ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས།
སྤེལ་དུས 2018-01-23
ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ།
རྩོམ་པ་པོ། བཀྲ་རྒྱལ་གྱིས་བསྒྱུར།
ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་མཐིལ་ཕྱིན་ཡོང་པ་དང་། དགོན་སྡེའི་གྲྭ་བཙུན་གྱིས་སྔར་ལས་ལྷག་པའི་སྒོ་ནས་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ལེན་པའི་ཚ་རླབས་ཤིག་འཕྱུར་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དགོན་པ་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཕྱིར། ཟླ1ཚེས18ཉིན་གྱི་སྔ་དྲོ། ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་བླ་མ་གླིང་དགོན་སྡེ་དོ་དམ་ཨུ་ལྷན་གྱིས་གྲོང་ཨུད་ཏང་གི་སློབ་གྲྭའི་འཆད་ཁྲིད་དགེ་རྒན་སྐལ་བཟང་ཆོས་སྒྲོན་གདན་འདྲེན་ཞུས་ངོར་དགོན་པར་ཕེབས་ནས་བླ་མ་གླིང་དགོན་དང་བུ་ཆུ་ལྷ་ཁང་། འབྲུག་ཆོས་སྡིངས་དགོན་བཅས་ཀྱི་གྲྭ་བཙུན་ཡོངས་ལ་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སྒྲོག་འགྲེལ་གནང་པ་དང་། དགོན་སྡེ་དོ་དམ་ཨུ་ལྷན་གྱི་ཀྲུའུ་རེན་བསྟན་པ་ཆོས་འཕེལ་གྱིས་གཙོ་སྐྱོང་གནང་ཞིང་། བྲག་ཡིབ་ཆུས་ཨུད་ཀྱི་རྒྱུན་ཨུ་དང་། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡེ་ཤེས་རྒྱ་མཚོ་ཡུལ་དངོས་ཀྱི་སྒྲོག་འགྲེལ་ཚོགས་འདུར་ཞུགས་པ་རེད།

ཆུ་ཚོད་གཉིས་རིང་གི་སྒྲོག་འགྲེལ་ཁྲོད། སྐལ་བཟང་ཆོས་སྒྲོན་གྱིས་གོ་བདེ་ཞིང་ཤེས་སླ་བ་དང་མང་ཚོགས་དང་འབྲེལ་འདྲིས་བྱེད་སླ་བའི་བོད་སྐད་ཐོག་དགོན་སྡེའི་གྲྭ་བཙུན་ལ་གཏིང་ཟབ་ཅིང་གསོན་ཉམས་ལྡན་པའི་སྒོ་ནས་ཚོགས་ཆེན་བཅུ་དགུ་པའི་སྙན་ཞུ་ཀློག་འགྲེལ་གནང་པ་དང་། ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་རང་རྒྱལ་ལ་ཐོབ་པའི་གྲུབ་འབྲས་ཁག་ནི་བོད་ལྗོངས་དང་ཐ་ན་ཉིང་ཁྲིའི་ལོ་ལྔའི་རིང་གི་འཕེལ་རྒྱས་དང་འགྱུར་ལྡོག་ལ་འཕྲོས་པར་བྱས་ནས། ཀྲུང་གོ་གུང་ཁྲན་ཏང་མེད་ན་སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡོད་མི་སྲིད་པ་དང་། ད་ཆའི་མཛེས་སྡུག་ལྡན་པའི་འཚོ་བ་ནི་དེ་བས་ཀྱང་ཡོད་མི་སྲིད་པའི་སྐོར་འགྲེལ་བརྗོད་གཏིང་ཟབ་གནང་ཐོག དེ་གར་ཡོད་པའི་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་བ། ཏང་གི་འགོ་ཁྲིད་དང་སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་མཐའ་གཅིག་ཏུ་གནང་པ་དང་། ལྟ་བ་གསལ་སྟོན་གྱིས་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་སྲུང་སྐྱོབ་ཀྱི་ཡིད་ཆེས་དང་སེམས་ཤུགས་བརྟན་པོ་འཛུགས་པར་སྔར་བས་སློབ་གསོ་དང་ཁྲིད་སྟོན་གནང་ཡོད་པ་རེད།
ཡེ་ཤེས་རྒྱ་མཚོས། རེ་བ་ཡིན་ན་དེ་གར་ཡོད་པའི་གྲྭ་བཙུན་དང་དགོན་སྡེར་བཅའ་སྡོད་ལས་བྱེད་པས་ད་རེས་ཀྱི་གོ་སྐབས་གཅེས་འཛིན་དང་། ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་ནན་ཏན་ལོན་རྒྱུ། དགོན་པའི་དོ་དམ་ཚོགས་པས་འགན་ནུས་གསུམ་འདོན་སྤེལ་གང་ལེགས་བྱེད་པ། ཚོགས་ཆེན་བཅུ་དགུ་པའི་སྙན་ཞུའི་ཁྲོད་ཀྱི་ཆོས་ལུགས་ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་མཛུབ་ཁྲིད་དུ་བཟུང་ནས། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པའི་ལས་ཀ་ཧུར་ཐག་གིས་ཁྲིད་སྟོན་ལེགས་པོ་བྱེད་དགོས་པ་དང་། རྒྱ་ཆེའི་དགོན་སྡེའི་གྲྭ་བཙུན་རྣམས་ཀྱིས་ཐོས་བསམ་ལ་རྩེ་གཅིག་གཞོལ་ནས་ཆོས་གཞུང་ཁྲོད་སྤྱི་ཚོགས་ཀྱི་འཆམ་མཐུན་དང་དུས་རབས་ཡར་རྒྱས། སྐྱོན་བྲལ་ཤེས་དཔལ་ལ་ཕན་པའི་ནང་དོན་སྔོག་འདོན་གཏིང་ཟབ་གནང་ནས། སྤྱི་ཚོགས་འཆམ་མཐུན་དང་བརྟན་ལྷིང་རང་རྟོགས་སྒོས་སྲུང་སྐྱོབ་བྱ་དགོས་ཞེས་བསྟན་བྱུང་།