ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་གཟབ་རྒྱས་ངང་འགོ་ཚུགས་པ།

སྤེལ་དུས 2019-01-11 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ། ཚེ་སྒྲོལ་གྱིས་བསྒྱུར།
ཝུའུ་དབྱིང་ཅེ་དང་། ཏིང་ཡེ་ཤན། ཀྲོང་ཡན་སོགས་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་པ། བློ་བཟང་རྒྱལ་མཚན་གྱིས་གཙོ་སྐྱོང་གནང་བ་དང་། ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ། ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ།

ཟླ་1ཚེས་10ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་ཤིང་། འདི་ནི་ཚོགས་ཆེན་གྱི་ཀྲུའུ་ཞིའི་སྡིངས་ཆ་ཡིན་པ།
འདི་ནི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བཞིན་པ།
འདི་ནི་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ཏེ་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བཞིན་པ།
          ཚེས་10ཉིན་གྱི་སྔ་དྲོ། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་ལྷ་སར་གཟབ་རྒྱས་ངང་འགོ་ཚུགས་པ་རེད། འགོ་ཚུགས་ཚོགས་འདུར་གྲོས་རིམ་ཁག་གསུམ་ཡོད་པ་སྟེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གསན་རྒྱུ་དང་། འཆར་གཞིའི་སྙན་སྒྲོན་དང་སྔོན་རྩིས་སྙན་སྒྲོན་ལ་ཞིབ་བཤེར་གནང་རྒྱུ། རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་བཅས་རེད།
          ཚེས་10ཉིན་གྱི་བོད་ལྗོངས་མི་དམངས་ཚོགས་ཁང་ཆེ་མོའི་རྣམ་པ་བརྗིད་ཉམས་ལྡན་ལ་སྤྲོ་སེམས་འཁོལ་བ་ཞིག་ཡོད་ཅིང་། ཀྲུའུ་ཞི་སྡིངས་ཆའི་ཡོལ་བའི་དབུས་སུ་རྒྱལ་རྟགས་མཐོན་པོར་བཀལ་ཡོད་པ་དང་། འགོ་ཁྲིད་མི་སྣ་ལྔའི་སྐུ་པར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་གཅིག་སེམས་གཅིག་ཏུ་འབྲེལ་བ་མཚོན་པའི་སྐུ་པར་དང་ཚོགས་རའི་ནང“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་། མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་འཕྲེད་འགེལ་ཡི་གེ་དེ་བས་མངོན་གསལ་དོད་པ་ཞིག་འདུག རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་400ཙམ་གྱིས་མི་དམངས་ཀྱི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་ཚོགས་འདུ་གཟབ་རྒྱས་ལ་ཞུགས་ཏེ་རྩ་ཁྲིམས་དང་བཅའ་ཁྲིམས་ཀྱིས་དཀྲིས་པའི་བླ་ན་མེད་པའི་འགན་འཁྲི་ནན་ཏན་བསྒྲུབ་རྒྱུ་རེད།
          ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་ཡོད་པ་རེད། ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལག་བསྟར་ཀྲུའུ་ཞི་བློ་བཟང་རྒྱལ་མཚན་གྱིས་འགོ་ཚུགས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ཚབ་ཞུས་ནས་ཚོགས་ཆེན་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གནང་བ་རེད།
          ཏིང་ཡེ་ཤན་དང་། ཀྲོང་ཡན། ནོར་བུ་དོན་གྲུབ། བསྟན་ཁོ། ཅང་ཅེ། སྤེན་པ་བཀྲ་ཤིས། ཧོ་ཝུན་ཧའོ། པད་མ་དབང་འདུས།  ལིའུ་ཅང་། ཁྲེན་ཡུང་ཆི། ལེགས་མཆོག པ་སངས། རྡོ་ཐོགས། བསྟན་འཛིན་རྣམ་རྒྱལ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། འོད་ཟེར། ཞུས་ཞུའེ་ཀོང་། ཅུས་ཅན་ཧྭ། ལི་ཝུན་ཧན། ཉི་མ་ཚེ་རིང་། ཅི་གོ་ཀང་། མཱ་ཧྲེང་ཁྲང་། ཝང་ཅུན། ཞུས་ཁྲེང་ཚང་། ལིའུ་ཀོང་ཤུས་བཅས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་དང་རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་བློ་མཐུན་ཀྲུའུ་ཞི་སྡིངས་ཆའི་ཐོག་བཞུགས་ཡོད་པ་རེད།
          རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་འཐུས་མི་434ཕེབས་དགོས་པ་དང་། དངོས་སུ་འཐུས་མི་378ཕེབས་ཡོད་པས། ཕེབས་པའི་མི་གྲངས་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད་པ་རེད།
          སྔ་དྲོའི་ཆུ་ཚོད་10པར། བློ་བཟང་རྒྱལ་མཚན་གྱིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པ་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད། ཚོགས་རའི་མི་སྣ་ཡོངས་ཡར་བཞེངས་ཏེ་སྐད་གསང་མཐོན་པོས་རྒྱལ་གླུ་བླངས་པ་རེད།
          ཆེ་དགྲ་ལྷས་གནང་བའི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་དེ་ཁག་གསུམ་ལ་ཕྱེ་ཡོད་པ་སྟེ། 2018ལོའི་ལས་དོན་ལ་ཕྱིར་དྲན་བྱེད་པ་དང་། 2019ལོའི་ལས་དོན་བཀོད་སྒྲིག་བྱེད་པ། སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་བཅས་རེད།
          2018ལོ་ནི་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བའི་འགོ་ཚུགས་ལོ་ཞིག་ཡིན་ལ། སྐབས་གསར་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འགན་འཁྲི་སྒྲུབ་པའི་ལོ་དང་པོ་ཡང་ཡིན་ཞིང་། ཆེ་དགྲ་ལྷས་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་བྱམས་བརྩེའི་ཐུགས་ཁུར་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་ནན་ཏན་བསྟར་བ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པའི་བཀོད་སྒྲིག་ལ་གཞིགས་པ། “མཐའ་འཁྱོངས་ལྔ”ལག་བསྟར་བྱེད་པ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་རྒྱུ་གཞི་རྩའི་བྱ་ཐབས་ལ་བརྩི་བ། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”ནུས་ཤུགས་ཡོད་རྒུས་ཡག་པོ་རྒྱག་པ། “འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ནུས་ལྡན་གཏོང་བ། “ཐོན་ལས་ཆེན་པོ་བདུན”ནུས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་གཏོང་བ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་པས་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་དང་པོའི་ཐོག་གཏན་འཁེལ་བྱས་པའི་དམིགས་ཚད་དང་ལས་འགན་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་ཐུབ་ཡོད་ཅེས་གསུངས་པ་རེད།
          ཆེ་དགྲ་ལྷས་སྙན་སྒྲོན་ནང“‘འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ’ཡག་པོ་རྒྱག་རྒྱུ་མཐའ་འཁྱོངས”དང་། “མི་དམངས་ཀྱི་འཚོ་བ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས” “སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས” “སྒྱུར་བཅོས་ཟབ་གཏོང་དང་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས”“སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་རྒྱུ་མཐའ་འཁྱོངས”“ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་གཏོང་རྒྱུ་མཐའ་འཁྱོངས” “སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་སྲུང་སྐྱོང་བྱ་རྒྱུ་མཐའ་འཁྱོངས”བཅས་ཕྱོགས་བདུན་གྱི་ཐད་ནས་2018ལོའི་ལས་དོན་ལ་ཕྱིར་དྲན་དང་ཕྱོགས་སྡོམ་གནང་ཞིང་། ཁོང་གིས་ལོ་གཅིག་གི་རིང་། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་འགན་འཁྲི་ནན་ཏན་ངང་སྒྲུབ་པ་དང་། “འདུ་ཤེས་བཞི”བརྟན་པོ་འཛུགས་པ། “གདེང་ཚོད་བཞི”རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”ཏན་ཏིག་ཐུབ་པ་བྱེད་པ། བསམ་བློ་དང་། ཆབ་སྲིད། བྱ་སྤྱོད་བཅས་ཐོག་མཐའ་བར་གསུམ་དུ་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་དང་ཚད་མཐོའི་གཅིག་གྱུར་ཡོང་བར་བྱེད་པ་བཅས་བྱས་པས་ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་སྲིད་གཞུང་གི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པ་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་ཁག་སྲིད་གཞུང་གི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པ། ལྗོངས་ཏང་ཨུད་ཀྱི་བཀོད་སྒྲིག་ཁག་སྲིད་གཞུང་གི་ལས་དོན་ཁྲོད་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་ཐུབ་པ་བཅས་ཀྱི་འགན་ལེན་བྱུང་ཡོད་ཅེས་གསུངས་པ་དང་། ཁོང་གིས་བོད་ལྗོངས་འདི་ཉིད་དམིགས་བསལ་གྱི་མཐའ་མཚམས་མི་རིགས་ས་ཁུལ་ཞིག་ཡིན་པའི་ངོས་ནས་ཐོག་མཐའ་བར་གསུམ་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་དམིགས་བསལ་གཟིགས་སྐྱོང་ཐོབ་ཡོད། བོད་ལ་ཐོབ་པའི་གྲུབ་འབྲས་ཚང་མ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱི་བྱམས་བརྩེའི་ཐུགས་ཁུར་ལ་བརྟེན་ནས་བྱུང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་གྱི་ཡང་དག་པའི་མཛུབ་ཁྲིད་ལ་བརྟེན་ནས་བྱུང་བ། སྤྱི་ཁྱབ་ཧྲུའུ་ཅིའི་སྣེ་ཁྲིད་ཕྱོགས་སྟོན་ལ་བརྟེན་ནས་བྱུང་བ་ཞིག་བཅས་རེད། སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བརྩེ་སེམས་ཟབ་མོ་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཚོས་ནམ་ཡང་བློ་ལ་བརྟན་པོར་ངེས་རྒྱུ་རེད་ལ། དེས་ང་ཚོར་དུས་རྟག་ཏུ་དྲིན་ཚོར་ཡར་བརྩོན་དང་འབད་འབུངས་མདུན་སྐྱོད་བྱེད་པར་སྐུལ་ལྕག་བྱས་ཡོད་ཅེས་ནན་བཤད་གནང་བ་རེད།
          ཆེ་དགྲ་ལྷས་2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག རང་ལྗོངས་ཀྱིས་ཕྱོགས་ཡོངས་ནས་དབུལ་པོ་དབུལ་རྐྱང་ཕྱོགས་ཡོངས་ནས་སེལ་བའི་རྒྱལ་ཁ་མཐའ་གཅིག་ཏུ་ལེན་པ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་ལོ་ཞིག་བཅས་རེད། འདི་ལོའི་སྲིད་གཞུང་གི་ལས་དོན་ལེགས་པར་སྒྲུབ་པར་གོ་སྐབས་གལ་ཆེན་དང་ཕན་ཡོད་ཆ་རྐྱེན་རབ་དང་རིམ་པ་འཕྲད་རྒྱུ་ཡིན་པ་སྟེ། གཅིག་ནི་དམིགས་བསལ་ཐུགས་ཁུར་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། རྒྱལ་སྲིད་སྤྱི་ཁྱབ་ཁང་བཅས་ཀྱིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ནས་ཐུགས་ཁུར་དང་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་། གཉིས་ནི་སྲིད་ཇུས་ཀྱི་གཟིགས་སྐྱོང་ཡིན་ཞིང་། ཏང་དང་རྒྱལ་ཁབ་ཀྱིས“རྒྱུད་གཅིག་ལམ་གཅིག”འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བ་དང་། ནུབ་རྒྱུད་ཐོན་འབྱེད་ཆེ་མོ་བྱེད་ཤུགས་ཆེ་རུ་གཏོང་བ། ཤིན་ཏུ་དབུལ་བའི་ས་ཁུལ་ལ་རོགས་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་བར་མཐོངས་ཆེན་པོ་མཁོ་འདོན་བྱེད་རྒྱུ། གསུམ་ནི་རྨང་གཞི་བརྟན་པོ་ཡིན་ཞིང་། རང་ལྗོངས་ཀྱི་དཔལ་འབྱོར་ལོ་མང་རིང་འཕེལ་རྒྱས་མྱུར་པོ་རྒྱུན་འཁྱོངས་ཐུབ་སྟེ་མི་རིགས་མཐུན་སྒྲིལ་དང་སྤྱི་ཚོགས་བརྟན་ལྷིང་ཡོང་བ་དང་དངོས་པོའི་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་ཟམ་མི་ཆད་པར་བརྟན་དུ་གཏོང་རྒྱུ་བཅས་རེད། འདི་ལོའི་སྲིད་གཞུང་གི་ལས་དོན་གྱི་སྤྱིའི་བླང་བྱ་ནི། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ཏེ་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་བསྟར་བ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལག་ལེན་བསྟར་བ། “ཕྱོགས་ལྔ་གཞི་གཅིག”གི་སྤྱིའི་བཀོད་ཇུས་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ། “ཕྱོགས་ཡོངས་བཞིའི”འཐབ་ཇུས་བཀོད་ཇུས་ལ་མཐུན་སྦྱོར་སྐུལ་འདེད་གཏོང་བ། བརྟན་ཐོག་ཡར་བརྩོན་དང་། ཡག་ཐོག་ལེགས་བརྩོན། ཞན་ཆ་གསབ་པ་བཅས་ཀྱི་ལས་དོན་གྱི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་བྱེད་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཙོ་རྐང་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ། “བརྟན་པོ་དྲུག”གི་བླང་བྱ་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག“འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱེད་རྒྱུ་གཞི་རྩའི་བྱ་ཐབས་སུ་བརྩི་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་སྐྲུན་མགྱོགས་སུ་གཏོང་བ། “འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ”མུ་མཐུད་ཡག་པོ་རྒྱག་པ། “འདུ་འགོད་ཆེན་པོ་བཅུར”སྐུལ་འདེད་ནུས་ལྡན་གཏོང་བ། “ཐོན་ལས་ཆེན་པོ་བདུན”ནུས་ཤུགས་གཅིག་སྒྲིལ་གྱིས་འཕེལ་རྒྱས་གཏོང་བ། དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ། བརྟན་པོའི་ངང་འཕར་བ་དང་། སྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། གྲུབ་ཆ་ལེགས་སྒྲིག དམངས་འཚོར་ཕན་འདོགས་པ། ཉེན་ཁ་འགོག་པ་བཅས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་སྒྲུབ་པ། མི་དམངས་མང་ཚོགས་ཀྱི་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་ཆེ་རུ་གཏོང་བ། དཔལ་འབྱོར་རྒྱུན་མཐུད་སྐྱོན་བྲལ་ངང་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་སྤྱི་ཡོངས་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཇུག་བསྡུའི་ལས་དོན་ཆེད་ཐག་གཅོད་རང་བཞིན་གྱི་རྨང་གཞི་འདིང་བ་དང་། གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་བསུ་བ་ཞུ་དགོས་པ་དེ་རེད་ཅེས་ནན་བཤད་གནང་བ་རེད།
          ཆེ་དགྲ་ལྷས་སྙན་སྒྲོན་ནང་འདི་ལོའི་ལས་དོན་གྱི་དམིགས་ཚད་གཙོ་བོ་བཏོན་གནང་བ་སྟེ། ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་གྱི་འཕར་ཚད་10%ཙམ་རྒྱུན་འཁྱོངས་ཐུབ་པ་བྱེད་རྒྱུ་དང་། ས་གནས་ཀྱི་ནོར་སྲིད་ཡོང་འབབ་རྒྱལ་ཡོངས་ཀྱི་ཆ་སྙོམས་འཕར་ཚད་ལས་མཐོ་བ་ཡོང་རྒྱུ། སྤྱི་ཚོགས་ཀྱི་འཛད་རྫས་སིལ་ཚོང་བསྡོམས་འབོར་13%འཕར་བ་བྱེད་རྒྱུ་བཅས་དང་། གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་10%ཡན་འཕར་བ་བྱེད་རྒྱུ་དང་། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་13%ཡན་འཕར་བ་བྱེད་རྒྱུ། གྲོང་མིའི་འཛད་སྤྱོད་རིན་གོང་འཕར་ཚད་4%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་འགོད་བྱེད་ཚད་3%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་དུ་བརྟག་དཔྱད་བྱས་པའི་ལས་ཤོར་བསྡུར་ཚད་5%ནང་ཚུན་དུ་ཚོད་འཛིན་བྱེད་རྒྱུ། གྲོང་ཁྱེར་དང་གྲོང་རྡལ་ལ་མི་ཁྲི་5གསར་དུ་ལས་ཞུགས་ཐུབ་པ་བྱེད་རྒྱུ་བཅས་དང་། ནུས་རྒྱུ་ཟད་གྲོན་དང་ཐཱན་འབུད་ཚད་དང་སྦགས་བཙོག་ཕྱིར་འབུད་ཉུང་གཏོང་གི་དམིགས་ཚད་རྒྱལ་ཁབ་ཀྱིས་ཞིབ་བཤེར་གཏན་འཁེལ་བྱས་པའི་ཁྱབ་ཁོངས་ནང་ཚོད་འཛིན་བྱེད་རྒྱུ། ས་ཁུལ་རིམ་པ་ཡན་གྱི་གྲོང་ཁྱེར་གྱི་མཁའ་རླུང་སྤུས་ཚད་བཟང་བའི་ཉིན་གྲངས་ཀྱི་བསྡུར་ཚད་95%ཡན་ཟིན་པ་བྱེད་རྒྱུ་བཅས་རེད། ཁོང་གིས་འདི་ལོ་ཕྱོགས་བདུན་ཐད་ཀྱི་ལས་དོན་ལ་གཙོ་གནད་ཐོག་དམ་འཛིན་བྱེད་དགོས་པ་སྟེ། ནུས་ཤུགས་ཡོད་རྒུས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་དགོས་པ་དང་། ནུས་ཤུགས་ཡོད་རྒུས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་སྣོད་བཅུད་ཤེས་དཔལ་གྱི་མཐོ་ས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་དེང་རབས་ཅན་གྱི་ཐོན་ལས་མ་ལག་བསྐྲུན་དགོས་པ། ནུས་ཤུགས་ཡོད་རྒུས་ཁྲོམ་ར་ཅན་གྱི་སྒྱུར་བཅོས་ཟབ་གཏོང་དང་ཆུ་ཚད་མཐོ་བའི་སྒོ་དབྱེ་རྒྱ་ཆེར་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་བཅས་རེད་ཅེས་གསུངས་ཤིང་། ཁོང་གིས་བོད་འདི་ཉིད་རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་ཡོལ་གལ་ཆེན་ཞིག་ཡིན་པའི་ངོས་ནས་རྒྱལ་སྲུང་དང་དམག་དཔུང་དེང་རབས་ཅན་གྱི་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་པར་གཞན་ལ་དཀྲི་ཐབས་མེད་པའི་འགན་འཁྲི་ཡོད་ཅེས་གསུངས་པ་རེད།
          སྲིད་གཞུང་གི་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པའི་ཐད། ཆེ་དགྲ་ལྷས་ལོ་བརྒྱའི་རིང་བྱུང་མ་མྱོང་བའི་འཕོ་འགྱུར་ཆེན་པོ་དང་། གོ་སྐབས་གསར་པ་དང་འགྲན་སློང་གསར་པ། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བླང་བྱ་གསར་པ་བཅས་ཀྱི་མདུན་དུ། ང་ཚོས་ངེས་པར་དུ་ལས་འགན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་རྒྱུགས་ལན་འབུལ་མཁན་ཡག་པོ་ཞིག་བྱེད་དགོས། ང་ཚོས་ཐོག་མཐའ་བར་གསུམ་དུ་ཆབ་སྲིད་ཐད་ཉམས་སད་ཐེག་ཐུབ་པ་དང་། སྒྱུར་བཅོས་གསར་གཏོད། ཁྲིམས་བཞིན་སྲིད་འཛིན། འགན་འཁྲི་འཁུར་ཕོད་པ་དང་ལས་རྗེས་ཐོན་པ་བཅས་བྱེད་དགོས། ང་ཚོས་ངེས་པར་དུ་ལག་ནང་གི་དབང་ཆ་ནི་ཏང་དང་མི་དམངས་ཀྱིས་སྤྲད་པ་ཞིག་ཡིན་པ་བློ་ལ་བརྟན་པོར་ངེས་ནས་དབང་ཆ་དྲང་གཞག་ངང་སྤྱོད་པ་དང་། དབང་ཆ་ཁྲིམས་བཞིན་སྤྱོད་པ། དབང་ཆ་སྤྱོད་གཙང་ངང་སྤྱོད་པ། དབང་ཆ་དམངས་ཆེད་སྤྱོད་པ་བཅས་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་དང་དེ་བཞིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ལག་བསྟར་བྱ་ཐབས་ལ་རང་རྟོགས་ངང་བརྩི་སྲུང་ཞུ་བ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་ལག་ལེན་ནན་པོ་བསྟར་བ། དབང་ཆ་སྤྱོད་པའི་སྒྲིག་ལམ་འཛུགས་པ་དང་ནན་དུ་གཏོང་བ་བཅས་བྱས་ཏེ་ལས་བྱེད་པ་སྤྱོད་གཙང་དང་སྲིད་གཞུང་སྤྱོད་གཙང་གཞུང་དྲང་ཧུར་ཐག་ཡོང་བ་བྱེད་དགོས་ཞེས་གསུངས་པ་རེད།
          མཇུག་ཏུ་ཆེ་དགྲ་ལྷས་ང་ཚོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་རྒྱུ་མཐའ་འཁྱོངས་བྱས་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱེད་པ་དང་། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འགག་སྒྲོལ་དཀའ་སེལ་བྱེད་པ། ལས་དོན་ཁག་གི་རྣམ་པ་གསར་པ་ཧུར་ཐག་གཏོད་པ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ལ་བརྟེན་ནས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་70འཁོར་བར་ཕྱག་རྟགས་འབུལ་དགོས་པའི་འབོད་སྐུལ་གནང་བ་རེད།
          ཚོགས་འདུའི་གྲོས་རིམ་གཞིར་བཟུང་། ཚོགས་ཆེན་ཐོག་བོད་རང་སྐྱོང་ལྗོངས་ཀྱི་2018ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་བསྟར་བྱས་ཚུལ་དང་2019ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་འཆར་ཟིན་གྱི་སྙན་ཞུ་དང་། བོད་རང་སྐྱོང་ལྗོངས་ཀྱི་2018ལོའི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་དང་2019ལོའི་ནོར་སྲིད་སྔོན་རྩིས་འཆར་ཟིན་གྱི་སྙན་ཞུ་བཀྲམ་སྟེ་འཐུས་མི་ཚོས་ཞིབ་དཔྱད་གནང་རྒྱུར་ཕུལ་བ་རེད།
          ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གཅིག་པའི་སྤྱི་ཚོགས་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་འཛུགས་རྒྱུའི་སྐོར་གྱི་གཏན་འབེབས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་འཐུས་མི་མིན་པའི་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་གྲུབ་ཆའི་མི་སྣ་དང་། རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གཉིས་པར་ཞུགས་པའི་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་གྲོང་ཁྱེར(ས་ཁུལ)དང་རྫོང(ཆུས)གི་མི་དམངས་འཐུས་ཚོགས་དང་སྲིད་གཞུང་སོགས་ཀྱི་འགན་ཁུར་མི་སྣ་གཙོ་བོ་བཅས་ཚོགས་འདུར་ཟུར་ཞུགས་གནང་ཡོད་པ་རེད།
          ལྷ་སར་བཅའ་སྡོད་ནེ་པ་ལའི་སྤྱི་ཁྱབ་ཁེ་སྐྱོང་ལས་ཤག་གི་འགན་ཁུར་བས་ཚོགས་འདུ་ཟུར་ཉན་གནང་བ་རེད།