ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ཀྱིས་དགེ་རྒན་གྱི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ།

སྤེལ་དུས 2019-09-12 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
              དགེ་རྒན་དུས་ཆེན་ཐེངས་35པ་འཆར་ལ་ཉེ་བའི་སྐབས་སུ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་དང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་བློ་བཟང་རྒྱལ་མཚན། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷ་བཅས་ཀྱིས་ལས་བྲལ་དང་རྒན་ཡོལ་ཞུས་པའི་མི་སྣ་དང་སློབ་གསོའི་འཐབ་ཕྱོགས་དང་པོར་དཀའ་སྤྱད་ལས་སྒྲུབ་བྱེད་བཞིན་པའི་དགེ་རྒན་གྱི་འཐུས་མི་ཚོར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བྱམས་བརྩེའི་འཚམས་འདྲི་བརྒྱུད་ཞུ་ཡང་གནང་བ་དང་། ལྗོངས་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པར་སློབ་གསོའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་སྤྲིངས་གནང་བའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། མི་གང་འདྲ་ཞིག་གསོ་སྐྱོང་བྱེད་དགོས་པ་དང་། ཇི་ལྟར་བྱས་ནས་མི་སྣ་གསོ་སྐྱོང་བྱེད་དགོས་པ། སུའི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་དགོས་པ་བཅས་ཀྱི་གཞི་རྩའི་གནད་དོན་ལ་དམ་པོར་དམིགས་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས་པའི་སྐུལ་ལྕག་གནང་བ་རེད།
              ལོ་74ལ་སླེབས་པའི་རྒྱལ་ཁབ་རིམ་པའི་གྲགས་ཅན་དགེ་རྒན་རྡོ་མགོན་གསང་བདག་རྡོ་རྗེ་ནི་རང་ལྗོངས་ཀྱི་གྲགས་ཅན་བོད་རིག་པ་མཁས་ཅན་དང་སློབ་གསོ་མཁས་ཅན་ཞིག་རེད། ཝུའུ་དབྱིང་ཅེ་རྡོ་མགོན་གསང་བདག་རྡོ་རྗེའི་ཁྱིམ་དུ་ཕེབས་ཏེ་ཁོང་ལ་མཇལ་དར་གནང་བ་དང་འབྲེལ་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་པ་རེད། བགྲེས་སོང་ཁོང་སྐུ་གཟུགས་ཐང་པོ་མེད་ཀྱང་སྤྲོ་སྣང་ལྡན་ལ་རིག་པ་གསལ་བ་མ་ཟད། ཉིན་ལྟར་རྩོམ་ཡིག་འབྲི་བ་དང་སྒྲ་སྙན་གཏོང་རྒྱུར་ཡང་དགའ་པོ་ཡོད་ལུགས་མཁྱེན་རྗེས་ཝུའུ་དབྱིང་ཅེ་དགྱེས་ཚོར་ཆེན་པོ་བྱུང་ནས་བགྲེས་སོང་ཁོང་ནད་མེད་ཚེ་རིང་ཡོང་བའི་བཀྲ་ཤིས་སྨོན་འདུན་ཞུས་ཤིང་། ཝུའུ་དབྱིང་ཅེས་རྡོ་མགོན་གསང་བདག་རྡོ་རྗེའི་ཕྱག་ནས་བཟུང་སྟེ་ཁྱེད་ནི་བོད་གསར་རྙིང་དུས་རབས་གཉིས་བརྒྱུད་མྱོང་མཁན་ཞིག་དང་། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་འོག་བོད་ཀྱི་འཕོ་འགྱུར་ཆེན་པོའི་བདེན་དཔང་བྱེད་མཁན་ཞིག བོད་ཀྱི་དེང་རབས་སློབ་གསོའི་བྱ་གཞག་གསར་གཏོད་དང་འཕེལ་རྒྱས་གཏོང་བའི་ནང་དངོས་སུ་ཞུགས་མྱོང་མཁན་ཞིག 
              དུས་ཡུན་རིང་པོ་རང་རེའི་ཏང་དང་སྐྱིད་སྡུག་མཉམ་མྱོང་བྱེད་མཁན་ཞིག་བཅས་ཡིན་པས་ཏང་དང་མི་དམངས་ཀྱིས་ཁྱེད་ནམ་ཡང་བརྗེད་མི་སྲིད་ཅེས་གསུངས་པ་དང་། ཝུའུ་དབྱིང་ཅེས་རྡོ་མགོན་གསང་བདག་རྡོ་རྗེར་རིག་གཞུང་ཐད་ཀྱི་ཆེད་ལས་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་མུ་མཐུད་བོད་ཡིག་སློབ་ཁྲིད་སྒྱུར་བཅོས་ཆེད་ལེགས་སྐྱེས་འབུལ་རྒྱུའི་ཐུགས་རེ་གནང་བ་རེད།
              ལྷ་ས་གྲོང་ཁྱེར་ཚོད་ལྟའི་སློབ་ཆུང་ནི་ལྗོངས་ཡོངས་ཀྱི་བྱང་ཚད་སློབ་གསོའི་ཚོད་ལྟའི་སྒྱུར་བཅོས་སློབ་གྲྭ་ཞིག་ཡིན་པ་དང་། ཝུའུ་དབྱིང་ཅེས་སློབ་གྲྭའི་འཛུགས་སྐྲུན་དང་སློབ་ཁྲིད་ཀྱི་གནས་ཚུལ་ལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། སློབ་གྲྭ་དེའི་ལོ་རིམ་བཞི་པའི་གཞུང་ལས་ཁང་དུ་ཝུའུ་དབྱིང་ཅེས་དགེ་རྒན་ཚོ་དང་བྱམས་བརྩེའི་སྤེལ་རེས་གནང་སྟེ་ཁོང་ཚོའི་ལས་ཀ་དང་སློབ་སྦྱོང་སོགས་ཀྱི་གནས་ཚུལ་ལ་བཀའ་འདྲི་གནང་བ་དང་འབྲེལ་ཁོང་ཚོར་དུས་ཆེན་གྱི་འཚམས་འདྲི་ཡང་ཞུས་པ་རེད། “འགན་འཁྲི་འཁུར་སེམས་དང་བྱ་གཞག་སྒྲུབ་སེམས་ནི་ཕུལ་བྱུང་དགེ་རྒན་ཞིག་ལ་གྱུར་པའི་འགག་རྩ་རེད”ཝུའུ་དབྱིང་ཅེས་རྒྱ་ཆེའི་དགེ་རྒན་ཚོར་ལས་འགན་སྒྲུབ་སེམས་དང་། བརྩེ་སེམས། འགན་འཁྲི་འཁུར་སེམས་བཅས་ལ་བརྟེན་ནས་སློབ་ཁྲིད་ལས་དོན་ཡག་པོ་སྒྲུབ་པ་དང་བསམ་བློ་ཆབ་སྲིད་སློབ་གསོ་སློབ་མའི་སེམས་ནང་ཟུག་པར་བྱས་ཏེ་མར་ཁེ་སི་རིང་ལུགས་ཀྱི“ལྟ་བ་ལྔ”དང“སྨྲ་བ་གཉིས”ཀྱི་སློབ་གསོ་དང་། བོད་གསར་རྙིང་བསྡུར་བའི་སློབ་གསོ། མི་རིགས་མཐུན་སྒྲིལ་གྱི་སློབ་གསོ་སོགས་ལ་ཤུགས་སྣོན་བརྒྱབ་ནས་སློབ་མ་ཚོར་ཡང་དག་པའི་འཛམ་གླིང་གི་ལྟ་བ་དང་། མི་ཚེའི་ལྟ་བ། རིན་ཐང་ལྟ་བ་བཅས་འཛུགས་རྒྱུར་ཁྲིད་སྟོན་གྱིས“མོས་སེམས་ལྔ”རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་གྱི་དགེ་རྒན་དང་སློབ་མའི་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་རྒྱ་ཆེའི་སློབ་མ་ཚོར་སློབ་གསོ་ཁྲིད་སྟོན་བྱས་ཏེ་ཕྲུ་གུ་ཚོས་ཆུ་འཐུང་དུས་ཆུ་འགོ་དྲན་པ་དང་། ཏང་གི་དཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་མཐའ་གཅིག་ཏུ་བྱེད་པ། ཕྲུ་གུ་ཚོར་ཆུང་དུས་ནས་རླབས་ཆེན་ཏང་ལ་དགའ་ཞེན་དང་། རླབས་ཆེན་མེས་རྒྱལ་ལ་དགའ་ཞེན། མི་དམངས་ལ་དགའ་ཞེན། བོད་ལ་དགའ་ཞེན་བཅས་ཀྱི་སློབ་གསོ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། ཝུའུ་དབྱིང་ཅེས་སློབ་གྲྭའི་འགན་འཁུར་བར་ནང་སའི་གཙོ་གནད་སློབ་ཆུང་ཚད་གཞིར་འཛིན་ཏེ་སློབ་ཁྲིད་ཞིབ་འཇུག་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ་དང་། སློབ་གསོ་སྒྱུར་བཅོས་ཀྱི་བསམ་ཕྱོགས་གསར་པ་འཚོལ་ཞིབ་ཧུར་ཐག་བྱེད་པ། སློབ་ཁྲིད་ཀྱི་སྤུས་ཚད་ཡག་ཏུ་ཧུར་ཐག་གཏོང་བ། སློབ་མའི་ཕྱོགས་བསྡུས་བྱང་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བར་སྐུལ་འདེད་གཏོང་བ་བཅས་ལ་བརྟེན་ནས་བོད་ཀྱི་འབྱུང་འགྱུར་འཕེལ་རྒྱས་ཆེད་ཕུལ་བྱུང་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་གསོ་སྐྱོང་བྱེད་དགོས་པའི་མངགས་བཅོལ་གནང་བ་རེད།
              ལྷ་སའི་ནག་ཆུ་མཐོ་རིམ་སློབ་འབྲིང་ནི་ནག་ཆུ་གྲོང་ཁྱེར་གྱི་ཡུལ་གཞན་དུ་གཉེར་བའི་མཐོ་རིམ་སློབ་འབྲིང་དང་པོ་དེ་ཡིན་ཞིང་། མིག་སྔར་ཀྲེ་ཅང་ཞིང་ཆེན་གྱི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་དགེ་རྒན་20དང་བོད་སྐྱོར་ཤིན་སྐྱོར་སློབ་སྐྱོར་དགེ་རྒན་10ཡོད་པ་དེ་དག་གིས་སློབ་གྲྭ་དེར་སློབ་ཁྲིད་དང་དོ་དམ་གྱི་ལས་དོན་སྒྲུབ་བཞིན་ཡོད། ཝུའུ་དབྱིང་ཅེ་དེ་གར་ཕེབས་ནས་བོད་སྐྱོར་དགེ་རྒན་ཚོར་བྱམས་བརྩེའི་འཚམས་འདྲི་གནང་བ་དང་འབྲེལ་ཁོང་ཚོར་ལམ་ཐག་ལེ་དབར་སྟོང་ཕྲག་ནས་བོད་དུ་ཡོང་སྟེ་སློབ་གསོའི་བོད་སྐྱོར་ལས་དོན་སྤེལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་བོད་སྐྱོར་དགེ་རྒན་ཚོར་དུས་ཆེན་ལ་བཀྲ་ཤིས་བདེ་ལེགས་ཞུས་ཤིང་། ཝུའུ་དབྱིང་ཅེས་སློབ་གསོའི་ཤེས་ལྡན་པའི་བོད་སྐྱོར་ལས་དོན་སྤེལ་བ་དེ་ཐོག་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོར་ཐུགས་ཁུར་དང་བྱམས་སྐྱོང་གནང་ལུགས་གང་ལེགས་མཚོན་ཡོད། རྒྱ་ཆེའི་བོད་སྐྱོར་དགེ་རྒན་ཚོས་ཏང་དང་རྒྱལ་ཁབ་ཀྱི་སློབ་གསོའི་བོད་སྐྱོར་གྱི་བླ་ན་མེད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་བ་དང་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ། “བརྒྱུད་རོགས་འཁྲིད་གསུམ”སོགས་ཀྱི་བྱེད་སྟངས་བརྒྱུད་ལྗོངས་ནང་ཁུལ་གྱི་དགེ་རྒན་ཤེས་ལྡན་པའི་དཔུང་ཁག་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པ་དང་། བོད་འདི་ཉིད་ཕ་ཡུལ་གཉིས་པར་བརྩིས་ནས“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”དང“ལམ་གཉིས་ཀྱི་སྙིང་སྟོབས”རྒྱུན་འཛིན་དང་དར་སྤེལ་བཏང་སྟེ་རང་ཉིད་ཀྱི་ཁ་བཤད་དཔེ་སྟོན་བརྒྱུད་ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་འདུ་ཤེས་དེ་མི་རིགས་ཁག་གི་སློབ་མ་ཚོའི་སེམས་ནང་རྩ་བ་ཚུགས་པར་བྱེད་དགོས་པའི་མཛུབ་སྟོན་གནང་བ་དང་། ཝུའུ་དབྱིང་ཅེས་རིམ་པ་ཁག་དང་སྡེ་ཚན་ཁག་གིས་བོད་སྐྱོར་དགེ་རྒན་ཚོར་ཆབ་སྲིད་ཐད་བློས་འཁེལ་བ་དང་། ལས་ཀའི་ཐད་རྒྱབ་སྐྱོར་ཤུགས་ཆེན། དོ་དམ་ཐད་རེ་བ་ནན་པོ། འཚོ་བའི་ཐད་སེམས་རྩ་འཁོལ་པོས་ཐུགས་ཁུར་བཅས་བྱས་ཏེ་ཁོང་ཚོར་ལས་སྒྲུབ་ལས་གཏོད་ཆེད་ལས་སྟེགས་ཡག་པོ་ཞིག་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
              བློ་བཟང་རྒྱལ་མཚན་རང་སྐྱོང་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་དང་ལྷ་ས་སློབ་འབྲིང་གི་ཕུལ་བྱུང་དགེ་རྒན་དང་ལས་བྱེད་པའི་འཐུས་མིའི་ཁྱིམ་དུ་ཆེད་མངགས་ཕེབས་ནས་ཕུལ་བྱུང་དགེ་རྒན་གྱི་འཐུས་མིར་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ཁོང་ཚོ་བརྒྱུད་ལྗོངས་ཡོངས་ཀྱི་རྒྱ་ཆེའི་སློབ་གསོའི་ལས་དོན་པ་ཚོར་དུས་ཆེན་གྱི་སྨོན་འདུན་དང་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཡང་ཞུས་པ་རེད། ཕུལ་བྱུང་དགེ་རྒན་དཔའ་རྒོད་དང་བཟའ་ཟླ་སྐལ་བཟང་གཉིས་ནི་ནང་སའི་བོད་ལྗོངས་སློབ་གྲྭའི་སློབ་མ་སྔ་ཤོས་གྲས་ཤིག་རེད། ཁོང་ཚོའི་མྱོང་ཚོར་ལ་བློ་བཟང་རྒྱལ་མཚན་སེམས་འགུལ་ཆེན་པོ་ཐེབས་ཤིང་། བློ་བཟང་རྒྱལ་མཚན་གྱིས་བོད་ཀྱི་འཕེལ་རྒྱས་ནི་སློབ་གསོར་ཐུག་པ་དང་། སློབ་གསོའི་འགག་རྩ་ནི་དགེ་རྒན་ལ་ཐུག་ཡོད། བྱང་ཚད་མཐོ་བའི་ཆེད་ལས་ཅན་གྱི་གསར་གཏོད་རྣམ་པའི་དགེ་རྒན་དཔུང་ཁག་ཅིག་འཛུགས་སྐྱོང་ཧུར་ཐག་བྱས་ཏེ་མི་སྐྱོང་རྩ་བར་འཛིན་པ་དང་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་མཐའ་འཁྱོངས་ཀྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོར་སྔར་བས་ཤུགས་སྣོན་རྒྱག་པ་དང་། སློབ་མ་ཚོར་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ལ་སློབ་གསོ་གཏོང་བ། སློབ་མ་ཚོར་མི་ཚེའི་གོམ་པ་དང་པོ་ཡག་པོ་སྤོ་རྒྱུར་ཁྲིད་སྟོན་བྱེད་པ་བཅས་ལ་བརྟེན་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་ཞེས་གསུངས། 
              ལྷ་ས་སློབ་འབྲིང་གི་དབྱིན་ཡིག་དགེ་རྒན་ལི་ཙའེ་ལེང་ལ་གཟིགས་སྐབས་བློ་བཟང་རྒྱལ་མཚན་གྱིས། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་སློབ་གསོའི་བྱ་གཞག་འཕེལ་རྒྱས་ལ་དམིགས་བསལ་གྱི་གཟིགས་སྐྱོང་གནང་ཞིང་། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་ངོ་60འཁོར་བར་ཆེད་མངགས་འཕྲིན་ཡིག་སྤྲིངས་ནས་རྟེན་འབྲེལ་ཞུས་གནང་བ་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་སློབ་གསོའི་བྱ་གཞག་འཕེལ་རྒྱས་གཏོང་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཏེ་སློབ་གསོའི་བྱ་གཞག་ལ་ཐུགས་ཁུར་དང་རྒྱབ་སྐྱོར་ཚད་མེད་གནང་ཡོད། ཚང་མས་ཀུན་སྤྱོད་ལ་བརྟེན་ནས་མི་སྐྱོང་གི་རྩ་བའི་ལས་འགན་མཐའ་འཁྱོངས་བྱས་ཏེ་སློབ་གསོ་སློབ་ཁྲིད་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་ཤེས་ལྡན་པ་གསོ་སྐྱོང་བྱེད་སྟངས་གསར་གཏོད་བྱས་ཏེ་སློབ་མར་ཕུགས་བསམ་དང་དད་སེམས་བརྟན་དུ་གཏོང་བ་དང་། རྒྱལ་གཅེས་རིང་ལུགས་ཀྱི་བརྩེ་སེམས་ཟབ་ཏུ་གཏོང་བ། ཀུན་སྤྱོད་བློ་སྦྱོང་ལ་ཤུགས་སྣོན་རྒྱག་པ། ཤེས་བྱ་དང་མཐོང་རྒྱ་ཆེ་རུ་གཏོང་བ། འབད་འཐབ་ཀྱི་སྙིང་སྟོབས་སྐྱེད་སྲིང་བྱེད་པ། ཕྱོགས་བསྡུས་བྱང་ཚད་མཐོ་རུ་གཏོང་བ་སོགས་ཀྱི་ཐད་ཤུགས་རྒྱག་རྒྱུར་སློབ་གསོ་བཏང་སྟེ་རྒྱལ་ཁབ་དང་། མི་དམངས། དུས་རབས་བཅས་ཀྱི་དགོས་མཁོ་དེ་བས་མང་བ་དང་དེ་བས་ལེགས་པའི་སྒོ་ནས་སྐོང་མཁན་གྱི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
              ལྷ་ས་གྲོང་ཁྱེར་ཚོད་ལྟའི་བུ་བཅོལ་ཁང་ནི“རྒྱལ་གཅེས་ཀྱི་བློ་སྒོ་འབྱེད་པའི་སློབ་གསོའི་རྒྱལ་ཡོངས་ཀྱི་དཔེ་སྟོན་བུ་བཅོལ་ཁང”ཞིག་རེད། གཙང་ཞིང་གྲལ་འགྲིག་ལ་ལྟ་ན་སྡུག་པའི་སློབ་གྲྭར་ཉི་འོད་དྲོ་སྐྱིད་ལྡན་ལ་བྱིས་པའི་སྐད་སྒྲ་ལྷང་ལྷང་དུ་གྲགས། ཆེ་དགྲ་ལྷ་དང་སློབ་སྤྱི་པ་སངས་སྒྲོལ་མ་སོགས་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། སློབ་གཉེར་ཆ་རྐྱེན་དང་སློབ་ཁྲིད་བྱེད་སྒོར་གཟིགས་ཞིབ་ཞིབ་ཚགས་གནང་སྟེ་དགེ་རྒན་ཚོས་སློབ་མ་ཚོར་དཀའ་སྤྱད་འབད་བརྩོན་གནང་བར་ཐུགས་རྗེ་ཆེ་ཞུས་ཤིང་། ཁོང་གིས་བྱིས་པའི་སློབ་གསོ་ནི་མི་ཚེའི་བློ་སྒོ་འབྱེད་པའི་དུས་མཚམས་ཤིག་ཡིན་པ་དང་མི་གཤིས་བཟང་པོ་ཞིག་འཇགས་པ་དང་ཤེས་ལྡན་པར་གྱུར་རྒྱུར་གལ་འགངས་ཆེན་པོ་ལྡན་ཡོད། བྱིས་པའི་སློབ་གསོའི་ལས་དོན་ནི་གཟི་བརྗིད་ཆེ་ལ་མཆོག་ཏུ་གྱུར་པ་ཞིག་ཡིན་སྟབས་དེ་བས་གཅེས་སེམས་དང་། བཟོད་བསྲན། གཟབ་ནན་བཅས་བྱས་ཏེ་ཕྲུ་གུ་ཚོར་སློབ་སྦྱོང་དང་འཚོ་བའི་ཁོར་ཡུག་ཅིག་གཏོད་པ་དང་། ཁོང་ཚོར་མི་ཚེའི་གོམ་པ་དང་པོ་དེ་ཡག་པོ་ཞིག་སྤོ་རྒྱུར་ཁྲིད་སྟོན་བྱས་ནས་དེ་བས་བདེ་ཐང་དང་། དེ་བས་མཛེས་སྡུག་ལྡན་པ། དེ་བས་དོན་སྙིང་ལྡན་པ་བཅས་ཀྱི་མི་ཚེ་ཞིག་སྐྱེལ་འགོ་འཛུགས་རྒྱུར་ཁྲིད་སྟོན་ཡག་པོ་བྱེད་དགོས་ཞེས་གསུངས་པ་དང་། ཁོང་གིས་ལྷ་ས་གྲོང་ཁྱེར་གྱིས་རང་ངོས་ཀྱི་སློབ་གསོའི་ལེགས་ཆ་བེད་སྤྱོད་ཡག་པོ་བྱས་ནས་གཞི་རྩའི་སྤྱི་པའི་སློབ་གསོའི་ཞབས་ཞུའི་མ་ལག་སྔར་བས་འཐུས་སྒོ་ཚང་དུ་གཏོང་བ་དང་། འདྲ་བཟོ་བྱེད་ཆོག་པ་དང་ཁྱབ་གདལ་གཏོང་ཆོག་པའི་བྱིས་པའི་སློབ་གསོའི་ལས་དོན་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས་ནས་བོད་ཀྱི་མི་རབས་རྗེས་མ་དེ་བས་ལེགས་པའི་སྒོ་ནས་གསོ་སྐྱོང་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
              བོད་ལྗོངས་སློབ་ཆེན་དུ་སློབ་ཁྲིད་བྱེད་བཞིན་པའི་བོད་སྐྱོར་དགེ་རྒན་ཞུང་ཧའེ་ཡི་ཁྱིམ་དུ་ཆེ་དགྲ་ལྷས་ཁྱིམ་གྱི་འཚོ་བ་དང་སློབ་ཁྲིད་ཚན་ཞིབ་སོགས་ཀྱི་གནས་ཚུལ་ལ་བྱམས་བརྩེའི་བཀའ་འདྲི་གནང་བ་མ་ཟད། རྒྱ་ཆེའི་བོད་སྐྱོར་དགེ་རྒན་དང་ཁོང་ཚོའི་ནང་མིར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཡང་ཞུས་པ་རེད། ལྗོངས་ཏང་ཨུད་དང་སྲིད་གཞུང་གི་ལས་དོན་ཐད་ཀྱི་བོད་སྐྱོར་དགེ་རྒན་ཚོའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་རྗེས་ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་གནང་བའི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བའི་འགག་རྩ་ནི་ཤེས་ལྡན་པ་དང་སློབ་གསོར་ཐུག་ཡོད། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་བཅངས་ནས་མི་གང་འདྲ་ཞིག་གསོ་སྐྱོང་བྱེད་པ་དང་། ཇི་ལྟར་གསོ་སྐྱོང་བྱེད་པ། སུའི་ཆེད་དུ་གསོ་སྐྱོང་བྱེད་པ་བཅས་ཀྱི་རྩ་བའི་ལས་འགན་དེར་དམ་པོར་དམིགས་ནས་ནང་སའི་སྔོན་ཐོན་གྱི་སློབ་གསོའི་འདུ་ཤེས་དང་བོད་ཀྱི་སློབ་གསོའི་ལག་ལེན་ཁྲོད་ཀྱི་ཉམས་མྱོང་ཡག་པོ་ཟུང་འབྲེལ་ཏན་ཏིག་བྱེད་པ་དང་། “བརྒྱུད་རོགས་འཁྲིད་གསུམ”བྱེད་ཤུགས་ཆེ་རུ་གཏོང་བ། སློབ་གྲྭའི་སློབ་ཁྲིད་ལས་དོན་གྱི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ལ་བརྟེན་ནས་ཀུན་སྤྱོད་དང་། ཤེས་རིག ལུས་རྩལ། མཛེས་རིག ངལ་རྩོལ་བཅས་ཕྱོགས་ཡོངས་ནས་འཕེལ་རྒྱས་འགྲོ་བའི་སྤྱི་ཚོགས་རིང་ལུགས་ཀྱི་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་ཧུར་ཐག་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།
རྩོམ་སྒྲིག་པ། སངས་སྐྱབས།