ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧྲང་ཧའེ་ཡིས་དུས་མཚམས་དབྱེ་ནས་ཚོང་ལས་དང་ཁྲོམ་ར་སླར་གསོར་སྐུལ་འདེད་གཏོང་རྒྱུ་ཡིན་པ།

འཚོ་བའི་དངོས་ཟོག་ཐ་སྐྱོང་འགན་ལེན་གྱི་ལས་དོན་མུ་མཐུད་ཡག་པོ་བསྒྲུབ་རྒྱུ་ཡིན་པ།

སྤེལ་དུས 2022-05-18 ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར། རྩོམ་པ་པོ།
  ཟླ་5ཚེས་15ཉིན་འཚོགས་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་དོན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཧྲང་ཧའེ་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཁྲེན་ཐུང་གིས། ཧྲང་ཧའེ་ཡིས“གོ་རིམ་ལྡན་པའི་ངང་ལྷུག་གཏོང་དང་། ཚད་ལྡན་ངང་འཁོར་སྐྱོད། དོ་དམ་ཚོད་འཛིན་ནུས་ལྡན། རིགས་དབྱེ་ནས་དོ་དམ”བཅས་ཀྱི་རྩ་དོན་ལྟར་རིམས་ནད་སྔོན་འགོག་དང་ཚོད་འཛིན་བྱེད་ཐབས་ཁག་དོན་འཁྱོལ་ནན་པོ་བྱས་ཏེ་ཟླ་5ཚེས་16ཉིན་ནས་བཟུང་དུས་མཚམས་དབྱེ་ནས་ཚོང་ལས་དང་ཁྲོམ་ར་སླར་གསོར་སྐུལ་འདེད་གཏོང་རྒྱུ་ཡིན་ཞེས་ཁྱབ་བསྒྲགས་བྱས་པ་རེད།
  མང་ཚོགས་ཀྱི་གཞི་རྩའི་འཚོ་བ་འགན་ལེན་དང་འཚོ་བའི་དངོས་ཟོག་མཁོ་སྤྲོད་ཡག་པོ་བྱ་ཆེད། ཧྲང་ཧའེ་ཡིས་དེ་གོང“གཞི་རྩ་འགན་ལེན་དང་ཁྱོན་ཡོངས་ལ་ཁྱབ་པའི”ལས་ཀའི་དམིགས་ཚད་གཏན་འཁེལ་བྱས་ནས་དྲ་ཚིགས་དང་མཚམས་ཚིགས་ཕྱེ་དགོས་རིགས་ཚང་མ་ཕྱེ་བ་དང་མཁོ་སྤྲོད་འགན་ལེན་མི་སྣ་ཕྱིར་ལོག་བྱེད་དགོས་རིགས་ཚང་མ་ཕྱིར་ལོག་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ཡོད། གྲོང་ཁྱེར་ཡོངས་ཀྱི་ཚོང་གཉེར་དྲ་ཚིགས་ཉུང་དུས་ཀྱི་1400ཡང་མི་ཟིན་པ་ནས་མིག་སྔའི་10625བར་མང་དུ་ཕྱིན་པ་དང་། ཉིན་རེར་མངགས་ཐོ་ཁྲི་500ཟིན་པ། “མིང་ཐོ་དཀར་པོར”བཅུག་པའི་སྡེབ་སྐྱེལ་དང་མྱུར་སྐྱེལ་བ་ཁྲི་11.8ཟིན་པ་ལས་དྲ་ཐོག་ཚོང་དོན་ལས་སྟེགས་དང་། སྒོ་རྩིས་ཚོང་ཁང་། བཟའ་བཏུང་ཁེ་ལས་བཅས་ཀྱི་སྡེབ་སྐྱེལ་བ་ཁྲི་10.6དང་མྱུར་སྐྱེལ་བ་ཁྲི་1.2ཡོད་པ་རེད།
  ཁྲེན་ཐུང་གིས། གོམ་སྟབས་རྗེས་མར་ཧྲང་ཧའེ་ཡི་དངོས་ཟོག་ཉོ་སྒྲུབ་ལྟེ་གནས་དང་། བརྒྱ་ཟོག་ཚོང་ཁང་། སྒོ་རྩིས་ཚོང་ཁང་། སྟབས་བདེའི་ཚོང་ཁང་། སྨན་རྫས་ཚོང་ཁང་སོགས་ཚོང་ལས་དྲ་ཚིགས་ཁག་གི་དྲ་ཕྱིའི་ཚོང་གཉེར་རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་བྱས་ཏེ་འགྲོ་འོང་གི་ལམ་བུ་གཏན་འཁེལ་བྱེད་པ་དང་མི་སྣ་འཁོར་རྒྱུག་ཚོད་འཛིན་ཡག་པོ་བྱས་ནས“དྲ་ཐོག་ནས་མངགས་ཉོ་དང་དྲ་ཕྱི་ནས་སྐྱེལ་བ”དང“དྲ་ཕྱིར་ཚོང་ཁང་དུ་འཛད་སྤྱོད་བྱེད་པའི”ཞབས་ཞུ་ཁྱབ་གདལ་གཏོང་རྒྱུ་དང་ཞིང་ཞོར་ཁྲོམ་ར་རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་རེད། སྡེབ་ཚོང་ཁྲོམ་རར་འབྲེལ་གཏུག་མེད་པའི་ཉོ་ཚོང་བྱས་ནས་སིལ་ཚོང་ལས་སྒོ་གནས་སྐབས་མཚམས་འཇོག་བྱེད་པ་དང་ཁྲོམ་རར་ཡོང་བའི་འཁོར་རིགས་དང་ཁ་ལོ་བར་རིམས་འགོག་བྱ་ཐབས་དོན་འཁྱོལ་ནན་པོ་བྱ་རྒྱུ་རེད། ཚལ་ཁྲོམ་དུ་གཅིག་སྡུད་ཉོ་སྒྲུབ་དང་། གོ་རིམ་ལྡན་པའི་ངང་དྲ་ཕྱིར་ཚོང་གཉེར་སླར་གསོ། ཁྲོམ་འདོན་ཚད་དང་འགྲུལ་རྒྱུན་ཚོད་འཛིན་ལུགས་མཐུན་བཅས་བྱ་རྒྱུ་རེད། བཟའ་བཏུང་དང་། སྐྲ་བཞར། གོས་བཀྲུའི་ཞབས་ཞུ་བཅས་རིམ་བཞིན་གོ་རིམ་ལྡན་པའི་ངང་སླར་གསོ་བྱ་རྒྱུ་རེད་ཅེས་བཤད་པ་རེད།