ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་བོད་ལྗོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།

སྤེལ་དུས 2021-07-30 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
འགོ་འཛུགས་ས་གསར་པའི་ཐོག་ནས་མཐའ་བརྟན་བོད་བརྟན་གྱི་རྒྱུགས་ལན་ཡག་པོ་ཞིག་ནུས་ཤུགས་ཡོད་རྒུས་འབུལ་དགོས།
—— སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་ལ་ལྗོངས་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཁྲོད་ཚུར་སྣང་ལན་ཆ་ཆེན་པོ་བྱུང་བ།
        ཉིན་ཤས་བསྟུད་མར། ས་མཐོའི་བུ་ཕྲུག་ཚོར་སེམས་འགུལ་ཚད་མེད་ཐེབས་པ་དང་དགའ་སྤྲོ་དཔག་མེད་བྱུང་ཡོད། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཚོས་ཚགས་པར་དང་། དྲ་རྒྱ། བརྙན་འཕྲིན་སོགས་བརྒྱུད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་སུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་སློབ་སྦྱོང་ཡང་ཡང་བྱེད་བཞིན་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱེད་པ་དང་། དུས་རབས་གསར་པའི་ཏང་གི་བོད་སྐྱོང་མཛད་ཇུས་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་བ་དང་། གནད་ལ་འཕིགས་པ། ཕྱོགས་ཡོངས་བཅས་ཀྱི་སྒོ་ནས་ལག་བསྟར་བྱེད་པ། མཐའ་མཚམས་ས་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ། བརྟན་ལྷིང་དང་། འཕེལ་རྒྱས། སྐྱེ་ཁམས། མཐའ་སྟོབས་བཅས་ཀྱི་དོན་ཆེན་བཞིར་དམ་འཛིན་ཡག་པོ་བྱེད་པ། བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག་བརྩོན་ལེན་བཅས་བྱས་ཏེ་འགོ་འཛུགས་ས་གསར་པའི་ཐོག་ནས་མཐའ་བརྟན་བོད་བརྟན་གྱི་རྒྱུགས་ལན་ཡག་པོ་ཞིག་ནུས་ཤུགས་ཡོད་རྒུས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བརྗོད།
        རྟོག་ཞིབ་གནང་རིང་ཞི་ཅིན་ཕིང་གིས་ལྷ་སར་བོད་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་། བོད་སྡོད་དཔུང་སྡེའི་བཀོད་འཐབ་པ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་གནང་བ། བོད་སྡོད་དཔུང་སྡེས་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་བར་ཁས་ལེན་གང་ལེགས་གནང་ཡོད།
        “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྐུ་ངོ་མ་བོད་དུ་རྟོག་ཞིབ་གནང་བར་ཕེབས་ནས་བོད་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མིར་བྱམས་བརྩེའི་ངང་མཇལ་འཕྲད་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་བས་ང་ཚོར་སྐུལ་ལྕག་ཟབ་མོ་ཐེབས་བྱུང་ལ་ང་ཚོའི་ངར་ཤུགས་རབ་ཏུ་འཕེལ་བྱུང་། ང་ཚོས་ནུས་ཤུགས་ཡོད་རྒུས་རྒྱལ་ཁབ་ཀྱི་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱས་ཏེ་མངའ་ཁོངས་སྲུང་བའི་འགན་འཁྲི་ཡོད་པ་དང་། མངའ་ཁོངས་སྲུང་བའི་འགན་འཁྲི་འཁུར་བ། མངའ་ཁོངས་སྲུང་བའི་འགན་འཁྲི་གཙང་སྒྲུབ་བཅས་བྱ་རྒྱུ་ཡིན”ཞེས་བོད་སྡོད་དཔུང་སྡེའི་དཔོན་དམག་ཡོངས་ཀྱིས་བརྗོད།
        གཉའ་ནང་འགག་སྒོའི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅི་གཞོན་པ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་ཀྲང་ཅིང་གིས“‘ལོ་ལྔ་ཚན་བཅུ་བཞི་པའི’རིང་ནི་རང་རྒྱལ་གྱིས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་རྗེས། བབ་བསྟུན་འཕྲལ་སྒྲུབ་ཀྱིས་ལོ་བརྒྱ་གཉིས་པའི་འབད་འཐབ་དམིགས་ཚད་མངོན་འགྱུར་བྱ་ཆེད་འབད་འཐབ་བྱེད་པའི་ལོ་ལྔ་ཚན་དང་པོ་དེ་ཡིན། རྒྱུགས་ར་གསར་པ་དང་རྒྱུགས་ཤོག་གསར་པར་རྒྱུགས་ལན་ཡག་པོ་ཞིག་འབུལ་བར་ང་ཚོས་བོད་ཀྱི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ནས་དཀའ་ངལ་དང་ཉེན་ཁ་སྣ་ཚོགས་ཁྱད་བསད་ཧུར་ཐག་བྱེད་པ་དང་ཟོག་འདྲེན་འགག་སྒྲོལ་བདེ་འཇགས་དང་གོ་རིམ་ལྡན་པའི་འགན་ལེན་ཧུར་ཐག་བྱེད་པ་དང་དུས་མཚུངས་སུ་ལྐོག་སྒྲོལ་ལྐོག་འདྲེན་གཏན་འགོག་གཙོ་གནད་དུ་བྱས་ཏེ་རྣམ་གྲངས་འཛུགས་སྐྲུན་དང་ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་སོགས་རྒྱུན་གཏན་གྱི་ལས་དོན་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱས་ནས་འགྲམ་འགག་སྒོ་རྦད་དེ་བདེ་འཇགས་ཡོང་བའི་འགན་ལེན་བྱ་རྒྱུ་ཡིན”ཞེས་བརྗོད།
        ཞི་ཅིན་ཕིང་གིས་མཐའ་མཚམས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ལ་མཐའ་མཚམས་སུ་གཞི་ཚུགས་པ་དང་། རྒྱལ་ཁབ་ཀྱི་ས་ཆ་སྲུང་བ། ཕ་ཡུལ་འཛུགས་སྐྲུན་བཅས་བྱ་རྒྱུར་ལྕག་སྐུལ་བྱེད་དགོས་ཞེས་ནན་བཤད་གནང་ཡོད།
        ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་ཀྱི་ལྷོ་འདབས་སུ་གནས་པ་དང་རི་བོ་མཐོ་ཞིང་ནགས་ཚལ་སྟུག་པ་དང་གྲོག་རོང་གཟར་པོ་ཡོད། ཉེ་བའི་ལོ་ཤས་རིང་། ཡུལ་སྨད་ཤང་ལ་གནམ་ས་བླ་འོག་ཏུ་འགྱུར་བ་ལྟ་བུའི་འགྱུར་ལྡོག་བྱུང་ནས་འབྱོར་འབྲིང་ཤང་གྲོང་འཛུགས་སྐྲུན་ཡག་པོ་བྱུང་བ་དང་ས་སྲུང་མཐའ་བརྟན་གྱི་དཔུང་ཁག་རྒྱུན་ཆད་མེད་པར་སྟོབས་ཆེར་ཕྱིན་ཏེ་དེ་སྔའི་དུད་ཚང་1གི་མི་3ནས་ད་ཆའི་དུད་ཚང་67གྱི་མི་234བར་མང་དུ་ཕྱིན་ཡོད། 2020ལོར་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་34012ཟིན་ནས་མི་རིགས་ཁག་གི་མང་ཚོགས་བདེ་སྡོད་ལས་བརྩོན་བྱུང་ཡོད།
        “བདུན་གཅིག་བྱས་རྗེས་གཟེངས་རྟགས”ཐོབ་མཁན་དང་རྒྱལ་ཡོངས་ཀྱི“དུས་རབས་མིག་དཔེ”ཡིན་པའི་སྒྲོལ་དཀར་གྱིས“ཡུལ་སྨད་ཤང་གི་འཕེལ་རྒྱས་དང་འགྱུར་ལྡོག་ཚང་མ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་དམིགས་བསལ་ཐུགས་ཁུར་འོག་མངོན་འགྱུར་བྱུང་བ་ཞིག་རེད། ས་སྲུང་མཐའ་བརྟན་དང་ཁྱིམ་གཞིས་འཛུགས་སྐྲུན་བྱ་རྒྱུ་ནི་ང་ཚོ་ཡུལ་སྨད་བའི་དོར་ཐབས་མེད་པའི་འགན་འཁྲི་ཞིག་ཡིན། སླད་ཕྱིན་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ་ཕྱར་བ་གྲུ་འདེགས་དང་ཀུན་སེམས་གཅིག་སྒྲིལ་གྱིས་རྒྱལ་གཅེས་མཐའ་སྲུང་གི་སྙིང་སྟོབས་རྒྱུན་འཛིན་ཡག་པོ་བྱས་ནས་རང་ཉིད་ཀྱི་ཕ་ཡུལ་འཛུགས་སྐྲུན་ཡག་པོ་བྱེད་ཀྱི་ཡིན”ཞེས་བརྗོད།
        ཉེ་བའི་ལོ་ཤས་རིང་། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་གྲོང་གསེབ་དར་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་སྟེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱས་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་གཏིང་ཟབ་ཏུ་བཏང་བ་དང་། ཞིང་ལས་སྤུས་ཚད་མཐོ་བ་དང་ལས་ཕྱོད་ཆེན་པོ་ཡོང་རྒྱུར་སྐུལ་འདེད་བཏང་བ། གྲོང་གསེབ་ཀྱི་འཆར་འགོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་བ། གྲོང་གསེབ་ཀྱི་མཉམ་སྡེབ་དཔལ་འབྱོར་གསར་པ་འཕེལ་རྒྱས་བཏང་བ་བཅས་ལས་མང་ཚོགས་ཀྱི་ཐོབ་སྣང་སྔར་བས་ཆེ་རུ་ཕྱིན་ཡོད།
        མངའ་རིས་ས་ཁུལ་སྒར་རྫོང་བཀྲ་ཤིས་སྒང་ཤང་དུ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་རྣམ་གྲངས་དེ་མཐའ་མཚམས་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བའི་དམངས་འཚོའི་འདུ་འགོད་གལ་ཆེན་ཞིག་ལ་བརྩིས་ནས་དམ་འཛིན་བྱས་ཡོད། རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི་7000ལྷག་ཙམ་བཏང་སྟེ་སྔ་རྗེས་སུ་བདེ་མཆོག་གྲོང་ཚོ་དང་། བཀྲ་ཤིས་སྒང་གྲོང་ཚོ། གླང་དམར་གྲོང་ཚོ་བཅས་སུ་མཐའ་མཚམས་ཀྱི་འབྱོར་འབྲིང་དཔེ་སྟོན་གྲོང་ཚོ་འཛུགས་སྐྲུན་བྱས་པ་དང་རྣམ་གྲངས་འཛུགས་སྐྲུན་ཐད་མི་རིགས་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་་ཡོང་བ་དང་སྐྱེ་ཁམས་སྲུང་སྐྱོང་དང་ཐོན་ལས་འཕེལ་རྒྱས་ལ་སྣང་ཆེན་བྱས་ཡོད། མིག་སྔར་གྲོང་ཚོ་3གྱི་འབྲོག་དུད་111གནས་སྤོས་བྱས་པས་མང་ཚོགས་ཀྱི་འཚོ་བའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།
        “བཀྲ་ཤིས་སྒང་ཤང་གི་ལས་བྱེད་པ་དང་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་བ་དེ་ཏང་གི་སྲིད་ཇུས་བཟང་པོའི་བཀའ་དྲིན་རེད། སླད་ཕྱིན་གྱི་ལས་དོན་ཁྲོད་ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་ནན་ཏན་བྱེད་པ་དང་། ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། རིགས་ཁག་གི་ཁྱད་ལྡན་ཐོན་ལས་ཀྱི་རོགས་སྐྱོར་སྲིད་ཇུས་བསྡུ་སྒྲིལ་བཅས་བྱས་ནས་བཀྲ་ཤིས་སྒང་ཤང་གི་མི་རིགས་ཁག་གི་མང་ཚོགས་ཕ་ཡུལ་ནས་ཁ་བྲལ་མི་དགོས་པར་ཐག་ཉེ་སར་ལས་ཞུགས་ཐུབ་པ་བྱས་ཏེ་འབབ་འཕར་བརྟན་པོ་ཡོང་བ་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་ཐུབ་པའི་འགན་ལེན་བྱེད་ཀྱི་ཡིན”ཞེས་བཀྲ་ཤིས་སྒང་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་ཝང་ཆིང་ཅུན་གྱིས་བརྗོད།
རྩོམ་སྒྲིག་པ། སངས་སྐྱབས།