ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > པར་རིས་གསར་འགྱུར།

པེ་ཅིང་གི་བོད་ལུགས་གསོ་རིགས་ཆེད་མཁས་དག“གསོ་བ་རིག་པའི”རིག་གཞུང་ཚོགས་འདུར་ཞུགས་ཏེ་བོད་ལུགས་གསོ་རིག་གི་ལུམས་བཅོས་འཕེལ་རྒྱས་ལ་ཐབས་ཇུས་ཅི་རིགས་བཏོན།

སྤེལ་དུས 2019-08-13 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། བཀྲ་ཤིས་རྒྱལ་གྱིས་བསྒྱུར།
          ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཟླ་8པའི་ཚེས་2ཉིན་ཀྲུང་གོའི་བོད་ལུགས་གསོ་རིག་དང་བོད་སྨན་ལས་རིགས་སྡེའི་ཆེད་མཁས་བརྒྱ་ལྷག་ཙམ་བོད་རང་སྐྱོང་ལྗོངས་ལྷ་ས་གྲོང་ཁྱེར་དུ་འཛོམས་ནས་དུས་ཡུན་ཉིན་2རིང་རིག་གཞུང་ཚོགས་འདུ་འཚོགས་པ་དང་འབྲེལ་གྲོས་དོན་བཞིར་དམིགས་ནས་གྲོས་བསྡུར་ཞིབ་འཇུག་བྱས་པ་དང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་པེ་ཅིང་བོད་སྨན་ཁང་གི་གླིང་གཙོ་སྒྲོལ་དཀར་སྐྱབས་དང་ཞིབ་འཇུག་པ་གཞོན་པ་ལིའུ་དབྱིན་ཧྭ་ཚོགས་འདུར་ཞུགས་ཡོད་པ་རེད།

པར་འདི་ནི་ཀྲུང་གོའི“གསོ་བ་རིག་པ”—བོད་ཀྱི་གསོ་རིག་གི་ལུམས་བཅོས་སྐོར་གྱི་རིག་གཞུང་ཚོགས་འདུའི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། བོད་ལྗོངས་ཀྱིས་2013ལོའི་ལོ་སྟོད་ནས་བཟུང་བོད་ལུགས་གསོ་རིག་གི“མངོན་མིན་ཤུལ་བཞག་རིག་གནས་རེ་ཞུའི”ལས་དོན་སྤེལ་འགོ་ཚུགས་ཤིང་། དུས་ཡུན་ལོ་ངོ་ལྔའི་རིང་སྟེ་2018ལོར“གསོ་བ་རིག་པ”—བོད་ཀྱི་གསོ་རིག་གི་ལུམས་བཅོས་བྱེད་ཐབས་དེ་མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང་ནང་བཅུག་པ་རེད།
          ཟླ་8ཚེས་3ཉིན་གྱི་སྔ་དྲོར། སྒྲོལ་དཀར་སྐྱབས་ཀྱིས《བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཚད་གཞི་ཞིབ་འཇུག་ཚོགས་པའི་ཡན་ལག་ཚོགས་འདུ》ལ་གཙོ་སྐྱོང་གནང་ཞིང་།ཚོགས་ཞུགས་ཆེད་མཁས་ཀྱིས“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཚད་གཞིར”མཉམ་དུ་གྲོས་བསྡུར་གནང་བ་རེད།
          སྒྲོལ་དཀར་སྐྱབས་ཀྱིས་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་པེ་ཅིང་བོད་སྨན་ཁང་དཔེར་བླངས་ཏེ་དོན་ཟབ་ཅིང་གོ་བདེ་བའི་སྒོ་ནས་བོད་ཀྱི་གསོ་རིག་ལུམས་བཅོས་ཚད་ལྡན་ཅན་གྱི་འཛུགས་སྐྲུན་རྨང་གཞི་དང་འཕེལ་ཕྱོགས་རྒྱས་བཤད་གནང་པ་སྟེ། ཁོང་གིས་བོད་ཀྱི་གསོ་རིག་ལུམས་བཅོས་ཚད་ལྡན་ཅན་ལ་སྐུལ་འདེད་གཏོང་བར་ལུམས་བཅོས་ཀྱི་ལེགས་ཆའི་ནད་རིགས་སྨན་བཅོས་ཇུས་གཞི་བཟོ་བ་ནས་འགོ་འཛུགས་དགོས་ལ། དེ་ནི་དེང་རབས་ཀྱི་སྨན་བཅོས་ནད་གཡོག་ལག་རྩལ་ལ་གསར་གཏོད་བྱས་པ་ཞིག་ཡིན་པས་སླད་ཕྱིན་བོད་ཀྱི་གསོ་རིག་གི་ལུམས་བཅོས་ཀྱི་སྲོལ་རྒྱུན་སྨན་སྦྱོར་རྣམ་པ་གསར་གཏོད་བྱས་ནས་བོད་ཀྱི་གསོ་རིག་ལུམས་བཅོས་ཀྱི་སྒྲིག་ཆས་དེང་རབས་ཅན་དང་ཆ་འཕྲིན་གྲངས་འཛིན་ཅན་དུ་འགྱུར་བར་གོ་སྐབས་བསྐྲུན་ཡོད་པ་རེད་ཅེས་བསྟན་བྱུང་།

པར་འདི་ནི་སྒྲོལ་དཀར་སྐྱབས་ཀྱིས《བོད་ཀྱི་གསོ་རིག་གི་ལུམས་བཅོས་ཚད་གཞི་ཞིབ་འཇུག་ཚོགས་པའི་ཡན་ལག་ཚོགས་རར》གཙོ་སྐྱོང་གནང་བཞིན་པ་རེད།
          “བོད་ཀྱི་གསོ་རིག་གི་ལུམས་བཅོས་ཚད་ལྡན་ཅན་འཕེལ་རྒྱས་གཏོང་བར་བོད་ཀྱི་གསོ་རིག་ལུམས་བཅོས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ། བོད་ཀྱི་གསོ་རིག་ལུམས་བཅོས་དེང་རབས་ཅན་དང་རྒྱུད་འཛིན་ལས་དོན་གྱི་འབྲེལ་བ་གཙོ་གནད་ཐོག་མཐུན་སྦྱོར་ཡག་པོ་བྱེད་རྒྱུ་མ་ཟད་འཇོན་མི་སྐྱེད་བསྲིངས་ལས་དོན་ཐད་ནུས་ཤུགས་འདོན་དགོས”ཞེས་སྒྲོལ་དཀར་སྐྱབས་ཀྱིས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ནི་ལོ་རྒྱུས་དང་རིག་གནས་ཀྱི་རིན་ཐང་དང་། འཕྲོད་བསྟེན་དང་སྨན་བཅོས་ཀྱི་རིན་ཐང་། ཚན་ཞིབ་གསར་གཏོད་ཀྱི་རིན་ཐང་། སྣོད་བཅུད་ཤེས་དཔལ་གྱི་རིན་ཐང་བཅས་དང་དེ་བཞིན་ཁྲོམ་རའི་དཔལ་འབྱོར་གྱི་རིན་ཐང་གཞི་གཅིག་ཏུ་འདུས་པའི་བོད་ཀྱི་གསོ་བ་རིག་པའི་ཐུན་མིན་གསོ་ཐབས་ཤིག་ཡིན་ལ། དེའི་ནང་བོད་ཀྱི་ལོ་རྒྱུས་རིག་གནས་ཁྲོད་དམིགས་བསལ་དུ་ཡོད་པའི་མི་ཆོས་རིག་གནས་ཀྱི་ཁྱད་ཆོས་དང་དམངས་སྲོལ་ཁྱད་ཆོས་འདུས་ཡོད་ཅིང་། སྲོལ་རྒྱུན་གྱི་བོད་ཀྱི་གསོ་རིག་དང་བོད་སྨན་གྱི་རིགས་པའི་གཞུང་ལུགས་ཀྱི་མ་ལག་དང་སྨན་བཅོས་བྱེད་ཐབས་མངོན་པར་བྱས་ཡོད་པས“མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས”ཀྱི་སྣོད་བཅུད་ཤེས་དཔལ་འདུ་ཤེས་དེ་དེང་གི་སྤྱི་ཚོགས་འཕེལ་རྒྱས་ཀྱི་དགོས་མཁོ་དང་དེ་བས་མཐུན་ཡོད་ཅེས་གསུང་བྱུང་།
          བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ཀྱི་འབྱུང་འགྱུར་སྐོར་གླེང་སྐབས།  སྒྲོལ་དཀར་སྐྱབས་ཀྱིས“འབྱུང་འགྱུར་བོད་ལུགས་གསོ་རིག་གི་སྨན་པ་ཡོངས་ཀྱི་འབད་བརྩོན་འོག  བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ནི་ཕན་འབྲས་བཟང་པོ་ལྡན་ལ་མང་ཚོགས་ཀྱིས་དང་ལེན་བྱེད་སླ་བའི་ཕྱི་བཅོས་བྱ་ཐབས་ཤིག་ཡིན་པའི་ངོས་ནས་མིའི་རིགས་ཀྱི་བདེ་ཐང་ལ་བྱས་རྗེས་དེ་བས་ཆེ་བ་འབུལ་ངེས་ཤིང་། བོད་ཀྱི་གསོ་རིག་གི་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་ཁྲིད་ཀྱང་ཐུབ་ངེས་པར་ཡིད་ཆེས་ཡོད”ཅེས་བསྟན་བྱུང་།
          ལིའུ་དབྱིང་ཧྭ་ནི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་པེ་ཅིང་བོད་སྨན་ཁང་གི་ཞིབ་འཇུག་པ་གཞོན་པ་ཡིན་པའི་ངོས་ནས《བོད་རིགས་གནའ་རབས་ཀྱི་ལུས་པོ་འཁྲུ་སྲོལ་དང་སྨན་ལུམས་བཅོས་ཐབས་ཏེ་ཏུན་ཧོང་གི་བོད་བཙན་པོའི་ཡི་གེ་ལྟེ་བར་བྱེད་པ》ཞེས་པ་བརྗོད་གཞིར་བྱས་ནས་གཏམ་བཤད་བྱས་པ་རེད། ཁོང་གིས་གནའ་སྔ་མོ་ནས་བཟུང་། བོད་ལུགས་གསོ་རིག་ལག་ལེན་བྱ་རྒྱུ་དེ་མཚོ་བོད་ས་མཐོ་ལྟེ་བར་བྱས་ནས་མེས་རྒྱལ་ནང་ས་དང་མོང་གོལ་ས་མཐོ། ཁེ་ཧྲི་སྨིར་དང་ཨེ་ཤེ་ཡ་ལྷོ་མའི་ས་ཁུལ་བཅས་སུ་ཁྱབ་ཡོད་ཅིང་། ཁྱབ་སྤེལ་འདི་རིགས་བོད་བཙན་པོའི་རྒྱལ་རབས་ནས་ད་བར་དུ་རྒྱུན་བསྐྱངས་པ་རེད། ཏུན་ཧོང་བྲག་ཕུག་གི་བོད་ཡིག་ཚད་ལྡན་ཡིག་ཆའི་ནང་དམངས་ཁྲོད་ཀྱི་ལུས་པོ་འཁྲུ་སྲོལ་གྱི་ནང་དོན་ཡོད་ལ་སྨན་བཅོས་བྱ་རྒྱུ་དམིགས་ཡུལ་དུ་བྱེད་པའི་ལུམས་བཅོས་ནང་དོན་ཡང་ཡོད་པ་རེད་ཅེས་ཟེར།
          ཁོང་གིས་ཚད་ལྡན་ཡིག་ཆ་དེ་དག་གིས་མཚོ་བོད་ས་མཐོའི་ས་གནས་དང་དུས་རབས་ཀྱི་ཁྱད་ཆོས་མངོན་ཡོད་ཅིང་། ད་ཡོད་ཀྱི་བོད་བཙན་པོའི་དུས་སྐབས་ཀྱི་བོད་ཀྱི་གསོ་རིག་གི་ཚད་ལྡན་ཡིག་ཆ་དང་ཕན་ཚུན་མཐུན་པོ་ཡོད་པས། བོད་ཀྱི་གསོ་རིག་གི་ལུམ་བཅོས་བྱེད་ཐབས་ཀྱི་འབྱུང་ཁུངས་དང་འཕེལ་རྒྱས་ལ་ཞིབ་འཇུག་བྱ་ཆེད་གནའ་བོའི་ཚད་ལྡན་ཡིག་ཆའི་གཞི་འཛིན་ས་མཁོ་འདོན་བྱས་པར་ངོས་འཛིན་གནང་གི་འདུག

པར་འདི་ནི་ཚོགས་ཞུགས་ཆེད་མཁས་དག་གིས་དྲན་རྟེན་མཉམ་པར་བསྐྱོན་པ་རེད།
          ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་རིག་གཞུང་ཚོགས་འདུ་ནི་2018ལོའི་ཟླ་11ཚེས་28ཉིན་ཀྲུང་གོའི“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས—ཀྲུང་གོའི་བོད་རིགས་ཀྱི་ཚེ་སྲོག་བདེ་ཐང་དང་ནད་གཞི་འགོག་བཅོས་སྐོར་གྱི་ཤེས་བྱ་དང་ལག་ལེན”ཞེས་པ་དེ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་གསོ་ཚན་རིག་རིག་གནས་ཀྱི་རྩ་འཛུགས་《མིའི་རིགས་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གི་མིང་གཞུང》ནང་དངོས་སུ་བཅུག་རྗེས་འཚོགས་པའི་རྒྱལ་ཡོངས་རང་བཞིན་གྱི་བོད་ལུགས་གསོ་རིག་གི་རིག་གཞུང་ཚོགས་འདུ་ཞིག་ཡིན་ལ། དེའི་དམིགས་ཡུལ་ནི་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རྩལ་རིག་གནས་རྩ་འཛུགས་ལ“བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས”རེ་ཞུ་བྱེད་སྐབས་ཀྱི་ཁས་ལེན་ལག་བསྟར་དོན་འཁྱོལ་བྱས་ནས་ཤུལ་བཞག་རྣམ་གྲངས་དེའི་རྒྱུན་མཐུད་ནུས་པར་འགན་ལེན་བྱེད་པ་དང་རྒྱུན་འཛིན་གྱི་གསོན་ཤུགས་ཆེ་རུ་གཏོང་ཆེད་ཡིན་ལ། མཉམ་འབྲེལ་ཐོག་ལོ་ལྔའི་སྲུང་སྐྱོང་འཆར་གཞི་བཟོས་པ་ལྟར། འབྲེལ་ཡོད་ཚད་གཞི་བཟོ་བ་དང་མི་སྣ་སྐྱེད་བསྲིངས་བྱས་ནས་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་ནང་དོན་སྔར་བས་སྔོག་འདོན་བྱེད་པ་དང་། སྨན་བཅོས་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་སོགས་ཀྱི་ཐད་ཐེ་ཇུས་དང་ལེགས་བཅོས་བྱ་རྒྱུ་དེ་རེད།
          ད་ཐེངས་ཀྱི་རིག་གཞུང་ཚོགས་འདུ་ནི་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གཙོ་གཉེར་བྱས་པ་དང་བོད་རང་སྐྱོང་ལྗོངས་བོད་སྨན་ཁང་གིས་གཉེར་འགན་འཁུར་པ་རེད། འབྲེལ་ཡོད་འགན་འཁུར་བས་བརྗོད་དོན། སླད་ཕྱིན་བོད་ཀྱིས་རིག་གཞུང་ཚོགས་འདུའི་ལས་སྟེགས་བརྒྱུད་བསམ་ཕྱོགས་རྒྱ་ཆེར་བཏང་ནས“གསོ་བ་རིག་པ”སྟེ་བོད་ཀྱི་གསོ་བ་རིག་པའི་ལུམས་བཅོས་མུ་མཐུད་རྒྱུན་འཛིན་དང་འཕེལ་རྒྱས་མཉམ་དུ་བཟུང་སྟེ། ནད་འགོག་སྨན་བཅོས་ཀྱི་ནུས་པ་དང་དེང་རབས་ཅན། ཚད་ལྡན་ཅན། ཚད་གཞི་ཅན་བཅས་ཀྱི་འཕེལ་རྒྱས་དམིགས་ཡུལ་དུ་བྱས་ཐོག འཛམ་གླིང་རྒྱལ་ཁབ་ཁག་གི་མི་དམངས་ཀྱི་ནད་ཡམས་འགོག་བཅོས་དང་ལུས་གསོ་བདེ་སྲུང་སོགས་ཀྱི་ཐད་ནུས་པ་དེ་བས་ཆེ་བ་འདོན་སྤེལ་བྱས་ནས་མིའི་རིགས་ཀྱི་བདེ་ཐང་བྱ་གཞག་ཆེད་ཐུན་མོང་གི་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་ཡིན་ཞེས་བསྟན་བྱུང་།