ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > རྒྱལ་ནང་གསར་འགྱུར།

ཧུའུ་ཁྲུན་ཧྭ་ཡིས་ཡུན་ནན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་བ།

སྤེལ་དུས 2022-11-28 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡིས་ཟླ་11ཚེས་23ནས་26ཉིན་བར་ཡུན་ནན་ཞིང་ཆེན་དུ་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བའི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་གནང་སྐབས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་སློབ་སྦྱོང་དང་དོན་འཁྱོལ་གཏིང་ཟབ་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་ཕྱོགས་ཡོངས་ནས་དོན་འཁྱོལ་དང་། བྱེད་ཐབས་ནུས་ལྡན་སྤྱད་པ། དབུལ་པོ་བསྐྱར་ལོག་ཤུགས་ཆེན་མི་ཡོང་བའི་མཐའ་ཚད་ནན་སྲུང་། དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་ནང་གནས་འཕེལ་རྒྱས་སྒུལ་ཤུགས་ཆེར་གཏོང་བཅས་བྱས་ཏེ། ལས་དོན་སྔར་བས་ཏན་ཏིག་བསྒྲུབས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་རྒྱུ་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།
  ཧུའུ་ཁྲུན་ཧྭ་ཡིས། ཡུན་ནན་གྱི་དབུལ་སྒྲོལ་མི་འབོར་གྱི་གཞི་གྲངས་མང་བའི་ཁར་གཞི་རྩའི་འཕེལ་རྒྱས་ཀྱི་རྨང་གཞི་ཞན་པས་གྲོང་གསེབ་དར་རྒྱས་གཏོང་བའི་གཙོ་གནད་རོགས་སྐྱོར་རྫོང་གི་གྲངས་འབོར་རྒྱལ་ཡོངས་ཀྱི་མང་ཤོས་ཡིན་པས། དབུལ་སྒྲོལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དེ་དབུལ་སྒྲོལ་ས་ཁུལ་གྱི་ལས་འགན་ཨང་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ནས་ལས་ཀའི་འགན་འཁྲི་མུ་མཐུད་ནན་དུ་གཏོང་དགོས་པ་དང་། དབུལ་པོ་བསྐྱར་ལོག་སྔོན་འགོག་ལ་ལྟ་ཞིབ་ཚད་ལེན་དང་རོགས་སྐྱོར་བྱེད་པའི་ལམ་སྲོལ་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་དབུལ་པོ་བསྐྱར་ལོག་རྐྱེན་གྱིས་དབུལ་པོར་འགྱུར་བའི་ཉེན་ཁ་དུས་ཐོག་ཏུ་བསལ་ནས“འགན་ལེན་གསུམ”དང་འཐུང་ཆུ་གཙང་མ་འགན་ལེན་ཐུབ་ཚད་སྲ་བརྟན་དང་མཐོ་རུ་གཏོང་དགོས་ཞེས་གསུངས།
  ཧུའུ་ཁྲུན་ཧྭ་ཡིས། དབུལ་སྒྲོལ་ས་ཁུལ་དང་དབུལ་སྒྲོལ་མང་ཚོགས་ཀྱི་རྗེས་ལུས་རྣམ་པར་འགྱུར་ལྡོག་གཏོང་བར་འཕེལ་རྒྱས་ལ་བརྟེན་རྒྱུ་ནི་འགག་རྩ་ཡིན་པས། ས་གནས་དེ་གའི་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་བཏོན་ནས་སྐུལ་ཁྲིད་ཀྱི་ནུས་པ་ཆེ་བའི་ཁྱད་ལྡན་གྱི་གྲོང་གསེབ་ཐོན་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་ཆབས་ཅིག ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་སྐུལ་འདེད་གཏོང་དགོས་པ་དང་། རྫོང་ཁོངས་དཔལ་འབྱོར་རྒྱ་སྟོབས་ཆེ་རུ་བཏང་ནས་ཤར་རྒྱུད་དར་རྒྱས་ཆེ་བའི་ས་ཁུལ་ནས་དབུལ་སྒྲོལ་ས་ཁུལ་དུ་རིམ་བཞིན་ཐོན་ལས་གཞན་སྒྱུར་ལ་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད།
  ཧུའུ་ཁྲུན་ཧྭ་ཡིས། དབུལ་སྒྲོལ་མང་ཚོགས་ཀྱི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་རྩ་བའི་བྱེད་ཐབས་སུ་བརྩིས་ནས་དབུལ་སྒྲོལ་ངལ་རྩོལ་ནུས་ཤུགས་ཀྱི་ལས་ཞུགས་གཞི་ཁྱོན་རྒྱུན་འཁྱོངས་ཏན་ཏིག་བྱས་ཏེ་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་མང་དུ་གཏོང་བ་དང་། གཞན་སྒྱུར་རང་བཞིན་གྱི་ཡོང་འབབ་བརྟན་དུ་གཏོང་བ། ཡོང་འབབ་ཀྱི་ཧེ་བག་རྒྱུན་ཆད་མེད་པར་ཆུང་དུ་གཏོང་བ་བཅས་ལ་ཤུགས་སྣོན་བརྒྱབ་ནས། མི་རིགས་ཁག་གི་མང་ཚོགས་མཉམ་དུ་ཕྱུག་པོ་ཆགས་པ་དང་མཐའ་མཚམས་ས་ཁུལ་དར་རྒྱས་བརྟན་ལྷིང་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས་པ་རེད།
  ཧུའུ་ཁྲུན་ཧྭ་སྔ་རྗེས་སུ་བདེ་ཆེན་ཀྲོའུ་དང་ལིན་ཚང་གྲོང་ཁྱེར་དུ་ཕེབས་ནས་ཞིང་དུད་དང་ཁེ་ལས་སུ་བསྐྱོད་དེ་རོགས་སྐྱོར་བྱ་ཡུལ་གྱི་ཐོན་ལས་འཕེལ་རྒྱས་དང“འགན་ལེན་གསུམ”སྲ་བརྟན་དང་མཐོ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད།