དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བྱེ་ཐང་སྐྱེད་མོས་ཚལ་ལ་འགྱུར། འབྲོག་པའི་སྙིང་གཏམ་བརྗོད་མི་ཚར།

སྲིན་བུ་རིར་གནས་སྤོས་ནག་ཆུ་མཚོ་གཉིས་རྫོང་གི་འབྲོག་པར་བཅར་འདྲི་ཞུས་པའི་སྐོར་བཀོད་པ།

སྤེལ་དུས 2021-01-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          2020ལོའི་ཟླ་10ཚེས་15ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་བོད་ཀྱི་ལོ་རྒྱུས་རང་བཞིན་ལྡན་པའི་དབུལ་པོ་དབུལ་རྐྱང་གི་མང་ཚོགས་རྣམས་དབུལ་པོའི་གནས་ལས་གྲོལ་ཟིན་པའི་ཁྱབ་བསྒྲགས་བྱས་པ་རེད། དུས་མཚུངས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ས་བབ་ཤིན་ཏུ་མཐོ་བའི་མང་ཚོགས་རྣམས་ལའང་འཚོ་གནས་ཀྱི་ཆ་རྐྱེན་གསར་པ་བསྐྲུན་ཡོད། ཀུན་གྱིས་མཁྱེན་གསལ་ལྟར་ད་ལྟའི་ལྷོ་ཁ་གོང་དཀར་རྫོང་སྲིན་བུ་རི་འབྱུང་ཁམས་གནས་སྤོས་ཁུལ་ནི་དེ་སྔོན་བྱེ་ཐང་ཞིག་ནས་ད་ལྟ་འབྱུང་ཁམས་གནས་སྤོས་ཁུལ་དུ་འགྱུར་ཡོད། གསར་འགོད་པས་བོད་ཀྱི་ས་བབ་ཆེས་མཐོ་སའི་གནས་སྤོས་མང་ཚོགས་ཀྱི་འཚོ་བ་གསར་པར་རྒྱུས་ལོན་བྱེད་སྐབས། ཁོ་ཚོའི་སྔོན་ཆད་ཀྱི་ལོ་རྒྱུས་ལའང་ཤེས་རྟོགས་མི་བྱེད་ཀ་མེད་བྱུང་། དེས་ན་སྔོན་ཆད་ཀྱི་ཕ་ཡུལ་མཚོ་གཉིས་རྫོང་དཀར་མཚོ་ཤང་དམར་པོ་རོང་ནག་གྲོང་ཚོའི་འབྲོག་པ་ཉི་མ་རྒྱལ་པོར་བཅར་འདྲི་ཞུས་པ་ཡིན།

གནས་སྤོས་འབྲོག་པའི་འཚོ་རྟེན་གསར་པ།
          གསོན་པོར་གནས་པའི་ཆེད་དུ།
          ཉི་མ་རྒྱལ་པོ་ལགས་ཀྱིས་བཤད་དོན། ང་རང་གི་མི་ཚེ་འདིར་གནས་སྤོས་ཆེན་པོ་ཐེངས་གཉིས་བརྒྱུད་མྱོང་ཞིང་། ཐེངས་དང་པོ་སྤོ་སྐབས་ང་རང་ལོ་བཅུ་གཅིག་ཙམ་ལས་སླེབས་མེད་ཀྱང་སེམས་ལ་ཅུང་ཟད་དྲན་གྱི་འདུག གནས་སྤོས་དེའི་རྒྱུ་མཚན་གཙོ་བོ་ནི་མི་འབོར་དང་རྩྭ་ཆུའི་འགལ་ཟླ་སེལ་ཆེད་སྐབས་དེའི་ཤན་རྩ་རྫོང་ཁོངས་སུ་གཏོགས་པའི་འབྲོག་ཁུལ་ཁག་གཅིག་1976ལོའི་ལོ་འགོར་བྱང་ཕྱོགས་ཀྱི་མི་མེད་ལུང་སྟོང་ཁུལ་དུ་གནས་སྤོས་ནས་མཚོ་གཉིས་དམིགས་བསལ་སྲིད་འཛིན་ཆུས་བཙུགས་པ་ཕྱིས་སུ་ཤེས་རྟོགས་བྱུང་། དེ་ནི་བྱང་ཐང་གི་འབྲོག་པ་རྣམས་མུ་མཐུད་འཚོ་གནས་ཐུབ་པའི་ཆེད་དུ་ཡིན་པ་འདྲ། ཐེངས་གཉིས་པ་ནི་ན་ནིང་གི་ལོ་མཇུག་ཏུ་སྲིན་བུ་རིའི་འདབས་སུ་སྤོས་པ་དེ་རེད། དེ་ནི་ང་ཚོ་རང་བྱུང་ཁམས་ཀྱི་འཚོ་གནས་ཆ་རྐྱེན་དང་མི་འཚམ་པའི་བྱང་ཐང་འབྲོག་པ་རྣམས་ཀྱི་མི་མུས་རྒྱུད་བཅས་འཚོ་བ་དེ་བས་སྐྱིད་པོ་ཡོང་བའི་ཆེད་དུ་རེད། སྤོ་ཐེངས་དང་པོ་ནི་ས་བབ་མཐོན་པོ་ནས་ཆེས་མཐོ་སའི་མི་མེད་ལུང་སྟོང་དུ་སྤོས་པ་དང་། སྤོ་ཐེངས་གཉིས་པ་ནི་ཧ་ལམ་བར་སྣང་གི་སྤྲིན་པའི་འོག་ནས་གཙང་པོའི་གཞུང་དུ་སྤོས་པ་རེད། སྤོ་ཐེངས་གཉིས་ཀའི་དྲན་ཤེས་རྡོ་ལ་རི་མོ་བརྐོས་པ་ནང་བཞིན་རེད་འདུག
          1976ལོའི་ལོ་འགོར་བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་མི་མེད་ལུང་སྟོང་གསར་སྤེལ་བྱེད་དགོས་པའི་གཏན་འབེབས་དངོས་སུ་བྱས། དེ་ནི་དུས་ཕྱིས་ཀྱི་མཚོ་གཉིས་ཞེས་པའི་ཡུལ་ལུང་དེ་རེད། ད་ལོ་ལོ་56ལ་སླེབས་པའི་འབྲོག་པ་ཉི་མ་རྒྱལ་པོས་དཀར་མཚོ་ཤང་གི་ཕ་གཞིས་རྙིང་པ་དེའི་ལོ་རྒྱུས་ཀྱི་རྣམ་པ་དང་འཚོ་བའི་སྐོར་ངོ་སྤྲོད་གནང་དོན། དེ་ནི་འགྲོ་དགོས་ཟེར་ན་ལམ་སེང་རྡོག་ཐོན་བྱས་པའི་རྒྱང་སྐྱོད་ཅིག་རེད། 1976གི་ལོ་སྟོད་དུ་གནས་སྤོས་དང་པོ་བྱེད་སྐབས་ཕ་མེས་ཚོས་ཤན་རྩའི་ལུང་པ་ནས་གྱེས་ཏེ་ཁྱིམ་ཚང་གི་འཚོ་བའི་མཁོ་ཆས་དང་ཕྲུ་གུ་ཆུང་ཆུང་རྣམས་རྟ་ནོར་གྱི་སྒལ་རྒྱབ་ལ་བཀལ་ནས་བྱང་ཐང་མི་མེད་ལུང་སྟོང་དུ་རྩྭ་ཆུ་འཛོམ་ས་ཞིག་འཚོལ་བར་བསྐྱོད་ཅིང་། དམིགས་ཡུལ་མ་རྙེད་པར་ཉིན་ཉི་ཤུ་རྩ་གྲངས་རིང་ལམ་ཐག་སྤྱི་ལེ་བརྒྱ་ཕྲག་ཁ་ཤས་བསྐྱོད། ཡུལ་ལུང་དེ་ཚོ་ནི་བོད་ཀྱི་སྔ་མོའི་ཞང་ཞུང་རྒྱལ་རབས་སྐབས་སུ་བྱང་ས་རྒྱབ་སྟོང་ཞེས་མིང་གོ་བ་ཙམ་ནས་འཇིགས་སྐྲག་སྐྱེ་དགོས་པའི་གནས་ཤིག་ཡིན་པ་ནི་མདོར་བསྡུས་ན་མིའི་རིགས་ཀྱི་འཚོ་གནས་ཆ་རྐྱེན་འཛོམས་མེད་པ་ཞིག་རེད། ཕ་གཞིས་འདོར་དཀའ་ལ་རང་ཡུལ་ནས་དེ་བས་གྱེས་དཀའ། ཡིན་ནའང་བྱང་ས་རྒྱབ་སྟོང་ལུང་པར་ཚྭ་མཚོ་མང་ལ་རི་སྐྱེས་སྲོག་ཆགས་འཚོ་གནས་བྱེད་སའི་རྩྭ་ཆུ་འཛོམ་སའང་ཡོད་པ་ཕྱིས་སུ་ཤེས་བྱུང་། ཐབས་ལམ་ཁྲི་སྟོང་ཡོད་ཀྱང་རྩྭ་ཆུ་ནི་འབྲོག་པ་འཚོ་གནས་བྱེད་པའི་ལམ་བུ་ཉག་གཅིག་དེ་རེད། ཤན་རྩའི་ཡུལ་དུ་འཚང་ཁ་རྒྱག་པ་ལས། བྱང་ནས་བྱང་དུ་རྩྭ་ཆུ་འཚལ་བ་དགའ། རླངས་འཁོར་ཟེར་བ་མིང་ཙམ་མེད་ལ་གཞུང་ལམ་ནི་དེ་བས་མེད། འབྲོག་པ་མང་ཚོགས་ཚོས་ཡར་གུང་གི་ཉི་ཟླ་སྐར་གསུམ་ལ་བལྟས། མར་ལ་ས་གཞིའི་རྩྭ་ཆུ་འཛོམ་ལོས་བལྟས། བཟའ་མི་བུ་ཕྲུག་རྒྱབ་ལ་འཁྲིད། རྟ་ནོར་ལུག་གསུམ་མདུན་ལ་དེད། ཟླ་གཅིག་གི་རྒྱང་སྐྱོད་བྱས་རྗེས་སུ་ཁོ་ཚོར་ཕ་གཞིས་གསར་པ་ཞིག་རྙེད་ཙམ་བྱུང་། དོན་དུ་ཕ་གཞིས་གསར་པ་དེ་རྩྭ་ཆུ་འཛོམས་པ་ཙམ་ལས་མིའི་རིགས་ལ་བྱམས་སྐྱོང་དེ་ཙམ་མེད། རྒྱུ་མཚན་ནི་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྨི་5000གི་ས་དང་། གསོ་རླུང་གི་འདུས་ཚད་ནི་ནང་སའི་བརྒྱ་ཆ་40ཙམ་ལས་མེད། ལོ་རེའི་རླུང་དམར་རིམ་པ་8ཡན་གྱི་ལྡང་ཚད་ཉིན་གྲངས་200ལྷག་ཟིན་པས་ཚེ་སྲོག་གསོན་མི་ཐུབ་པའི་ས་ཆར་འབོད།
          སྐབས་དེ་དུས་འབྲོག་པ་ཉི་མ་རྒྱལ་པོའི་ཕ་ཡུལ་དཀར་མཚོ་ཤང་དམར་པོ་རོང་ནག་གྲོང་ཚོ་ཕུད། ད་དུང་ཤང་ཁ་ཤས་ཀྱི་འབྲོག་པ་མི་གྲངས་སྟོང་ཚོ་ཟིན་པ་རྣམས་སྔ་རྗེས་སུ་གཞི་ཁྱོན་སྤྱི་ལེ་ངོས་སྙོམས་གྲུ་བཞི་ཁྲི་ཚོ་12ཟིན་ཞིང་། ཧའེ་ནན་གླིང་ཕྲན་གསུམ་ཙམ་ལས་ཆེ་བའི་གདོད་མའི་བྱང་སྟོང་དེ་རུ་སྤོས་འོང་། དེ་རྗེས་ས་དེ་རུ་མཚོ་གཉིས་དོན་གཅོད་ཁུལ་ཞེས་པ་བཙུགས་པ་དང་། 2012ལོར་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་སྤྲད་པ་བརྒྱུད་མཚོ་གཉིས་རྫོང་དངོས་སུ་བཙུགས་ཏེ་རང་རྒྱལ་གྱི་ལོ་ན་ཕྲ་ཤོས་དང་ས་བབ་མཐོ་ཤོས་ཀྱི་རྫོང་ལ་གྱུར། ལས་དབང་ནི་རྟག་ཏུ་འབད་འཐབ་བྱེད་མཁན་ལ་ངོ་དགའ་ཕྱོགས་ཞེན་ཡོད་པས། རིམ་བཞིན་ཁོ་ཚོའི་ཕ་གཞིས་གསར་པ་དེ་ལ་ཁྱིམ་གཞིས་ཀྱི་སྒྲོམ་གཞི་ཆགས་པ་དང་གཞུང་ལམ་ཤར་གཏོང་ཐུབ། གློག་གི་ནུས་ཁུངས་ཡོད་ཅིང་། སྦྲ་གུར་རྣམས་རིམ་བཞིན་ས་ཕག་གི་ཁང་པར་གྱུར་པ་རེད།
          “ང་ཚོའི་ཕ་ཡུལ་གསར་པ་དེ་ཕྱིས་སུ་བོད་ཀྱི་ས་བབ་མཐོ་ཤོས་ཀྱི་རྫོང་ཞིག་ཏུ་གྱུར། ཡིན་ནའང་དབུས་གཙང་ཁུལ་དང་བསྡུར་ན་འགྲིམ་འགྲུལ་གྱི་ས་ཐག་ཧ་ཅང་རིང་། དེས་མ་ཚད་མང་ཚོགས་རྣམས་ལ་ཆ་བཞག་ན་འབྲོག་ལས་རྐྱང་པ་ཡིན་པའི་ཁར་ས་ཐག་རིང་ལ་ཁྲོམ་རར་ཞུགས་ཚད་དམའ་བས་དཔལ་འབྱོར་གོང་འཕེལ་འགྲོ་ཁག་པོ་ཆགས། ང་ཚོས་འབྲོག་ལས་མཉམ་གཉེར་ཡུན་རིང་བྱས་པ་དང་། དེའི་སྟེང་ལ་ངལ་རྩོལ་ནུས་ཤུགས་ཡོད་པའི་མང་ཚོགས་ཁག་གཅིག་གིས་འགྲིམ་འགྲུལ་སྐྱེལ་འདྲེན་ལྟ་བུའི་ཡོང་འབབ་གསོག་པ་ལས་ཁ་ཐག་རིང་བའི་བྱང་ཐང་ལ་དངུལ་སྨར་གྱི་ཡོང་སྒོ་དཀོན་ཙམ་རེད། ལྷག་པར་དུ་ས་བབ་མཐོ་བའི་རྐྱེན་གྱིས་འབྲོག་པ་མང་ཚོགས་ལ་ས་མཐོའི་རང་བཞིན་གྱི་ཁྲག་ནད་དང་གྲུམ་བུའི་ནད་གཞི་མང་པོ་ཕོག་ཡོད”ཅེས་འབྲོག་པ་ཉི་མ་རྒྱལ་པོས་བཤད།

གནས་སྤོས་འབྲོག་པ་ཉི་མ་རྒྱལ་པོའི་ནང་མི་དང་བཅས་པ།
          མི་ཚེ་བདེ་སྐྱིད་ཡོང་བའི་ཆེད་དུ།
          མཚོ་གཉིས་རྫོང་གི་མང་ཚོགས་རྣམས་2019ལོའི་ལོ་མཇུག་ཏུ་གནས་སྤོ་ཐེངས་གཉིས་པ་བྱས་ཤིང་། གསར་འགོད་པས་ད་ཆའི་སྲིན་བུ་རི་གནས་སྤོས་ཁུལ་གྱི་གནས་ཚུལ་ཞིབ་ཕྲར་རྒྱུས་ལོན་བྱ་ཆེད། སྲིན་བུ་རི་འབྱུང་ཁམས་གནས་སྤོས་བདེ་སྡོད་ཁུལ་གྱི་ལས་དོན་པ་ངག་དབང་བྱམས་པར་བཅར་འདྲི་ཞུས་པ་ཡིན། ཁོང་གིས་གསུངས་དོན། ང་ཚོའི་སྲིན་བུ་རི་བདེ་སྡོད་ཁུལ་དུ་ད་ཡོད་ནག་ཆུ་གྲོང་ཁྱེར་ཁོངས་ཀྱི་ས་བབ་མཐོ་བའི་མཚོ་གཉིས་དང་ཨ་མདོ་རྫོང་གཉིས་ཀྱི་ཤང་བཞི་དང་སྲིད་འཛིན་གྲོང་ཚོ་13གྱི་ཐེམ་དུད་957དང་མང་ཚོགས་4058གནས་སྤོས་བྱས་ཡོད། བདེ་སྡོད་ཁུལ་གྱི་བཀོད་འདོམས་པུའི་གཤམ་འོག་ལ་ཉེན་རྟོག་ཞབས་འདེགས་ཁུལ་དང་། འཕྲོད་བསྟེན་ཁང་། སློབ་ཆུང་། བུ་བཅོལ་ཁང་བཅས་ཡོད་ལ། ད་དུང་ངལ་ནུས་མངགས་གཏོང་ཀུང་སི་དང་བདེ་ལས་འཕྲོད་བསྟེན་ཀུང་སི། སྔོ་ལྗང་གསོ་སྐྱོང་ཀུང་སི་སོགས་ཀྱང་བཙུགས་ཡོད་ཅེས་གསུངས།
          “གནས་སྤོས་མང་ཚོགས་རྣམས་བྱང་ཐང་གི་འབྲོག་ཁུལ་དང་མི་འདྲ་བའི་ཁོར་ཡུག་གསར་རྐྱང་ཞིག་དུ་སླེབས་པ་རེད། བྱས་ཙང་ཁོ་ཚོར་ཡང་ཡུལ་ལུང་གི་ས་ཆུ་དང་དབུས་ཁུལ་གྱི་ཡུལ་སྲོལ་གོམས་གཤིས་འཕྲོད་པའི་བརྒྱུད་རིམ་ཞིག་ཡོད། དེའི་ཁྲོད་དུ་ང་ཚོས་ཁོ་ཚོར་དེང་རབས་ཀྱི་འཚོ་བའི་རྒྱུན་ཤེས་སོགས་ཀྱི་སློབ་གསོ་དང་། རྟག་པར་བདེ་འཇགས་ཀྱི་གནད་དོན་ལ་དྲན་སྐུལ་བྱེད་པ། སྤྱི་འབངས་ཀྱི་གཙང་སྦྲ་དང་མི་སྒེར་གྱི་ཀུན་སྤྱོད་སོགས་ལ་དྲན་སྐུལ་ཡང་ཡང་བྱེད་ཀྱི་ཡོད། དེ་བཞིན་ཁོ་ཚོར་སྐྱིད་འདོད་སྒུལ་འཚེར་གྱི་བསམ་བློ་དོར་ནས་ངལ་རྩོལ་ནི་གཟི་བརྗིད་དང་ངལ་རྩོལ་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བར་རོལ་དགོས་པའི་མངག་ཆ་བྱེད་ཀྱི་ཡོད། ང་ཚོ་བཀོད་འདོམས་པུའི་ལས་དོན་པ་ཡོངས་ཀྱིས་ཁྱིམ་ཚང་རེ་རེ་བཞིན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པས་ད་ལྟ་གནས་སྤོས་མང་ཚོགས་ཚོའི་སེམས་ཁམས་ལྷོད་ལ་བབས་ཡོད་པ་དང་། ངལ་རྩོལ་ནུས་ཤུགས་མི་གྲངས་2119ཙམ་ཡོད་པའི་བསམ་བློ་ལའང་རིམ་གྱིས་འགྱུར་ལྡོག་བྱུང་སྟེ། རང་གི་ལག་པ་གཉིས་ལ་བརྟེན་ནས། བདེ་སྐྱིད་ལྡན་པའི་འཚོ་བ་གསར་པ་གཏོད་བཞིན་ཡོད། ལྷག་པར་དུ་ངལ་རྩོལ་ནུས་ཤུགས་མང་བའི་ཁྱིམ་ཚང་འགའ་རེར་ཡང་ལོའི་ཡོང་འབབ་སྒོར་ཁྲི་20ལྷག་ཡོང་གི་ཡོད། དེ་བཞིན་གནས་སྤོས་ཤང་བཞིར་ཁྱོན་སློབ་ཕྲུག་1196ཙམ་ཡོད་པ་ཚང་མ་བདེ་ཞིང་སྐྱིད་པའི་སློབ་གྲྭར་ཤེས་བྱ་རིག་གནས་སྦྱོང་བཞིན་ཡོད”ཅེས་ངག་དབང་བྱམས་པས་ངོ་སྤྲོད་བྱས།
          གནས་སྤོས་བདེ་སྡོད་ཁུལ་གྱི་མང་ཚོགས་ཚོའི་ལས་ཞུགས་དང་ཡོང་འབབ་གསོག་སྟངས་སྐོར་ལ་བཅར་འདྲི་ཞུ་སྐབས་ངག་དབང་བྱམས་པ་ལགས་ཀྱིས་བཤད་དོན། “ད་ལྟའི་གནས་སྤོས་ཀྱི་བར་བརྒལ་དུས་སྐབས་ངོས་ནས་ཆ་བཞག་ན་མང་ཚོགས་ཀྱི་ཡོང་འབབ་ཡོང་སྒོ་གཙོ་བོ་ནི་ཕ་གཞིས་རྙིང་པའི་འབྲོག་ལས་ཐོན་སྐྱེད་ཡིན་པ་དང་། ད་དུང་བདེ་སྡོད་ཁུལ་གྱི་འབྲས་ཤིང་ར་བ་དང་། ངལ་ནུས་མངགས་གཏོང་ཀུང་སི། བདེ་ལས་འཕྲོད་བསྟེན་ཀུང་སི། སྔོ་ལྗང་གསོ་སྐྱོང་ཀུང་སི། བདེ་སྡོད་ཁུལ་གྱི་ཚོང་ལས་ཁྲོམ་ལམ་སོགས་ལ་ལས་ཞུགས་བྱས་པའི་ཡོང་འབབ་ཡོད། དེ་བཞིན་ད་ཡོད་བདེ་སྡོད་ཁུལ་གྱི་ཀུང་སི་ཁག་གསུམ་པོ་དེ་ཚོའང་རྒྱུན་མཐུད་ནས་ཚད་ལྡན་ལུགས་མཐུན་དང་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་སྦྱོར་བརྡར་སྤྲོད་པ་ལ་སོགས་པའི་ཐད་ལའང་ཤུགས་སྣོན་རྒྱག་དང་རྒྱག་བཞིན་པའི་སྒང་རེད”
          “འབྲས་ཤིང་ར་བའི་ནང་དུ་ན་ནིང་གི་ཟླ་བ་དང་པོ་ནས་ད་ཆའི་བར་དུ་མང་ཚོགས་མི་ཐེངས་3754ཙམ་ལས་ཀ་བྱས་པའི་ཡོང་འབབ་སྒོར་ཁྲི་ 60ཙམ་བྱུང་ཡོད། དེ་བཞིན་ཀུ་ཤུའི་སྡོང་པོའི་ཐོན་འབབ་མཐོ་ཤོས་ལ་སླེབས་དུས་སྔོན་རྩིས་བྱས་ན་འབྲས་ཤིང་ར་བ་ཁྱོན་ཡོངས་ཀྱི་ཐོན་འབབ་ཧ་ལམ་ཏུན་2880ཟིན་ཏེ། དཔལ་འབྱོར་ཡོང་འབབ་སྒོར་ཁྲི་1700ཟིན་གྱི་ཡོད། དེ་བཞིན་ཤིང་འབྲས་གཅིག་པུ་མ་ཡིན་པར་ནགས་གསེབ་གསོ་ཚགས་ལས་རིགས་སྤེལ་རྩིས་ཡོད་པའི་ཞོར་སྣོན་དཔལ་འབྱོར་གྱི་ཕན་འབྲས་ཆེན་པོ་ཐོན་གྱི་ཡོད། བྱས་ཙང་འབྲས་ཤིང་ར་བའི་རྣམ་གྲངས་དེའི་ལོ་རེའི་ཡོང་འབབ་ཧྲིལ་པོ་ནས་བརྒྱ་ཆ་65ཙམ་གནས་སྤོས་མང་ཚོགས་མཉམ་སྡེབ་ལ་འཐོབ་པ་དང་དེ་འཕྲོས་བརྒྱ་ཆ་35ཙམ་ཁེ་ལས་ལ་འཐོབ་ཀྱི་ཡོད”ཅེས་ངག་དབང་བྱམས་པས་འབྲས་ཤིང་ར་བའི་དཔལ་འབྱོར་གྱི་ཕན་འབྲས་ཐད་ལ་ངོ་སྤྲོད་བྱས་བྱུང་།

ཤིང་འབྲས་འཐུ་བཞིན་པའི་འབྲོག་མོ།
          སྐྱིད་སྣང་ལྷུག་གླེང་།
          སྲིན་བུ་རིའི་གནས་སྤོས་མང་ཚོགས་ཀྱི་ཁྱིམ་དུ་ཉི་འོད་དྲོ་ཞིང་འཇམ་ལ་ཕྱི་ནང་གུ་ཡངས་ཤིང་དཀར་ཆ་དོད། བྱང་ཐང་གི་འབྲོག་ཆས་མི་གྱོན་པར་བསིལ་ཆས་སྤྲས་པའི་འབྲོག་པ་ཉི་མ་རྒྱལ་པོའི་བྱད་བཞིན་ནི་དཀར་ལ་དམར་མདངས་རྒྱས། གསར་འགོད་པར་ཁོང་ཐོག་མར་མཇལ་སྐབས་ཧ་ལམ་གྲོང་ཁྱེར་ནང་གི་རྒན་ཡོལ་ཞུས་པའི་ལས་བྱེད་པ་ཞིག་དང་ནོར་བཟོ་ཆེ། ང་ཚོས་ཁོང་ལ་ན་ནིང་སྟོན་ཁ་སྲིན་བུ་རི་འབྱུང་ཁམས་བདེ་སྡོད་ཁུལ་དུ་ཀུ་ཤུ་ལ་སོགས་པའི་ཤིང་འབྲས་འཐུ་བའི་དུས་ཆེན་འཁྲུག་པོ་ཞིག་གཉེར་བར་དྲན་གསོ་གནང་རོགས་ཞུ་སྐབས་ཁོང་གིས་བཤད་དོན། “དུས་ཆེན་ཧ་ཅང་འཁྲུག་ཆ་ཆེ་བ་ནི་ངས་མིག་མཐོང་ལག་ཟིན་བྱུང་། དེ་ནི་ང་ཚོའི་སྲིན་བུ་རིའི་བདེ་སྡོད་ཁུལ་གྱི་འབྲས་བུ་ཐོག་མར་བསྡུས་པ་དེ་རེད། སྔོན་ཆད་ང་ཚོའི་ཕ་ཡུལ་ལ་ཆ་བཞག་ན་ཡངས་བའི་རྩྭ་ཐང་ལས་རྩི་ཤིང་སྤྱིར་ན་སྐྱེ་མི་ཐུབ། ད་ཆ་བདེ་སྡོད་ཁུལ་དུ་མང་ཚོགས་ཚོས་འདེབས་རྩལ་སྦྱོང་བ་དང་། འབྲས་ཤིང་དང་སྔོ་ཚལ་ལ་སོགས་པར་གཡོག་བྱེད་བྱས་ནས་ཡོང་འབབ་གསོག་ཐུབ་ཀྱི་ཡོད། ངའི་བུ་སྐལ་བཟང་དཔལ་འབྱོར་འབྲས་ཤིང་ར་བར་ལས་ཀ་བྱེད་པ་དང་ལག་རྩལ་སྦྱོང་ཞོར་གླ་ཆ་ལེན་གྱི་ཡོད། ཤིང་འབྲས་ཀྱི་བྲོ་བ་ཧ་ཅང་ཞིམ་པོ་ཡོད་པ་དེ་ནི་བཀྲ་ཤིས་པའི་རྟེན་འབྲེལ་འགྲིགས་པ་རང་རེད”ཅེས་བཤད།
          གནས་སྤོས་མང་ཚོགས་ཚོའི་ཕ་གཞིས་གསར་རྙིང་གི་ས་བབ་མཐོ་ཚད་ལ་ཧ་ལམ་སྨི་1000ལྷག་ཙམ་གྱི་ཧེ་བག་ཡོད། འབྲོག་པ་ཉི་མ་རྒྱལ་པོས་ཡར་ཀླུང་གཙང་འགྲམ་གྱི་ཁྱིམ་གཞིས་གསར་པར་སྤོས་པའི་རྗེས་ཀྱི་སྐྱིད་སྣང་ལྷུག་གླེང་བྱས་དོན། “སྲིན་བུ་རི་བདེ་སྡོད་ཁུལ་དུ་སྤོས་རྗེས་མངོན་གསལ་དོད་ཤོས་ནི་ང་རང་གི་གཟུགས་པོ་བདེ་སང་སང་ཞིག་ཆགས་སོང་། སྔོན་མ་ང་རང་ལ་ཁྲག་ཤེད་ཀྱི་ན་ཚ་ཡོད་ཀྱང་འདི་གར་སྤོས་རྗེས་གཟུགས་པོ་དང་འཚོ་བའི་ཐད་མི་འཕྲོད་པ་གང་ཡང་མི་འདུག ད་ཆ་འདི་གར་འགྲིམ་འགྲུལ་གྱི་ཆ་རྐྱེན་ལེགས་པ་དང་། སློབ་གསོ་དང་སྨན་བཅོས་ཆ་རྐྱེན་ཧ་ཅང་ལེགས་པོ་འདུག སྲིད་གཞུང་གིས་ང་ཚོར་སྡོད་སྣང་སྐྱིད་པའི་ཁང་པ་བགོས་པ་དང་། ད་དུང་ངལ་རྩོལ་ནུས་ཤུགས་ཡོད་མཁན་ལ་ལས་ཀའང་བཀོད་སྒྲིག་བྱས་ཏེ་ཡོང་འབབ་གསོག་ས་ཡོད། ང་རང་གི་ནང་ལ་ཆ་མཚོན་ན་ནང་མི་དགུ་ཙམ་ཡོད་ཀྱང་ཚ་བོ་ཚ་མོ་རྣམས་ས་ཐག་ཉེ་སར་སློབ་གྲྭར་འགྲོ་བ་དང་། བཟའ་ཟླས་འཚེམ་བཟོའི་མཉམ་ལས་ཁང་དུ་ལས་ཀ་བྱེད་པ། རང་ཉིད་ཀྱིས་ས་འདེགས་འཕྲུལ་འཁོར་གཉིས་ཡོད་པ་དེ་ཚོར་ཁ་ལོ་བ་གླས་ནས་བཀོལ་སྤྱོད་བྱས་ཏེ་ཡོང་འབབ་གསོག་གི་ཡོད། སྤྱིར་བཏང་ལོ་རེར་ཡོང་འབབ་ཆ་སྙོམས་སྒོར་ཁྲི་ཉི་ཤུ་ལྷག་ཙམ་ཡོང་གི་འདུག ད་དུང་ངའི་བུ་སྐལ་བཟང་དཔལ་འབྱོར་བདེ་སྡོད་ཁུལ་གྱི་འབྲས་ཤིང་ར་བར་ལས་ཀ་བྱེད་ཀྱི་ཡོད་པས། གཏན་འཇགས་ཀྱི་གླ་ཕོགས་ཡོད། ཏང་དང་སྲིད་གཞུང་གིས་ང་ཚོར་དཔེ་མི་སྲིད་པའི་གཟིགས་སྐྱོང་དང་ཆ་རྐྱེན་བཟང་པོ་འདི་འདྲ་བསྐྲུན་གནང་བས། ད་ཆ་ཧ་ཅང་སྐྱིད་པོ་འདུག”ཅེས་བཤད།

 གནས་སྤོས་འབྲོག་པའི་འཚོ་རྟེན་གསར་པ།
རྩོམ་སྒྲིག་པ། བདེ་སྒྲོལ།