ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

རྩྭ་ཐང་གི་བུ་ཕྲུག—ཐིང་པ་ཐེར།

སྤེལ་དུས 2022-06-29 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན། རྩོམ་པ་པོ།
       ཐིང་པ་ཐེར་ནི་འབྲོག་ཁུལ་དུ་གཞི་ཚུགས་ནས་དཀའ་སྤྱད་དངོས་སྒྲུབ་བྱེད་པའི་དཔེ་བཟང་མི་སྣ་ཞིག་ཡིན། ལོ་ངོ40ལྷག་རིང་མཐའ་མཚམས་སུ་འབྲོག་ལས་གོང་སྤེལ་ལ་གཞོལ་བས། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་དང་། དཔལ་འབྱོར་གོང་དུ་སྤེལ་ཐབས། ཡོང་འབབ་འཕར་བའི་ལམ་བུ་གསར་པ་བཅས་འཚོལ་ཞིབ་བྱས་ནས། ས་གནས་དེ་གའི་འབྲོག་པའི་འཚོ་བ་ཡར་རྒྱས་བཏང་ཡོད་ཅེས་པའི་ངོ་སྤྲོད་མདོར་བསྡུས་འདི་ལས་རྩྭ་ཐང་གི་ཕྲུ་གུ་དེས་མ་ཡུམ་རྩྭ་ཐང་དང་འབྲོག་པ་མང་ཚོགས་ཀྱི་ཆེད་དུ་ཁ་ཡོད་ལག་ཡོད་ཀྱི་བྱ་བ་མང་པོ་བསྒྲུབས་ཡོད་པ་ཤེས་ཐུབ། 

       1974ལོར་ལོ19ལ་སླེབས་པའི་ཐིང་པ་ཐེར་མཐོ་རྒྱུགས་བླངས་རྗེས་ནང་སོག་གི་ཞི་ལིན་ཀུའོ་ལེ་ས་ཁུལ་གྱི་ཨ་པ་ཀ་རྫོང་ཧུང་ཀེར་ཀའོ་ལེ་སུའུ་མུའུ་གྲོང་རྡལ་གྱི་ས་རུའུ་ལ་ཐུའུ་ཡ་གྲོང་ཚོར་གཤམ་སྐྱོད་བྱས་ཤིང་། ཕྱིས་སུ་གཞོན་ནུ་ཤེས་ཡོན་ཅན་ཕྱིར་གྲོང་ཁྱེར་དུ་ལོག་སྐབས་ཁོ་དང་མཉམ་དུ་གཤམ་སྐྱོད་བྱེད་མཁན་བཅུ་ཕྲག་ཁ་ཤས་ཡོད་པ་ཚང་མ་ཕྱིར་ལོག་པ་རེད། ཁོ་མ་གཞི་ཧུའུ་ཧོ་ཧའོ་ཐེ་གྲོང་ཁྱེར་དུ་ལོག་ཆོག་མོད་མཐར་འདི་གར་སྡོད་རྒྱུར་ཐག་བཅད་པ་རེད།
       ས་རུའུ་ལ་ཐུའུ་ཡ་གྲོང་ཚོར་རྩྭ་ཐང་སྤྱི་ལེ་ངོས་གྲུ430ལྷག་ཡོད་ཅིང་། ༼རྐྱང་སེར་༽ཞེས་ཀྱང་འབོད་པའི་ཧོ་ཧྲན་ཏ་ཁེའི་བྱེ་ཐང་གི་ནུབ་བྱང་རྒྱུད་དུ་གནས་ཡོད། ཡུལ་འདིར་ཕྱུགས་ཟོག་འཚོ་སྐྱོང་བྱས་ཐལ་ཤོར་བ་མ་ཟད་རང་བྱུང་གནོད་འཚེ་ལོ་ལ་ལོ་མཐུད་ཀྱིས་ཐོན་ཀྱི་ཡོད་པས། ས་རུའུ་ལ་ཐུའུ་ཡ་གྲོང་ཚོ་ནི་སུའུ་མུའུ་གྲོང་རྡལ་(ཤང་)གྱི་སྐྱེ་ཁམས་ཆ་རྐྱེན་དང་དཔལ་འབྱོར་གཉིས་ཀྱི་ཆ་རྐྱེན་ཞན་ཤོས་ཆགས་ཡོད། ཐིང་པ་ཐེར་རྒྱང་ཐག་རིང་བའི་འབྲོག་ཁུལ་དུ་ཕྱིན་ནས་ཡུན་རིང་མ་འགོར་བར་རྩྭ་འདེབས་པ་དང་། ལུག་འཚོ་བ། ལུག་བལ་འབྲེག་པ། ཤིང་འཛུགས་པ། འདྲུད་འཐེན་འཁོར་ལོ་སྐོར་བ་སོགས་ལ་བྱང་བར་གྱུར་པས། གཞོན་ནུ་ཤེས་ཡོན་ཅན་ཚོའི་མིག་དཔེར་གྱུར་པ་དང་། སྔ་ཕྱིར་གྲོང་དཔོན་དང་ཞིང་རའི་འགན་འཁུར་བ། ནགས་རའི་འགོ་འཛིན་བཅས་ཀྱི་འགན་ཁུར་མྱོང་། 

       1993ལོར་ཐིང་པ་ཐེར་ས་རུའུ་ལ་ཐུའུ་ཡ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིར་བདམས་ཐོན་བྱུང་ཞིང་། ཁོས་ས་གནས་དེ་གའི་སྐྱེ་ཁམས་གནད་དོན་ལ་དམིགས་ནས་༼སུག་གྲངས་རིགས་གཞུང་༽ཞེས་པ་བཏོན་པ་སྟེ། ནོར1དང་ལུག5ཡི་དཔལ་འབྱོར་རིན་ཐང་ཆ་འདྲ་ཡང་ནོར1སྐྱོང་བའི་དཀའ་ལས་དང་མ་གནས་ལུག5སྐྱོང་བ་ལས་ཆུང་བ་ཡོད་ཅིང་། གཞན་ཡང་རྩྭ་ཐང་རྒྱུན་མཐུད་གོང་སྤེལ་གཏོང་བའི་ངོས་ནས་བཤད་ན། ནོར1ལ་སུག་པ4དང་ལུག5ལ་སུག་པ20ཡོད་པ་མ་ཟད། ནོར་གྱིས་རྩྭ་ལྕེས་སྐྱིལ་ཟ་བྱེད་པ་དང་ལུག་གིས་རྩྭ་རྟིང་ཟ་བ་ཡིན་པས། རྩྭ་ཐང་ལ་མཚོན་ན་ལུག5སྐྱོང་བ་ལས་ནོར1སྐྱོང་ན་དགའ་བ་ཡིན། ཐིང་པ་ཐེར་གྱིས་རིགས་གཞུང་དེར་གཞི་བཅོལ་ནས་འབྲོག་པ་ཚོར་ནོར་མང་ཙམ་སྐྱོང་བ་དང་ལུག་ཉུང་འཚོ་དགོས་པའི་འབོད་སྐུལ་བྱས་པ་མ་ཟད། ད་དུང་ཞི་མོན་ཏར་འོ་ཤས་གཉིས་རུང་གི་ནོར་སྤུས་ལེགས་ནང་འདྲེན་བྱས་ཏེ་ས་གནས་དེ་གའི་ནོར་དང་བསྡེབས་ནས་ཐོན་འཕར་སྤུས་ལེགས་ཀྱི་མོ་ཕྱུགས་གསོ་སྐྱོང་བྱས་པ་རེད། ཁོས་རང་ཁྱིམ་གྱི་རྒྱུ་ནོར་གཏའ་མར་བཞག་པ་དང་། འབྲོག་པར་གྱོང་གུན་ཕོག་ཚེ་རང་ཉིད་ཀྱི་དངུལ་ཁུག་བཏོན་ནས་གྱོང་གུན་ཁ་གསབ་བྱེད་ཀྱི་ཡོད། ཁོས་ཕྱུགས་རིགས་གསོ་ཚགས་བྱས་པ་མ་ཟད་ད་དུང་འབྲོག་པའི་སྣེ་ཁྲིད་དེ་འོ་ཟས་བཟའ་བཅའ་དང་ཤ་རིགས་ཐོན་རྫས་སོགས་འབྲེལ་ཡོད་ཐོན་ལས་རྒྱ་ཆེར་ཧུར་ཐག་བཏང་བ་རེད། 

       ཐིང་པ་ཐེར་གྱིས་འབྲོག་པར་འཚོ་བ་ཡག་པོ་སྐྱེལ་དུ་འཇུག་པའི་དད་སེམས་ལ་བརྟེན་ནས་འབྲོག་ཁུལ་དུ་གཞི་ཚུགས་ཤིང་། སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་དང་། དཔལ་འབྱོར་གོང་དུ་སྤེལ་ཐབས། ཡོང་འབབ་འཕར་བའི་ལམ་བུ་གསར་པ་བཅས་འཚོལ་ཞིབ་བྱས་པས། ས་གནས་དེ་གའི་འབྲོག་པའི་ཐོན་སྐྱེད་དང་འཚོ་བར་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ཡོད། ཁོས་ས་གནས་དེ་གའི་འབྲོག་པའི་སྣེ་ཁྲིད་དེ་སྐྱེ་ཁམས་སྲུང་སྐྱོབ་དང་། དཔལ་འབྱོར་གོང་འཕེལ། འབྲོག་པའི་འབབ་འཕར་ལ་སྐུལ་སྤེལ་བཅས་ཀྱི་འབྲོག་ལས་རྒྱུན་མཐུད་ངང་གོང་དུ་འཕེལ་བའི་ལམ་བུ་གསར་པ་ཞིག་བཏོད་པས། ཡུལ་དེའི་འབྲོག་པར་བདེ་སྐྱིད་བསྐྲུན་པ་མ་ཟད། རྒྱལ་ཡོངས་ས་གནས་ཁག་གི་དེང་རབས་ཅན་གྱི་ཞིང་འབྲོག་ལས་འཛུགས་སྐྲུན་བྱེད་པའི་དཔེ་ལྟ་སར་གྱུར་པ་རེད། ཚན་རིག་དང་མཐུན་པའི་ངང་ཁུལ་བགོས་ནས་སྐྱས་སྤོས་རྩྭ་གསོ་བྱེད་པ་དང་དེང་རབས་ཅན་གྱི་འབྲོག་ཁུལ་གསར་པ་བསྐྲུན་པ་དང་། དེ་ནས་འོ་མ་སོས་པ་ལས་སྣོན་དང་། ཤ་སྐམ་ལས་སྣོན། ཡུལ་སྐོར་སོགས་ཀྱི་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་བས། ས་རུའུ་ལ་ཐུའུ་ཡ་གྲོང་ཚོ་སྐད་གྲགས་ཉེ་རིང་ལ་ཁྱབ་པའི་གྲོང་ཚོ་ཕྱུག་པོ་ཞིག་ཏུ་གྱུར་པ་དང་། འབྲོག་པ་ཚོ་ཁང་པ་གསར་པར་སྡོད་རྒྱུ་དང་རླངས་འཁོར་ཆུང་གྲས་གཏོང་རྒྱུ་བྱུང་ཡོད། 
       ཐིང་པ་ཐེར་གྱིས་རྩྭ་ཐང་དུ་གཞི་ཚུགས་པའི་ལོ་ངོ40ལྷག་ཙམ་རིང་འབྲོག་པ་ཚོའི་སྣེ་ཁྲིད་དེ་ཁུལ་བགོས་ནས་ཕྱུགས་འཚོ་རེས་བྱེད་པ་དང་། ལུག་འཕྲི་ནོར་སྐྱོང་གིས་ཡོང་འབབ་འཚོལ་ཐབས་རྒྱ་སྐྱེད་གཏོང་བ། སྐྱེ་ཁམས་འབྲོག་ལས་བྱེད་སྟངས་གསར་པ་རྒྱུན་ཆད་མེད་པར་འཚོལ་ཞིབ་བཅས་བྱས་པས་འབྲོག་པའི་ཡོང་འབབ་ལྡབ500འཕར་བ་དང་མི་རེའི་ཆ་སྙོམས་ཡོང་འབབ་སྒོར18800ཟིན་གྱི་ཡོད་པ་རེད།

       ད་ཆ་ཐིང་པ་ཐེར་གྱིས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་གྱི་མེད་ནའང་སྔར་བཞིན་བྲེལ་བ་ཚ་བོ་ཡོད། ཉེ་བའི་ལོ་ཤས་རིང་། ཁོས་འབྲོག་ཁུལ་གྱི་འགྲོ་ལམ་དང་། ཆ་འཕྲིན་དྲ་བ། གློག་དྲ་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་དམིགས་ནས་བརྟག་ཞིབ་རྒྱ་ཆེན་པོ་བྱས་ཏེ་འབྲེལ་ཡོད་སྡེ་ཚན་ལ་གྲོས་འདོན་འཆར་འབུལ་བྱེད་ཀྱི་ཡོད། 
       2018ལོའི་ཟླ12ཚེས18ཉིན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བློ་མཐུན་ཐིང་པ་ཐེར་ལ་སྒྱུར་བཅོས་ཀྱི་གདོང་ལེན་པའི་མཚན་སྙན་གནང་བ་དང་འབྲེལ་སྒྱུར་བཅོས་ཀྱི་གདོང་ལེན་པའི་གཟེངས་རྟགས་གནང་བ་རེད། 2019ལོའི་ཟླ9ཚེས25ཉིན། ཐིང་པ་ཐེར་ལ་འབད་འབུངས་མཁན་ཡག་ཤོས་ཀྱི་མི་སྒེར་གྱི་མཚན་སྙན་ཐོབ་པ་རེད། 2021ལོའི་ཟླ6ཚེས29ཉིན། ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ100འཁོར་བར་རྟེན་འབྲེལ་ཞུ་བའི་བདུན་གཅིག་བྱས་རྗེས་གཟེངས་རྟགས་སྩོལ་བའི་མཛད་སྒོའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མས་ཁོང་ལ་གཟེངས་རྟགས་གནང་བ་རེད།

རྩོམ་སྒྲིག་པ། བདེ་སྒྲོན།