ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་ཁྲེང་ཏེ་གྲོང་ཁྱེར་དུ་གཟིགས་ཞིབ་དང་རྟོག་ཞིབ་གནང་བ།

སྤེལ་དུས 2021-08-26 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          སྤྱི་ཚེས་23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧོ་པེ་ཞིང་ཆེན་སའེ་ཧན་པ་འཕྲུལ་ཆས་ནགས་རའི་ཡོའེ་ལེང་ཧྲན་དུ་ཕེབས་ནས། ནགས་རའི་རང་བྱུང་བཀོད་པར་གཟིགས་ཞིབ་གནང་བ་དང་། ཧོ་པེ་ཡིས་རི་ཆུ་ནགས་ཞིང་དང་མཚེའུ་རྩྭ་ཐང་བྱེ་ས་བཅས་ཀྱི་མ་ལག་བཅོས་སྐྱོང་དང་ནགས་རའི་དོ་དམ་གནས་ཚུལ་ངོ་སྤྲོད་ཞུས་པ་གསན་ཞིང་། ནགས་སྲུང་བར་གཟིགས་གནང་ཡོད། དེ་རྗེས། ཞི་ཅིན་ཕིང་ཧྲའང་ཧའེ་དྲན་གསོའི་ནགས་ཚལ་དུ་ཕེབས་ནས་ས་གནས་ས་ཐོག་ཏུ་ནགས་ཤིང་གི་སྐྱེ་ཚུལ་ལ་གཟིགས་ཞིབ་གནང་བ་དང་། ནགས་རས་སའེ་ཧན་པ་ཡི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྤུས་ཚད་མཐོ་བའི་གོང་འཕེལ་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་ཡོད་པ་རེད།

          འཕྲུལ་ཆས་ནགས་རའི་ཧྲང་ཧའེ་དྲན་གསོའི་ནགས་ཚལ་ནི་དེ་སྔའི་རྟ་རྨིག་དོང་གི་ནགས་བཟོའི་འཐབ་ཁུལ་དུ་གནས་པ་དང་། དེ་ནི་སའེ་ཧན་པ་ཡི་སྙིང་སྟོབས་འབྱུང་ཁུངས་དང་མུའུ་ཁྲི་བརྒྱ་ཟིན་པའི་ནགས་ཚལ་གྱི་འབྱུང་ཁུངས་ཤིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནགས་རའི་ལས་བཟོའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་གནང་ཞིང་། ཁོང་གིས། ཁྱེད་ཚོས་སྒྲུབ་པའི་བྱ་བ་ལ་དཔེ་སྟོན་གྱི་དོན་སྙིང་ལྡན་ཡོད་པས། རྒྱལ་ཡོངས་ཀྱི་འབྱུང་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་ལྕག་གི་ནུས་པ་དང་ཤུགས་རྐྱེན་ཟབ་མོ་ལྡན་ཡོད། སའེ་ཧན་པ་ཡི་སྙིང་སྟོབས་ནི་ཀྲུང་གོ་གུང་ཁྲན་ཏང་གི་བསམ་པའི་འཕོ་འགྱུར་གྱི་གྲུབ་ཆ་ཞིག་རེད། ཏང་ཡོངས་དང་རྒྱལ་ཡོངས་མི་དམངས་ཀྱིས་སྙིང་སྟོབས་དེ་རིགས་དར་སྤེལ་བཏང་ནས་འབྱུང་འཕྲོད་དཔལ་འབྱོར་དང་འབྱུང་ཁམས་ཤེས་དཔལ་གོང་འཕེལ་ཡག་པོ་གཏོང་དགོས། སའེ་ཧན་པ་ཡིས་འབྱུང་ཁམས་ཤེས་དཔལ་གྱི་འདུ་ཤེས་ལ་གོ་བ་སྔར་བས་གཏིང་ཟབ་བླངས་ནས་ཡང་འབད་བསྐྱར་འབད་དང་ལས་གཏོད་ཐེངས་གཉིས་པ་བྱས་ཏེ། རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་སླར་ཡང་བྱས་རྗེས་འཇོག་དགོས་ཞེས་ནན་སྟོན་གནང་ཡོད།
          སྤྱི་ཚེས་24ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧོ་པེ་ཞིང་ཆེན་ཁྲེང་ཏེ་གྲོང་ཁྱེར་དུ་གཟིགས་ཞིབ་དང་རྟོག་ཞིབ་གནང་ཡོད། ཁོང་སྔ་རྗེས་སུ་ཁྲེང་ཏེ་ཚ་གཡོལ་རི་གྲོང་དང་། ཀུན་ཏུ་བདེ་བའི་གླིང་། ཁྲེང་ཏེ་རྟེན་རྫས་བཤམས་མཛོད་ཁང་། ཧྲོང་ལོན་ཆུས་ཕན་ཆའོ་ཙི་གྲོང་རྡལ་ཏ་ཀུའེ་ཁའུ་གྲོང་ཚོ། མཐོ་གསར་ཁུལ་པིན་ཧོ་སྡེ་ཁུལ་གྱི་ཁྱིམ་སྡོད་རྒན་གསོའི་ཞབས་ཞུ་ལྟེ་གནས་བཅས་སུ་ཕེབས་ནས། རིག་གནས་ཤུལ་བཞག་སྲུང་སྐྱོབ་རྒྱུན་འཛིན་དང་། ཆོས་ལུགས་ལས་དོན། མི་རིགས་མཐུན་སྒྲིལ། གྲོང་གསེབ་དར་རྒྱས། རྒན་གསོའི་ཞབས་ཞུ་སོགས་ལ་དམིགས་ནས་ས་གནས་ས་ཐོག་ཏུ་རྟོག་ཞིབ་གནང་ཡོད་པ་རེད།