ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

གྲོ་འཕྲུལ་བསྡུ་དང་དབྱར་གསུམ་གྱི་ཐོན་སྐྱེད་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་བྱེད་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཚེས་16ཉིན། ཞིང་ལས་གྲོང་གསེབ་པུས་རྒྱལ་ཡོངས་ཀྱི་དབྱར་བསྡུ་དང་དབྱར་འདེབས། དབྱར་དུས་ཞིང་ནང་གཡོག་བྱེད་ཀྱི་ཐོན་སྐྱེད་བརྙན་ལམ་བཀོད་གཏོང་དང་གྲོ་འཕྲུལ་བསྡུའི་ལས་དོན་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཚོགས་འདུའི་ཐོག རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་གྲོའི་འཕྲུལ་བསྡུའི་དམག་འཐབ་དྲག་པོ་ནུས་ཤུགས་ཡོད་རྒུས་ཡག་པོ་བརྒྱབ་ནས་དབྱར་བསྡུ་དང་དབྱར་འདེབས། དབྱར་དུས་ཞིང་ནང་གཡོག་བྱེད་ཀྱི་ལས་དོན་ཁག་ལ་དམ་འཛིན་ཏན་ཏིག་དང་ཞིབ་ཕྲ་བྱས་ཏེ་དབྱར་འབྲུ་འབྲུ་རྡོག་གཅིག་ཀྱང་མ་ལུས་པར་འབྲུ་མཛོད་དུ་འཇུག་རྒྱུ་འགན་ལེན་གྱིས་ལོ་ཧྲིལ་པོའི་འབྲུ་རིགས་ཐོན་སྐྱེད་ཀྱི་རྨང་གཞི་བརྟན་དུ་གཏོང་དགོས་པའི་ནན་བཤད་བྱས་པ་རེད།
  ཚོགས་འདུའི་ཐོག་བསྟན་དོན། མིག་སྔར་གྲོ་མིག་གཏོང་བཞིན་པའི་འགག་རྩའི་དུས་སུ་སླེབས་ཡོད། བཀོད་གཏོང་གནས་ཚུལ་ནས་བལྟས་ན་དགུན་གྲོའི་མུའུ་རེའི་ཆ་སྙོམས་སྙེ་མའི་བསྡོམས་གྲངས་དེ་ན་ནིང་གི་དུས་མཚུངས་དང་བསྡུར་ན་མཉམ་པའམ་ཅུང་མཐོ་བ་དང་། སྙེ་མའི་གྲངས་འབོར་སྤྱིར་ན་མཉམ་པ། འབྲུ་རྡོག་ཆིག་སྟོང་རེའི་ལྗིད་ཚད་མཐོ་རུ་འགྲོ་རེ་ཡོད། སྐམ་ཤས་ཆེ་བའི་ཚ་རླུང་དང་། ལོ་ཏོག་ཉལ་བ། ཆར་ཆུས་གནོད་པ། ནད་དང་གནོད་འབུ་སོགས་ཀྱི་ཉེན་ཁ་ཡང་སྔར་བཞིན་གནས་ཡོད། ལྷོད་གཡེང་སྤུ་ཙམ་ཡང་མེད་པའི་སྒོ་ནས་གྲོའི་དུས་མཇུག་གི་ཞིང་ནང་གཡོག་བྱེད་ཡག་པོ་བྱས་ནས“གཅིག་གཏོར་འགོག་གསུམ”སོགས་ཀྱི་ཐོན་འབབ་མཐོར་གཏོང་གི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱས་ཏེ། གྲོ་སྙེ་ཆེན་པོ་དང་འབྲུ་རྡོག་གི་ལྗིད་ཚད་མཐོ་པོ་ཡོང་བ་དང་། གྲོ་སྙེ་ཆགས་དུས་ཀྱི་གནོད་འབུ་དང་ཕྱེ་དཀར་ནད་སོགས་ཀྱི་འགོག་བཅོས་ལས་དོན་ཡག་པོ་བསྒྲུབས་ཏེ་ཐོན་འབབ་ཡག་པོ་ཡོང་བའི་འགན་ལེན་བྱེད་དགོས། ཉེ་དུས་ས་ཆ་ཁག་གཅིག་ཏུ་ལྗང་པ་བཀོག་ནས་འབྲུ་རིགས་མེད་པར་བཟོ་བ་སོགས་ཀྱི་གནད་དོན་ཐོན་ཡོད། ས་གནས་ཁག་གིས་འབྲེལ་ཡོད་གནས་ཚུལ་སྔར་བས་གྲལ་བཤེར་དང་བདེན་མིན་ཞིབ་དཔྱད་བྱས་ནས་བཅའ་ཁྲིམས་དང་ཁྲིམས་སྲོལ་གཞིར་བཟུང་ཐག་གཅོད་ནན་པོ་བྱས་ཏེ། ཐོབ་པར་དཀའ་བའི་དབྱར་འབྲུའི་ཐོན་སྐྱེད་ཀྱི་གྲུབ་འབྲས་སྲུང་སྐྱོབ་ཡག་པོ་བྱེད་དགོས།
  ཚོགས་འདུའི་ཐོག་ནན་བཤད་བྱས་དོན། གྲོ་97%ཡན་འཕྲུལ་བསྡུ་བྱེད་ཀྱི་ཡོད། དེང་སྐབས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་དུས་བབ་ཛ་དྲག་ལ་རྙོག་འཛིང་ཆེ་བས། ཞིང་ལས་འཕྲུལ་ཆས་གཞུང་ལམ་དུ་འགྲོ་བ་དང་ས་ཁོངས་བརྒལ་ནས་ལས་སྒྲུབ་བྱེད་པར་ཤུགས་རྐྱེན་ངེས་ཅན་ཞིག་བཟོ་སྲིད། དེས་ན་ས་གནས་ཁག་གིས་ངེས་པར་དུ་དཀའ་ངལ་དང་གནད་དོན་ལ་བསམ་གཞིག་དེ་བས་ལེགས་པ་བྱས་ཏེ། ཁ་གཏད་གཅོག་པའི་སྔོན་ཇུས་དང་འཕྲལ་སྡོམ་བྱེད་ཐབས་སྔ་ས་ནས་ཞིབ་ཚགས་བཟོས་ཏེ་དུས་ཐོག་ཏུ་འགག་གནད་དང་འགོག་རྐྱེན་སེལ་བ་དང་གྲོ་འཕྲུལ་བསྡུའི་ལས་དོན་བདེ་བླག་ངང་སྤེལ་བར་ནུས་ཤུགས་ཡོད་རྒུས་འགན་ལེན་བྱེད་དགོས།
  འཕྲུལ་བསྡུའི་ལས་སྒྲུབ་ཀྱི་མཁོ་སྤྲོད་འབྲེལ་མཐུད་ཀྱི་གནས་ཚུལ་ལ་རྗེས་སྙེག་བཀོད་པ་གཏོང་བ་དང་། ཞིང་འཕྲུལ་ཡོ་ཆས་སྤྱི་འདོམས་མཐུན་སྦྱོར་བྱེད་པ། ཞིང་དུད་དང་ཞིང་ས་དབྱེ་ནས་ལས་སྒྲུབ་ཞབས་ཞུ་ཚོགས་པ་དང་། འཕྲུལ་ཆས། ཁ་ལོ་བ་སོགས་བཀོད་སྒྲིག་བྱས་ནས་སྟོང་ཆ་དང་ཁུག་ཆ་མ་ལུས་པ་བྱེད་དགོས། རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་བྱེད་ཐབས་དོན་འཁྱོལ་ཡག་པོ་བྱེད་པའི་རྨང་གཞིའི་ཐོག་ཞིང་འཕྲུལ་ཁ་ལོ་བར་གཙོ་གནད་དངོས་ཟོག་སྐྱེལ་འདྲེན་འཁོར་རིགས་ཀྱི་འགྲོ་སྐྱོད་ལག་ཁྱེར་གཅིག་སྡུད་ཐོག་གཉེར་བ་དང་། མྱུར་བགྲོད་གཞུང་ལམ་གྱི་དོན་ས་དང་འཛུལ་ས་སོགས་སུ་ཞིང་འཕྲུལ་ཡོ་ཆས་སྐྱེལ་འདྲེན་གྱི་ཐོགས་མེད་བགྲོད་ལམ་བཟོ་བར་སྐུལ་འདེད་གཏོང་བ། མཉམ་སྦྲེལ་བརྔ་བསྡུ་འཕྲུལ་འཁོར་དང་དེའི་སྐྱེལ་འདྲེན་ཞབས་ཞུའི་འཁོར་རིགས་ལ་སྔོན་དུ་ཞིབ་བཤེར་དང་གཏོང་བ། ས་ཁོངས་བརྒལ་བའི་ལས་སྒྲུབ་མི་སྣར་ཉིང་སྐྱུར་དང་འགོག་རྫས་སོགས་བརྟག་དཔྱད་དང་ཁོངས་གཏོགས་ས་ཆར་ཐོ་འགོད་སྙན་སེང་སོགས་ཀྱི“གཅིག་འཐུས་ཞབས་འདེགས་ཞུ་བ་བཅས་བྱས་ནས་ཞིང་འཕྲུལ་ཡོ་ཆས་སྐྱེལ་འདྲེན་ཤར་གཏོང་ཡོང་བའི་འགན་ལེན་བྱེད་དགོས། ས་གནས་ཁག་གིས་གྲོ་བརྔ་བསྡུ་འགན་ལེན་གྱི་ཐད་སྦྲེལ་ཁ་པར་ཁྱབ་བསྒྲགས་བྱས་ནས་དུས་ཐོག་ཏུ་དཀའ་གནད་སེལ་དགོས། རིམས་ནད་ཐོན་པའི་གྲོང་ཁྱེར་དང་རྫོང་གི་བཀག་སྡོམ་ཁུལ་དང་དོ་དམ་ཚོད་འཛིན་ཁུལ་གྱིས་ཞིང་འཕྲུལ་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་འཕྲལ་མར་འཕྲལ་སྒྲུབ་བརྔ་བསྡུའི་རུ་ཁག་འཛུགས་པ་དང་ཚབ་བསྡུ་ཚབ་འདེབས་སོགས་ཀྱི་ལས་དོན་བསྒྲུབས་ནས་འབྲུ་རིགས་བསྡུ་ཐུབ་རིགས་བསྡུ་གང་ཐུབ་བྱེད་དགོས། འབྲུ་རིགས་འཕྲོ་བརླག་མི་འགྲོ་བ་བྱ་ཆེད། དྲིལ་བསྒྲགས་དང་། གསོ་སྦྱོང་། འགྲན་བསྡུར་བཅས་ཀྱི་བྱེད་སྒོ་སྤེལ་ནས་འཕྲུལ་ཆས་ཀྱིས་གྲོ་བརྔ་བསྡུ་བྱེད་སྐབས་འཕྲོ་བརླག་གཏོང་ཚད་དེ་2%ནང་ཚོད་འཛིན་བྱེད་དགོས། ད་དུང་གྲིབ་སྐམ་དང་ཉི་སྐམ་བཏང་ནས་འབྲུ་རིགས་བསྐྱར་དུ་འཕྲོ་བརླག་མི་འགྲོ་བ་བྱེད་དགོས།
  ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། སོ་ནམ་དུས་ཚིགས་ལ་དམ་འཛིན་ཡག་པོ་བྱས་ནས་དབྱར་འདེབས་དང་ཞིང་ནང་གཡོག་བྱེད་ཡག་པོ་བྱེད་པ་དང་། དབྱར་འདེབས་ཀྱི་ལས་འགན་སྔར་བས་ཁག་བགོས་དང་དམ་ཚགས་ཡོང་བ་བྱེད་པ། གྲོང་ཁྱེར་དང་། རྫོང་། གྲོང་རྡལ། གྲོང་ཚོ། ཐོན་སྐྱེད་བྱེད་པོ་བཅས་ལ་ཁྱབ་པ་བཅས་བྱས་ཏེ། འདེབས་ཐུབ་རིགས་འདེབས་གང་ཐུབ་ཀྱིས་འདེབས་ཁྱོན་གཏན་ནས་མི་ཆག་པ་བྱེད་དགོས། ཁུལ་དང་རིགས་དབྱེ་ནས་དཔྱིད་འདེབས་དང་དབྱར་འདེབས་ཀྱི་ཞིང་ནང་གཡོག་བྱེད་ལ་གནད་སྨིན་མཛུབ་ཁྲིད་བྱས་ནས་དུས་ཐོག་ཏུ་ལོ་ཏོག་སྐྱེ་འཚར་ལ་བལྟས་ཏེ་སོན་རྩ་མཐུག་པོ་མེད་ཚེ་གསབ་འདེབས་བྱེད་པ་དང་ཆུ་ལུད་སྙོམ་པོ་ཡོང་བ་བྱས་ནས་ལོ་ལེགས་ཡོང་བའི་གྲ་སྒྲིག་ཡག་པོ་བྱེད་དགོས། ཆུ་མ་ཤོར་གོང་ནས་རགས་དང་། རྐྱེན་མ་བྱུང་གོང་ནས་བཟློག་དགོས་པ་ལྟར། གནོད་འཚེ་སྔོན་འགོག་དང་ཉུང་གཏོང་ལ་སྐུལ་འདེད་བཏང་ནས་ལྷོད་གཡེང་གི་བསམ་བློ་ཁྱད་བསད་བྱེད་པ་དང་། ཆུ་ལོག་ཞོད་སྐྱོན་གྱི་ཆོས་ཉིད་ལ་ཞིབ་འཇུག་དང་བརྡར་ཤ་གཅོད་པ། ས་ཁོངས་དང་གནོད་འཚེའི་རིགས་དབྱེ་ནས་སྔོན་ཇུས་ཞིབ་ཕྲ་བཟོ་བ་བཅས་བྱས་ཏེ། ལས་དོན་གྱི་བྱེད་ཐབས་སྔ་ས་ནས་དོན་འཁྱོལ་བྱེད་དགོས།