ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧྲང་ཧའེ་རུ་ཟ་ཁང་གི་སྒོ་གོ་རིམ་ལྡན་པའི་ངང་ཕྱེ་བ།

སྤེལ་དུས 2022-06-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  གསར་འགོད་པར་ཚེས་26ཉིན་འཚོགས་པའི་ཧྲང་ཧའེ་གྲོང་ཁྱེར་གྱི་ཏོག་གསར་གློ་ཚད་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། ཟླ་6ཚེས་29ཉིན་ནས་བཟུང་ཁོངས་གཏོགས་ཁུལ་དུ་ཉེན་ཁ་འབྲིང་བ་མེད་པའི་ས་ཁུལ་དང་ཉེ་བའི་གཟའ་འཁོར་གཅིག་རིང་སྤྱི་ཚོགས་སུ་རིམས་ནད་ཐོན་མེད་པའི་ཁྲོམ་གཞུང་དང་གྲོང་རྡལ་དུ་ཟ་ཁང་གོ་རིམ་ལྡན་པའི་ངང་སྒོ་འབྱེད་རྒྱུ་རེད།
  ཧྲང་ཧའེ་གྲོང་ཁྱེར་ཚོང་དོན་ཨུ་ལྷན་གྱི་རིམ་པ་གཉིས་པའི་སྐོར་གཟིགས་པ་ལའེ་ཞའོ་དབྱི་ཡིས། 《གྲོང་ཁྱེར་འདི་གའི་བཟའ་བཏུང་ཞབས་ཞུའི་ལས་རིགས་ཀྱི་ཚོང་གཉེར་སླར་གསོའི་རིམས་ནད་སྔོན་འགོག་དང་ཚོད་འཛིན་གྱི་མཛུབ་ཁྲིད》(པར་གཞི་གསུམ་པ)ཡོངས་བསྒྲགས་གསར་ཤོས་ལ་གཞིགས་ནས། ཧྲང་ཧའེ་ཡིས་ཟ་ཁང་ཞབས་ཞུའི་ཐོ་འགོད་དོ་དམ་ལག་ལེན་བསྟར་རྒྱུ་རེད། བཟའ་བཏུང་ཁེ་ལས་ཀྱིས་ཆུས་རིམས་ནད་སྔོན་འགོག་དང་ཚོད་འཛིན་གཞུང་དོན་ཁང་ལ་ཐོ་འགོད་སྙན་སེང་ཞུས་ནས་འབྲེལ་ཡོད་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་ཞིབ་བཤེར་དཔྱད་དཔོག་བྱས་རྗེས། ཟ་ཁང་གི་བཟའ་བཏུང་སླར་གསོ་བྱ་ཆོག་གི་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
  ཁྲིད་སྟོན་དེའི་བླང་བྱ་ལྟར། བཟའ་བཏུང་ཁེ་ལས་ཀྱིས་ཟ་ཁང་དུ་ཁ་ལག་ཟ་མཁན་ཚོད་འཛིན་དོ་དམ་བྱས་ནས་ཁ་ཆད་དང་། དུས་དབྱེ། འཚང་གཡོལ་བཅས་ཀྱིས་སྒོ་ནས་ཁ་ལག་ཟ་དགོས་ཀྱི་ཡོད།
  ཟ་ཁང་གི་རྒྱ་ཁྱོན་ལ་གཞིཌ་ན། ཟ་ཁང་ཆེ་གྲས(གཉེར་སྐྱོང་རྒྱ་ཁྱོན་སྨི་ངོས་གྲུ་150ཡན)ཀྱི་ཚོམས་ཆེན་དུ་70%ཡི་བསྡུར་ཚད་ནས་ཁ་ལག་ཟ་ས་བཀོད་སྒྲིག་དང་། ཟ་ཁང་ཆུང་གྲས(གཉེར་སྐྱོང་རྒྱ་ཁྱོན་སྨི་ངོས་གྲུ་150མན)སུ་ཤོང་ཚད་ཆེ་ཤོས་ཀྱི་50%ཡི་བསྡུར་གྲངས་ནས་ཁ་ལག་ཟ་མཁན་གྱི་མི་གྲངས་ལ་ཚོད་འཛིན་བྱས་ཏེ། སྡོད་སར་བར་ཐག་ཡོད་པ་དང་འཚང་ཁར་གཡོལ་ནས་སྡོད་དགོས་ཀྱི་ཡོད།
  ཟ་ཁང་སླར་གསོ་མ་བྱས་གོང་བཟའ་བཏུང་ཁེ་ལས་ཀྱིས་གཉེར་སྐྱོང་བྱ་ཡུལ་དུ་ཕྱོགས་ཡོངས་ནས་སྔོན་འགོག་རང་བཞིན་གྱི་དུག་སེལ་བྱེད་དགོས་པ་དང་། རྒྱུན་གཏན་གྱི་གཉེར་སྐྱོང་བྱེད་རིང་། སྐུ་མགྲོན་གྱིས་ཁ་ལག་བཟས་ཚར་རྗེས་སྒྲོག་ཙེ་དང་། རྐུབ་སྟེགས། དེ་བཞིན་སྣོད་ཆས་བཅས་ལ་དུས་ཐོག་ཏུ་གཙང་འཁྲུད་དང་དུག་སེལ་བྱེད་དགོས། སྐུ་མགྲོན་ཚོས་ཚན་རིག་དང་མཐུན་པའི་ངང་ཁ་རས་བརྒྱབ་ནས་ཆུ་ཚོད་72ནང་ཚུན་གྱི་ཉིང་སྐྱུར་བཤེར་འབྲས་སྲིབས་གཤིས་ཡིན་པའི་དཔང་ཡིག་འཁྱེར་དགོས་པ་མ་ཟད། གཟུགས་པོའི་དྲོད་ཚད་རྒྱུན་གཏན་ཡིན་ཚེ་གཞི་ནས་ཟ་ཁང་དུ་བསྐྱོད་ཆོག་གི་ཡོད།
  བླང་བྱ་གཞིར་བཟུང་། ཧྲང་ཧའེ་ཡིས་ད་དུང་གྲངས་གཞི་ཆེན་པོའི་ལས་སྟེགས་ལ་བརྟེན་ནས་བཟའ་བཏུང་ལས་རིགས་ཀྱི་གྲངས་འཛིན་ཅན་གྱི་བཅོས་སྒྲིག་ལ་མགྱོགས་མྱུར་སྐུལ་འདེད་བཏང་སྟེ། བཟའ་བཏུང་ལས་རིགས་ཀྱི་ལས་དོན་མི་སྣའི་བདེ་ཐང་དོ་དམ་ལས་སྟེགས་དང་། གནས་ཡུལ་ཨང་རྟགས། “གྲངས་འཛིན་སོ་པའི”ལྟ་ཞིབ་ཚད་ལེན་ལས་སྟེགས། བཟའ་བཏུང་ཁེ་ལས་ཀྱི་བཟའ་བཅའི་བདེ་འཇགས་རིམ་པ་དབྱེ་བའི་དོ་དམ་ལས་སྟེགས་ཆུས་ཁག་གི་གྲོང་སྐྱེལ་ལྟེ་གནས་དང་སྦྲེལ་མཐུད་བཅས་བྱས་ནས“དྲ་གཅིག་སྤྱི་འདོམས”མངོན་འགྱུར་བྱེད་རྒྱུ་ཡིན་པ་རེད།