་དང་ཞིང་ཆེན་སྲིད་གཞུང་གི་ལས་དོན་སྙན་ཞུ་གསན་པ་དང་། ཀྲེ་ཅང་ཞིང་ཆེན་གྱི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་གནང་བ་རེད། ཞི་ཅིན་ཕིང་གིས། དུས་མཚམས་ཤིག་རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད། རང་རྒྱལ་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་། མངའ་ཁོངས་ནང་གི་རེས་སྐོར་དེའི་རིམས་ནད་འགོས་ཁྱབ་མང་བའི་དུས་སྐབས་འདས་ཟིན་མོད། འོན་ཀྱང་ས་ཁོངས་ཕྱིའི་རིམས་ནད་ཁྱབ་རྒྱ་ཆེ་རུ་འགྲོ་བཞིན་ཡོད་པས། རང་རྒྱལ་དུ་མངའ་ཁོངས་ཕྱིའི་རིམས་ནད་ཚུར་འགོས་ཡོང་བའི་ཉེན་ཁ་ཆེ་རུ་ཕྱིན་ཡོད། ངེས་པར་དུ་ཕྱི་ནས་ནང་དུ་འགོས་རྒྱུར་སྔོན་འགོག་དང་ནང་ཁུལ་དུ་བསྐྱར་ལོག་ཐེབས་རྒྱུར་སྔོན་འགོག་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རིམས་ནད་སྔོན་འགོག་ཚོད་འཛིན་བྱ་རྒྱུ་ཡང་ནས་ཡང་དུ་ནན་བཤད་བྱེད་པ། ཡང་ནས་ཡང་དུ་མཐའ་འཁྱོངས་བྱེད་པ། ཐོག་མཐའ་བར་གསུམ་དུ་དོགས་ཟོན་རྒྱུན་འཁྱོངས་དང་དོགས་ཟོན་ནན་པོ་བྱེད་པ། ལྷག་པར་དུ་ནད་དུག་འགོས་ཀྱང་ནད་རྟགས་མེད་པའི་མིར་དོ་དམ་བྱེད་པའི་ལས་ཀའི་ཤུགས་ཚད་ཆེ་རུ་གཏོང་བ་བཅས་བྱས་ཏེ་སྔོན་འགོག་ཚོད་འཛིན་གྱི་ལས་དོན་ཁག་མུ་མཐུད་དམ་འཛིན་དང་། དངོས་འཛིན། ཞིབ་འཛིན་བཅས་བྱས་ཐོག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ། སྤྱི་ཚོགས་འཚོ་བའི་ཕྱོགས་གང་ཅིའི་ཐད་གནད་སྨིན་དོན་འཁྱོལ་ཐུབ་པ་བྱེད་དགོས། མངའ་ཁོངས་ཕྱིའི་རིམས་ནད་ནང་དུ་འགོས་རྒྱུར་སྔོན་འགོག་ནན་པོ་བྱ་རྒྱུ་དེ་མིག་སྔ་དང་ཐ་ན་དུས་ཡུན་ཅུང་རིང་པོའི་རིང་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་གལ་ཆེའི་ནང་གི་འགངས་ཆེར་བརྩི་བ་དང་། སྔོན་འགོག་ཚོད་འཛིན་བྱ་ཐབས་ཀྱི་དམིགས་སའི་རང་བཞིན་དང་དངོས་ཕན་རང་བཞིན་ཆེ་རུ་བཏང་སྟེ། མངའ་ཁོངས་ཕྱིའི་རིམས་ནད་ནང་དུ་འགོས་པའི་ཉེན་ཁར་ཁ་གཏད་གཅོག་པའི་འགོག་སྲུང་འཛིང་རགས་བརྟན་པོ་ཞིག་བསྐྲུན་ནས་ཆད་ལུས་གང་ཡང་མི་ཤོར་བ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
          ཞི་ཅིན་ཕིང་གིས། ཉེན་ཁ་དང་གོ་སྐབས་ནི་ནམ་ཡང་མཉམ་གནས་ཡིན་པ་དང་ཉེན་ཁ་ཁྱད་དུ་བསད་ན་གོ་སྐབས་ཡིན། མངའ་ཁོངས་ཕྱིའི་རིམས་ནད་མགྱོགས་མྱུར་ངང་གང་སར་མཆེད་པ་དང་ཆབས་ཅིག་རྒྱལ་སྤྱིའི་དཔལ་འབྱོར་ཚོང་དོན་བྱེད་སྒོར་ཤུགས་རྐྱེན་ཚབས་ཆེན་ཕོག་ནས་རང་རྒྱལ་གྱི་དཔལ་འབྱོར་གོང་འཕེལ་ལ་འགྲན་རྩོད་གསར་པ་འཕྲད་པ་དང་། དུས་མཚུངས་རང་རྒྱལ་གྱིས་ཚན་རྩལ་འཕེལ་རྒྱས་མགྱོགས་སུ་གཏོང་བ་དང་ཐོན་ལས་ལེགས་སྒྱུར་རིམ་སྤོར་ལ་སྐུལ་འདེད་གཏོང་རྒྱུར་གོ་སྐབས་གསར་པ་ཡང་འཕྲད་ཡོད། དབྱེ་ཞིབ་གཏིང་ཟབ་དང་། ཕྱོགས་ཡོངས་ལ་བཏང་འཛིན་བྱེད་པ། འགྱུར་ལྡོག་ངོས་འཛིན་ཡང་དག་བྱེད་པ། ཚན་རིག་དང་མཐུན་པའི་ངང་འགྱུར་བ་གཏོང་བ། རང་འགུལ་ངང་འཕོ་འགྱུར་ཡོང་ཐབས་བྱེད་པ་བཅས་བྱས་ཏེ་མིག་མདུན་གྱི་ཉམས་ཉེན་དང་མིག་མདུན་གྱི་དཀའ་ངལ་ཁྲོད་ནས་གོ་སྐབས་འཛིན་པ་དང་གོ་སྐབས་གསར་གཏོད་བྱེད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་ལས་དོན་ཡག་པོ་སྒྲུབ་པའི་སྔོན་འགྲོའི་ཆ་རྐྱེན་འོག ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་ཚད་མགྱོགས་སུ་གཏོང་རྒྱུར་གོ་རིམ་ལྡན་པའི་ངང་སྐུལ་འདེད་ནུས་ལྡན་གཏོང་བ་དང་། ལས་འགོ་བསྐྱར་འཛུགས་དང་ཐོན་སྐྱེད་སླར་གསོ་བྱེད་རིང་གི་དཀའ་གནད་དང་འགག་གནད་ཧུར་ཐག་སེལ་བ། ཐོན་ལས་མུ་ཁྱུད་ཧྲིལ་པོ་མཉམ་དུ་ལས་འགོ་བསྐྱར་འཛུགས་བྱ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། རྒྱལ་སྤྱིའི་དཔལ་འབྱོར་གནས་བབ་ལ་ཞིབ་འཇུག་བརྡར་གཅོད་དང་དབྱེ་ཞིབ་བྱེད་པར་ཤུགས་སྣོན་བརྒྱབ་ནས། དམིགས་སའི་རང་བཞིན་ལྡན་པའི་སྲིད་ཇུས་བྱ་ཐབས་དུས་ཐོག་ཏུ་གཏན་འབེབས་བྱེད་པ་དང་། རྒྱལ་སྤྱིའི་མཁོ་སྤྲོད་སྦྲེལ་ཐག་ཤར་གཏོང་ཐུབ་པ་བྱས་ཏེ། དཔལ་འབྱོར་ཉོ་ཚོང་གི་བྱེད་སྒོ་ཁག་རྒྱུན་ལྡན་ལྟར་སྤེལ་བར་འགན་སྲུང་བྱ་དགོས། ཤེས་ལྡན་མི་སྣ་འགུག་ཐབས་དང་གསར་གཏོད་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་དངོས་བཏོན་ནས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་གཞིའི་རང་བཞིན་གྱི་སྒྱུར་བཅོས་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་གཏོང་དགོས། ཐོན་ལས་གྲངས་གཞི་ཅན་དང་གྲངས་གཞིའི་ཐོན་ལས་ཅན་གྱིས་སྤྲད་པའི་གོ་སྐབས་དམ་འཛིན་བྱས་ཏེ་5Gདྲ་རྒྱ་དང་གྲངས་གཞིའི་ལྟེ་གནས་སོགས་རྨང་གཞིའི་སྒྲིག་བཀོད་གསར་པ་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བ་དང་། གྲངས་གཞིའི་དཔལ་འབྱོར་དང་། ཚེ་སྲོག་བདེ་ཐང་། རྒྱུ་ཆ་གསར་པ་སོགས་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་དང་འབྱུང་འགྱུར་ཐོན་ལས་བཀོད་སྒྲིག་བྱ་རྒྱུར་དམ་འཛིན་བྱེད་པ། ཚན་རྩལ་གསར་གཏོད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འཕར་གནས་གསར་པ་སྟོབས་ཆེར་གཏོང་བ་བཅས་བྱས་ཏེ། གོང་འཕེལ་གྱི་སྒུལ་ནུས་གསར་པ་ཆགས་པ་བྱེད་དགོས། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལྷུ་ཚིགས་ཀྱི་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྒྱུར་བཅོས་བྱེད་ཤུགས་ཆེ་རུ་གཏོང་བ། སྒྱུར་བཅོས་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ཏེ་ངོ་བོའི་རང་བཞིན་དང་། འགག་གཏོར་རང་བཞིན། མ་ལག་རང་བཞིན་བཅས་ཀྱི་གྲུབ་འབྲས་དེ་བས་མང་བ་ཐོབ་པ་བྱས་ནས་རྒྱལ་ཡོངས་ཀྱི་སྒྱུར་བཅོས་ལ་ལམ་བུ་འཚོལ་ཞིབ་དང་ཉམས་མྱོང་ལེགས་སྐྱེས་སུ་འབུལ་དགོས་ཞེས་གསུངས་པ་རེད།
          ཞི་ཅིན་ཕིང་གིས། མིག་སྔར་གཞི་རྐང་འཛུགས་པ་དང་ཕུགས་ལ་དམིགས་ཏེ་འཐབ་ཇུས་ཇུས་འགོད་དང་མདུན་ལྗོངས་བཀོད་སྒྲིག་ལ་ཤུགས་སྣོན་རྒྱག་པ་དང་། ཞི་བདེ་དང་དམག་འཐབ་ཟུང་འབྲེལ་མཐའ་འཁྱོངས་བྱེད་པ། རིམས་ནད་ཚབས་ཆེན་སྔོན་འགོག་ཚོད་འཛིན་གྱི་སྒྲིག་གཞི་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ། སྤྱི་པའི་འཕྲོད་བསྟེན་འཕྲལ་སྒྲུབ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ལས་ཀའི་སྟོབས་ཤུགས་འཐབ་ས་དང་པོར་ཕྱོགས་རྒྱུར་སྐུལ་འདེད་གཏོང་དགོས། རྒྱལ་གཅེས་འཕྲོད་བསྟེན་ལས་འགུལ་གཏིང་ཟབ་སྤེལ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁོར་ཡུག་བཅོས་སྒྲིག་ལ་སྐུལ་འདེད་གཏོང་བ་དང་། སྤྱི་པའི་འཕྲོད་བསྟེན་སྒྲིག་བཀོད་འཐུས་སྒོ་ཚང་དུ་གཏོང་བ། ཡ་རབས་སྐྱོན་བྲལ་དང་སྦགས་མེད་ཁོར་ཡུག་སྲུང་སྐྱོང་གི་འཚོ་བ་སྐྱེལ་སྟངས་དར་སྤེལ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།
          ཞི་ཅིན་ཕིང་གིས། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དེ་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་དང་འབྲེལ་བ་དམ་ཟབ་ཡོད། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱ་རྒྱུ་དམ་འཛིན་བྱ་ཡུལ་དུ་བརྩིས་ནས། “གྲོང་ཚོ་སྟོང་གིས་དཔེ་སྟོན་དང་གྲོང་ཚོ་ཁྲི་བཅོས་སྒྲིག་བྱེད་པའི་”ལས་གྲྭ་དང་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཛེས་སྡུག་ལྡན་པའི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་གང་ལེགས་བྱས་ནས་བཟོ་ཚོང་མ་རྩ་དང་། ཚན་རྩལ། ཤེས་ལྡན་མི་སྣ་བཅས“རི་ཁུལ་དང་གྲོང་གསེབ་ཏུ་བསྐྱོད་རྒྱུར”སྐུལ་འདེད་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་ཀྱི་སྒྲིག་སྲོལ་སྒྲིག་ལུགས་དང་སྲིད་ཇུས་མ་ལག་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་ལ་འགྱུར་རྒྱུར་མགྱོགས་མྱུར་སྐུལ་འདེད་གཏོང་བ་བཅས་བྱེད་དགོས། ཞིང་ལས་དང་འབྲོག་ལས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་མིའི་“འབྲུ་རིགས་”དང་“ཤ་ཚལ་སྒོ་ང་”སོགས་དངོས་ཟོག་འདང་ངེས་དང་རིན་གོང་བརྟན་པོ་ཡོང་བར་འགན་ལེན་བྱེད་པ་དང་ཞིང་པའི་ཡོང་འབབ་འཕར་རྒྱུར་འགན་ལེན་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཏན་ཏིག་བཏང་ནས། མཛེས་སྡུག་ལྡན་པའི་གྲོང་གསེབ་འཛུགས་སྐྲུན་ཡག་པོ་བྱ་རྒྱུར་སྐུལ་ཁྲིད་བྱེད་དགོས། ཤར་རྒྱུད་དང་ནུབ་རྒྱུད་ཀྱི་དབུལ་སྐྱོར་རོགས་ལས་དང་། ཁ་གཏད་རོགས་སྐྱོར། ཁ་གཏད་མཉམ་ལས་བཅས་ཀྱི་ལས་དོན་ནན་ཏན་ངང་ཡག་པོ་བསྒྲུབས་ནས་ཁ་གཏད་ས་ཁུལ་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་འགྲོ་རྒྱུར་རམ་འདེགས་བྱེད་དགོས། “སྔོ་ལྗང་རི་ཆུ་གསེར་རི་དངུལ་རི་ཡིན་པའི་”གོང་འཕེལ་གྱི་འདུ་ཤེས་ལག་ལེན་བསྟར་ནས་ཀྲེ་ཅང་གི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་སྐས་རིམ་གསར་པ་ཞིག་ཏུ་སླེབས་རྒྱུར་སྐུལ་འདེད་གཏོང་བ་དང་། དྭངས་ཤིང་གཙང་བའི་རི་ཆུ་ཀླུང་གསུམ་དེ་བས་མཛེས་སྡུག་ལྡན་པ་ཞིག་སྐྲུན་པ། གསེར་རི་དངུལ་རི་དེ་བས་ཆེ་བ་ཞིག་ཏུ་འགྱུར་བ་བཅས་བྱས་ནས་ལྗང་མདོག་དེ་ཀྲེ་ཅང་འཕེལ་རྒྱས་ཀྱི་མི་སེམས་འགུལ་བའི་རྣམ་པ་ཞིག་ཏུ་འགྱུར་བ་བྱེད་དགོས་ཞེས་བསྟན་པ་རེད།
          ཞི་ཅིན་ཕིང་གིས། ད་ཐེངས་ཀྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འཐབ་རྩོད་ཀྱིས་ས་ཁུལ་ཁག་དང་ཚན་པ་ཁག་གི་ཏང་དོ་དམ་དང་ཏང་བཅོས་སྐྱོང་གི་ཆུ་ཚད་དང་འགོ་ཁྲིད་ཚན་ཁག་དང་ཏང་ཡོན་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གི་ཆུ་ཚད་ལ་ཚོད་བགམ་ནན་པོ་བྱས་ཡོད། རིམ་ཁག་ཏང་ཨུད་ཀྱིས་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་བྱེད་པ་དང་ཏང་ཡོན་དང་ལས་བྱེད་པའི་རྒྱུན་གཏན་རང་བཞིན་གྱི་སློབ་གསོ་དོ་དམ་ལ་དམ་འཛིན་ཏན་ཏིག་བྱས་ཏེ། གཞི་རིམ་ཏང་རྩ་འཛུགས་ཀྱི་རྨང་གཞི་བརྟན་དུ་གཏོང་བ་དང་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་དོན་ཐོག་ཏུ་འཁྱོལ་བ་བྱེད་དགོས། རིམ་ཁག་ཏང་རྩ་འཛུགས་དང་ལྷག་པར་དུ་གཞི་རིམ་ཏང་རྩ་འཛུགས་ཀྱིས་མང་ཚོགས་ལ་འབྲེལ་གཏུག་དང་ཞབས་འདེགས་ཞུ་བའི་ཐད་བརྩེ་སེམས་ཀྱི་ཕྱུག་པ་དང་། དྲིལ་བསྒྲགས་སློབ་གསོའི་ཐད་མང་ཚོགས་ལ་བསམ་བློ་མང་ཙམ་གཏོང་བ། མང་ཚོགས་གཅིག་སྡུད་བྱེད་པའི་ཐད་ནུས་ཤུགས་མང་ཙམ་འདོན་པ་བཅས་བྱེད་དགོས། ཕྱི་ཚུལ་རིང་ལུགས་དང་དཔོན་ཉམས་རིང་ལུགས་ཀྱི་གནད་དོན་ལ་དམིགས་ནས་ཕྱོགས་ཡོངས་ནས་ཞིབ་ལྟ་བྱེད་པ་དང་བཅོས་སྒྲིག་རྣག་ཐོག་གཙག་འཁེལ་ཡོང་བ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་ཏན་ཏིག་བཏང་ནས་ལས་བྱེད་པར་རང་འཁྲིའི་ལས་འགན་སྒྲུབ་པར་དུས་ཚོད་དང་སེམས་ཤུགས་དེ་བས་མང་བ་འདོན་པའི་གོ་སྐབས་ཡོད་པ་བྱ་དགོས་ཞེས་ནན་སྟོན་གནང་འདུག
          ཏིང་ཞུའེ་ཞང་དང་། ལིའུ་ཧོ། ཧོ་ལི་ཧྥེང་། ཀྲུང་དབྱང་གི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་ཀྱིས་རྟོག་ཞིབ་ལ་ཕེབས་རོགས་ཞུས་ཡོད་པ་རེད།
རྩོམ་སྒྲིག་པ། རྡོ་རྗེ།