ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

དགེ་རྒན་གྱི་གླ་ཕོགས་ཐད་འདི་ལྟར་བཤད་འདུག

སྤེལ་དུས 2022-05-23 ཡོང་ཁུངས། མི་དམངས་དྲ་བ། རྩོམ་པ་པོ།
    ཉེ་ཆར། རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས་ཞིང་ཆེན་(རང་སྐྱོང་ལྗོངས་དང་གྲོང་ཁྱེར)ཁག་ལ་སླར་ཡང་དྲན་སྐུལ་ཡི་གེ་བསྐུར་ཏེ།  འོས་འགན་སློབ་གསོའི་དགེ་རྒན་གྱི་ཆ་སྙོམས་གླ་ཕོགས་ཆུ་ཚད་དེ་ས་གནས་དེ་གའི་གཞུང་ཞབས་པའི་ཆ་སྙོམས་གླ་ཕོགས་ཡོང་འབབ་ཆུ་ཚད་(བསྡུས་མིང་ལ་མི་དམའ་བ་ཞེས་བརྗོད་རྒྱུ)ལས་མི་དམའ་བ་བྱས་ནས།  མི་དམའ་བ་ཞེས་པ་མུ་མཐུད་དོན་འཁྱོལ་ཡོང་རྒྱུར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།
    དྲན་སྐུལ་ཡི་གེའི་ནང་བླང་བྱ་ཁག་གསུམ་གསལ་པོ་བཏོན་ཡོད་པ་སྟེ།
    གཅིག་ནི།  ཞིང་ཆེན་རིམ་པས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས། ཁོངས་གཏོགས་རྫོང་(གྲོང་ཁྱེར་དང་ཆུས)ལ་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་དེ་སྲིད་གཞུང་གིས་ངེས་པར་དུ་འགན་ལེན་བྱེད་དགོས་པའི་གཏོང་སྒོའི་ནང་བཅུག་ནས། དུས་ཐོག་ཏུ་ཆད་ལུས་མེད་པ་སྤྲོད་རྒྱུར་ལྟ་སྐུལ་མཛུབ་ཁྲིད་བྱེད་པ་དང་། དགེ་རྒན་གྱི་གླ་ཕོགས་ཆད་འགྱངས་བྱེད་པའི་རིགས་མཐའ་གཅིག་ཏུ་མི་ཐོན་པ་བྱས་ནས། མི་དམའ་བ་ཞེས་པ་དོན་འཁྱོལ་མི་བྱེད་པའི་གནས་ཚུལ་བསྐྱར་དུ་ཐོན་རྒྱུར་བཀག་འགོག་མཐའ་གཅིག་ཏུ་བྱེད་དགོས།
    གཉིས་ནི།  དྲིལ་བསྒྲགས་འབྲེལ་གཏུག་ལ་ཤུགས་སྣོན་བརྒྱབ་སྟེ། གླ་ཕོགས་སྲིད་ཇུས་དང་། ཇུས་གཞི་བཀྲམ་པ། གཏོང་སྤྲོད་བྱེད་སྟངས་སོགས་འོས་འགན་སློབ་གསོའི་དགེ་རྒན་གྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་སྲིད་ཇུས་བྱ་ཐབས་དྲིལ་བསྒྲགས་དང་དེར་འགྲེལ་བཤད་བྱེད་ཤུགས་ཆེ་རུ་བཏང་ནས། དུས་ཐོག་ཏུ་འབོད་སྐུལ་ལ་ཉན་པ་དང་། བླང་བྱར་ལན་ཆ་བྱེད་པ།  རྒྱ་ཆེའི་འོས་འགན་སློབ་གསོའི་དགེ་རྒན་ལ་དོགས་གནད་དང་གོ་ནོར་ཐེབས་རིགས་མེད་པ་བཟོ་རྒྱུའི་ཁྲིད་སྟོན་བཅས་བྱས་ཏེ། ལུགས་མཐུན་གྱི་སྔོན་དཔག་ཡོང་བ་བྱེད་དགོས།
    གསུམ་ནི། འགན་འཁྲི་བདའ་འདེད་ནན་དུ་བཏང་ནས། ཁོངས་གཏོགས་རྫོང་(གྲོང་ཁྱེར་དང་ཆུས)ལ་འོས་འགན་སློབ་གསོའི་དགེ་རྒན་གྱི་གླ་ཕོགས་ཐོབ་ཐང་གི་ལྟ་ཞིབ་ཚད་ལེན་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། གནད་དོན་ཤེས་རྟོགས་ཐུབ་མ་ཐག་འཕྲལ་དུ་དག་ཐེར་ཡོ་བསྲང་བྱ་རྒྱུར་སྐུལ་འདེད་གཏོང་བ་དང་འབྲེལ་སློབ་གསོ་ལྟ་སྐུལ་སློབ་སྟོན་གྱི་འགན་འཁྲི་བདའ་འདེད་བྱེད་ཐབས་གཞིར་བཟུང་། འབྲེལ་ཡོད་འགན་འཁུར་བར་འགན་འཁྲི་བདའ་འདེད་ནན་པོ་གཏོང་དགོས།
    གནད་དོན་ཚབས་ཆེ་བའི་ས་ཁུལ་ཁག་གཅིག་ལ་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོ་ལྟ་སྐུལ་མཛུབ་ཁྲིད་ཨུ་ལྷན་གཞུང་དོན་ཁང་གིས་འོས་འཚམ་ངང་སྒོ་བྱང་བཀལ་ནས་ལས་དོན་སྒྲུབ་རྒྱུར་ལྟ་སྐུལ་བྱ་རྒྱུ་ཡིན་པ་རེད།