ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > གསར་འགྱུར་གལ་ཆེན།

ཞི་ཅིན་ཕིང་གིས་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་འགོ་ཚུགས་མཛད་སྒོའི་ཐོག་བརྙན་མཐོང་ཤིས་ཚིག་བསྒྲོན་པ།

སྤེལ་དུས 2021-12-03 ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། རྩོམ་པ་པོ།
          འདི་ག་ལས་ཁུངས་ནས། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྤྱི་ཟླ་12པའི་ཚེས་2ཉིན་པེ་ཅིང་དུ་སྤྱི་ལོ་2021ལོའི་༼ཀྲུང་གོ་ཤེས་རྟོགས་བྱེད་༽ཅེས་པའི་རྒྱལ་སྤྱིའི་གྲོས་ཚོགས་ཀྱི་ཀོང་ཀྲའུ་འགོ་ཚུགས་མཛད་སྒོའི་ཐོག་བརྙན་མཐོང་ཤིས་ཚིག་བསྒྲོན་ཡོད་པ་རེད།
          ཞི་ཅིན་ཕིང་གིས། མིག་སྔར། འཛམ་གླིང་ལ་ལོ་བརྒྱའི་ནང་བྱུང་མ་མྱོང་བའི་འགྱུར་ལྡོག་ཆེན་པོ་འགྲོ་བཞིན་པ་དང་ཏོག་གསར་གློ་ཚད་རིམས་ནད་གོ་ལ་ཧྲིལ་པོར་འགོས་ཁྱབ་ཤུགས་ཆེན་བྱུང་བའི་ཤུགས་རྐྱེན་ཐེབས་ནས་འཛམ་གླིང་འདི་ཉིད་ཟང་ཟིང་དང་འགྱུར་ལྡོག་མང་བའི་དུས་རིམ་ལ་སླེབས་ཡོད། འགག་རྩའི་དུས་སྐབས་འདིར་ང་ཚོས་བསམ་བློའི་ཐད་འབྲེལ་གཏུག་སྔར་ལས་ལྷག་པ་བྱེད་དགོས་པ་དང་། སྤེལ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་རྩོད་ལ་མཉམ་དུ་ཁ་གཏད་གཅོག་ཆེད་བློ་རིག་དང་སྟོབས་ཤུགས་ལེགས་སྐྱེས་འབུལ་དགོས་ཅེས་བསྟན་ཡོད་པ་རེད།
          ཞི་ཅིན་ཕིང་གིས། ད་ལྟའི་ཀྲུང་གོ་ཤེས་རྟོགས་བྱེད་པར་ངེས་པར་དུ་ཀྲུང་གོའི་གུང་ཁྲན་ཏང་ཤེས་རྟོགས་ཐུབ་པ་བྱེད་དགོས་ཞེས་ང་རང་ནས་བརྗོད་མྱོང་ཡོད། ད་ལོ་ནི་ཀྲུང་གོའི་གུང་ཁྲན་ཏང་དབུ་བརྙེས་ནས་ལོ་ངོ་100འཁོར་བའི་ལོ་ཞིག་རེད། ལོ་100ཡི་རིང་ཀྲུང་གོའི་གུང་ཁྲན་ཏང་གིས་ཀྲུང་གོའི་མི་དམངས་ཀྱི་སྣེ་ཁྲིད་ནས་འབད་འཐབ་ལྷོད་མེད་བྱས་པས་ཀྲུང་གོའི་མི་དམངས་ཀྱི་མདུན་ལམ་དང་ལས་དབང་ལ་རྩ་བའི་ཐོག་ནས་འགྱུར་ལྡོག་བཏང་ཡོད་ལ་འཛམ་གླིང་གི་ལོ་རྒྱུས་འཕེལ་རིམ་ལའང་ཤུགས་རྐྱེན་ཆེན་པོ་བཟོས་ཡོད། མི་རིང་བའི་གོང་། ཀྲུང་གོའི་གུང་ཁྲན་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པ་རྒྱལ་ཁའི་ངང་སྐོང་འཚོགས་བྱས་པ་དང་ཏང་གི་ལོ་བརྒྱའི་འབད་འཐབ་ཀྱི་གལ་ཆེའི་གྲུབ་འབྲས་དང་ལོ་རྒྱུས་ཉམས་མྱོང་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་གི་གྲོས་ཆོད་ལ་གྲོས་འཆམ་བྱུང་བ་དང་། ཀྲུང་གོའི་གུང་ཁྲན་ཏང་གིས་ལོ་རྒྱུས་དཔྱད་གཞིར་འཛིན་པ་དང་མ་འོངས་གསར་གཏོད། ཐོག་མའི་བསམ་འདུན་མི་བརྗེད་པ། འགན་འཁྲི་བློ་ལ་བརྟན་པོར་ངེས་ནས་ཀྲུང་གོའི་མི་དམངས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོར་ལམ་བུ་གསར་པའི་ཐོག་སྐྱོད་བཞིན་ཡོད། ཀྲུང་གོའི་གུང་ཁྲན་ཏང་གིས་མི་དམངས་གོང་དུ་བཀུར་རྒྱུ་རྒྱུན་འཁྱོངས་དང་བློ་གཅིག་སེམས་གཅིག་གིས་མི་དམངས་ལ་ཞབས་འདེགས་ཞུ་བའི་རྩ་བའི་དམིགས་འབེན་རྒྱུན་འཁྱོངས་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་གོང་འཕེལ་བསམ་བློ་ལག་བསྟར་བྱེད་པ། མིའི་ཁྱོན་ཡོངས་གོང་འཕེལ་དང་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་འགྱུར་ཡོང་རྒྱུར་སྐུལ་འདེད་ཟམ་མི་ཆད་པར་བཏང་ནས་ཀྲུང་གོའི་མི་དམངས་ཀྱིས་མཛེས་ལྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་འདུན་སྔར་ལས་ལྷག་པ་བསྐང་རྒྱུ་ཡིན། ཀྲུང་གོའི་གུང་ཁྲན་ཏང་གིས་ཞི་བདེ་གོང་འཕེལ་གྱི་འགྲོ་ལམ་ཐོག་བསྐྱོད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་ཕྱི་ཕྱོགས་སྒོ་དབྱེ་རྒྱུན་འཁྱོངས་བྱེད་པ། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མ་ལག་གཏོད་རྒྱུར་སྐུལ་འདེད་གཏོང་བ། ཞི་བདེ་དང་གོང་འཕེལ། གཞུང་དྲང་། དྲང་བདེན། དམངས་གཙོ། རང་དབང་བཅས་ཀྱི་མིའི་རིགས་ཡོངས་ཀྱི་ཐུན་མོང་རིན་ཐང་དར་སྤེལ་གཏོང་བཅས་བྱས་ནས་སྔ་བར་ཕྱི་གསུམ་དུ་འཛམ་གླིང་གི་ཞི་བདེ་སྐྲུན་མཁན་དང་གོ་ལ་ཧྲིལ་པོའི་གོང་འཕེལ་ལ་ལེགས་སྐྱེས་འབུལ་མཁན། རྒྱལ་སྤྱིའི་སྒྲིག་ལམ་སྲུང་སྐྱོང་བྱེད་མཁན་བཅས་བྱས་ཏེ་མིའི་རིགས་ཀྱི་ཤེས་དཔལ་ཡར་ཐོན་དང་འཛམ་གླིང་གི་ཞི་བདེ་གོང་འཕེལ་ཆེད་དུ་ལེགས་སྐྱེས་གསར་པ་སྔར་ལས་ཆེ་བ་འབུལ་རྒྱུར་འབད་བརྩོན་བྱ་རྒྱུ་ཡིན་ཞེས་གསུངས་ཡོད་པ་རེད།