དགུན་དུས་བོད་ལྗོངས་སུ་གནས་སྐོར་དུ་ཡོང་མཁན་རིམ་བཞིན་ཇེ་མང་དུ་གྱུར། གྲོང་ཚོར་དགུན་ཁའི་གུང་གསེང་གི་གསབ་སྦྱོང་འཛིན་གྲྭ་གཉེར་བ། མཚོ་སྔོན་གྱིས་ཆུ་བོ་དང་མཚོའི“གང་བྱུང་བཞིའི” གནད་དོན་756དག་ཐེར་བྱས་པ། བདེན་འཚོལ་དུས་དེབ་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་ལོ་རྒྱུས་དངོས་གཙོ་རིང་ལུགས་རྒྱུན་འཁྱོངས་ཀྱིས་དེང་རབས་ཀྲུང་གོའི་མར་ཁེ་སི་རིང་ལུགས་འཕེལ་རྒྱས་ཀྱི་མཐོ་ཚད་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་ཞེས་པ་སྤེལ་བ། བོད་རང་སྐྱོང་ལྗོངས་སྲིད་གྲོས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པ་གཟབ་རྒྱས་ངང་འགོ་ཚུགས་པ། མང་ཚོགས་ཀྱི“མགྲིན་ཚབ་པ”ཡག་པོ་ཞིག་བྱེད་ཀྱི་ཡིན། “པེ་ཅིང་དུ་འཛོམས་པ”ཞེས་པའི་སྐབས་དང་པོའི་རྒྱལ་སྤྱིའི་ཐང་གའི་སྒྱུ་རྩལ་འགྲེམས་སྟོན་དང་འཛམ་གླིང་ཐང་གའི་སྒྱུ་རྩལ་ཚོགས་ཆེན་པེ་ཅིང་དུ་གཟབ་རྒྱས་ངང་སྤེལ་བ། 2019ལོའི་རྒྱལ་ཡོངས་ཕུལ་བྱུང་དགེ་རྒན་གྱི་གཟེངས་རྟགས་ཐོབ་མཁན་དགེ་རྒན་ལྷ་རྩེ་རྒྱལ། “ཕྱིར་སྐྱོད་དཀའ་བའི”དཀའ་གནད་བསལ་བས་མང་ཚོགས་ལ་སྟབས་བདེ་བྱུང་བ། མང་ཚོགས་ཚོའི་བདེ་ཐང་གི་སྲུང་སྐྱོང་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཚོགས་འདུ་དེ་ནི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་ལམ་ཚད་རྡོ་རིང་དང་པོར་གྱུར་ཡོད།

སྤེལ་དུས 2021-04-16 ཡོང་ཁུངས། ཤིན་ཧྭ་གསར་འགྱུར་ཁང་། རྩོམ་པ་པོ།
        ཟླ་4པ་ཤར་བས་ལྷ་སར་དཔྱིད་དཔལ་རབ་ཏུ་བཞད་ཅིང་། ལོ་86ལ་སླེབས་པའི་བགྲེས་སོང་རིག་འཛིན་ཉིན་ལྟར་ཕོ་བྲང་པོ་ཏ་ལའི་ཐང་ཆེན་དུ་འཆམ་འཆམ་དུ་འགྲོ་ཡི་ཡོད། ཐང་ཆེན་གྱི་ཁ་སྤྲོད་དུ་ཕོ་བྲང་པོ་ཏ་ལ་འགྱིང་ངེར་གནས་ཤིང་། མཐའ་འཁོར་དུ་རྩྭ་རྩི་ཤིང་དང་། ཆུ་དྭངས་གཙང་། གྱེན་འཕྱུར་ཆུ་མིག་བཅས་ཡོད་པས་ཁོར་ཡུག་གཙང་ཞིང་ཡིད་དབང་འཕྲོག་པ་ཞིག་སྣང་།
        1995ལོའི་ཟླ་8པར་བསྐྲུན་པའི་ཕོ་བྲང་པོ་ཏ་ལའི་ཐང་ཆེན་ནི་1994ལོའི་ཟླ་7པར་འཚོགས་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར་གཏན་འཁེལ་བྱས་པའི་བོད་སྐྱོར་རྣམ་གྲངས་62ཀྱི་གྲས་ཤིག་རེད།
        ལོ་20ལྷག་ཙམ་རིང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར་གཏན་འཁེལ་བྱས་པའི“ལྟེ་བ་གཅིག་དང་། དོན་ཆེན་གཉིས། འགན་ལེན་གསུམ”བཅས་ཀྱི་མཛུབ་ཁྲིད་མཛད་ཕྱོགས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་སྐབས་རིམ་བྱུང་ཐོག་དུས་བབ་ཀྱི་འགྱུར་ལྡོག་ལ་གཞིགས་ནས་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་དང་འཕེལ་རྒྱས་བཏང་བས། བོད་དུ་སྤྱི་ཚོགས་ལོ་རྒྱུས་འཕེལ་རིམ་གྱི་རླབས་ཆེན་མཆོང་སྐྱོད་མངོན་འགྱུར་བྱུང་ནས་དབྱར་མཚོ་རྒྱས་པ་ལྟ་བུའི་འཕེལ་རྒྱས་བྱུང་བའི་བོད་ལྗོངས་གསར་པ་ཞིག་འཛམ་གླིང་གི་ཡང་རྩེར་འགྱིང་ངེར་གནས་ཡོད།
        རྨང་གཞི་འདིང་བ།
        བོད་ཀྱི་ས་གནས་ཁག་གི་ཁྲོམ་གཞུང་དུ་སྐྱོད་སྐབས་སྤུན་ཟླའི་ཞིང་ཆེན་དང་གྲོང་ཁྱེར་གཞན་དག་གི་མིང་བཏགས་པའི་གཞུང་ལམ་རྟག་ཏུ་མཐོང་རྒྱུ་ཡོད་དེ། པེ་ཅིང་ལམ་དང་། ཀོང་ཧྥུའུ་ལམ། ཧྲང་ཧའེ་ལམ་སོགས་མངོན་གསལ་ཆེན་པོ་མེད་པའི་ལམ་མིང་འདི་དག་ལས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པར་གཏན་འཁེལ་བྱས་པའི་ཁ་གཏད་བོད་སྐྱོར་ལམ་སྲོལ་གྱིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ལོ་རྒྱུས་ཞིབ་པར་བརྗོད་ཡོད།
        འདི་ལོ་ལོ་63ལ་སླེབས་པའི་ཁྲེ་མིང་ཧོའེ་ཡིས་བོད་དུ་སློབ་གསོ་དང་། དྲིལ་བསྒྲགས། སྤྱི་ཚོགས་ཚན་རིག་ཞིབ་འཇུག་བཅས་ཀྱི་ལས་དོན་ལོ་30ལྷག་ཙམ་བསྒྲུབས་ཡོད་ཅིང་། བོད་ལྗོངས་སྤྱི་ཚོགས་ཚན་རིག་ཁང་གི་ཏང་ཨུད་ཀྱི་ཧྲུའུ་ཅིའི་འགན་འཁུར་མྱོང་ཡོད་ལ། བོད་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་འཚོལ་ཞིབ་འཕེལ་རིམ་གྱི་དཔང་པོའང་བྱས་ཡོད།
        ཁོང་གིས་ངོ་སྤྲོད་བྱས་དོན། དུས་རབས་གོང་མའི་ལོ་རབས་80པར་བོད་ཀྱི་སྤྱི་ཚོགས་ལ་རྙོག་འཛིང་ཆེ་བའི་རྣམ་པ་སྣ་ཚོགས་འཕྲད་ཡོད། དོན་དངོས་དང་དེ་བས་འཚམ་པའི་བོད་ཀྱི་སྲིད་ཇུས་བཟོ་ཆེད། 1994ལོའི་ཟླ་7པར། ཀྲུང་དབྱང་གིས་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པ་འཚོགས་པ་རེད།
        ཚོགས་འདུའི་ཐོག་དཔལ་འབྱོར་འཛུགས་སྐྲུན་ལྟེ་བར་བྱེད་རྒྱུ་མཐའ་འཁྱོངས་དང་། དཔལ་འབྱོར་འཕེལ་རྒྱས་དང་དུས་བབ་བརྟན་ལྷིང་གི་དོན་ཆེན་གཉིས་ལ་དམ་འཛིན་ལྷོད་མེད། བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་འགན་ལེན་དང་། སྤྱི་ཚོགས་ཕྱོགས་ཡོངས་ནས་ཡར་ཐོན་དང་ཡུན་རིང་བདེ་འཁོད་འགན་ལེན། མི་དམངས་ཀྱི་འཚོ་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་རྒྱུ་འགན་ལེན་སོགས་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་མཛད་ཕྱོགས་གཏན་འཁེལ་བྱས་པ་དང་། “ཁག་བགོས་འགན་འཁུར་དང་། ཁ་གཏད་རོགས་སྐྱོར། དུས་བཀག་བརྗེ་རེས”བཅས་བོད་སྐྱོར་གྱི་ཐབས་ཇུས་གལ་ཆེན་བཏོན་པ།
        ཆབ་སྲིད་ཐད་ཏཱ་ལའི་རུ་ཚོགས་དང་འཐབ་རྩོད་བྱེད་པའི་དར་ཆ་གསལ་པོར་སྒྲེང་བ། འགྲིམ་འགྲུལ་དང་། འཕྲིན་གཏོང་། ཞིང་འབྲོག་ལས། སྤྱི་ཚོགས་བྱ་གཞག་བཅས་ཚུད་པའི་གཙོ་གནད་འཛུགས་སྐྲུན་རྣམ་གྲངས་62དང་གཟིགས་སྐྱོང་སྲིད་ཇུས་ཁག་8གཏན་འཁེལ་བྱས་ཡོད།
        “ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་གསུམ་པས་འཐབ་ཇུས་ཀྱི་ཁྱོན་ཡོངས་ཀྱི་མཐོ་ཚད་ནས་བོད་ཀྱི་དོན་དངོས་ལ་གཞིགས་ཏེ། བོད་ཀྱི་ལས་དོན་གྱི་འཐབ་ཇུས་ཀྱི་གནས་བབ་ལ་ངོས་འཛིན་གཅིག་གྱུར་བྱས་པ་དང་། དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་མཛད་ཕྱོགས་ཁ་གསལ་བཟོས་པ། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱིའི་དམིགས་ཚད་བཏོན་པ་བཅས་ལ་བརྟེན་ནས། ཀྲུང་དབྱང་གི་བོད་ཀྱི་ལས་དོན་ཁྲོད་གནས་བབ་གལ་ཆེན་བཟུང་ཡོད་པས། ཚོགས་འདུ་དེ་ནི་དུས་སྐབས་གསར་པའི་བོད་ཀྱི་ལས་དོན་གྱི་ལམ་ཚད་རྡོ་རིང་དང་པོར་གྱུར་ཡོད”ཅེས་ཁྲེ་མིང་ཧོའེ་ཡིས་བརྗོད།
        རྡོག་ཐོན།
        དུས་རབས་20པའི་ལོ་རབས་90པར་ལྷ་ས་རྗེ་འབུམ་སྒང་སྡེ་ཁུལ་གྱི་རིག་འཛིན་ལྷ་ས་གྲོང་ཁྱེར་འཛུགས་སྐྲུན་རུ་ཁག་གསུམ་པའི་བཟོ་པར་གྱུར། “སྐབས་དེ་དུས་ས་རྡོའི་ཁང་པར་སྡོད་ཀྱི་ཡོད་པས་ཆར་པ་འབབ་སྐབས་ཐིགས་པ་རྒྱག་པ་དང་། སྒོ་ར་གཅིག་ལ་གསང་སྤྱོད་གཅིག་ལས་མེད་པའི་ཁར་ཆུ་འགྲོ་ཡང་ཡག་པོ་མེད་པས་སྒོ་ར་ཧྲིལ་པོར་དྲི་ངན་ཧ་ཅང་ཆེན་པོ་ཡོད”ཅེས་ཁོང་གིས་བརྗོད།
        ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་པེ་ཅིང་གི་བོད་སྐྱོར་ལས་དོན་རུ་ཁག་གིས་མ་དངུལ་ཐེངས་གསུམ་བཏང་སྟེ་བསྐྱར་སྐྲུན་བྱས་པ་བརྒྱུད། རྗེ་འབུམ་སྒང་སྡེ་ཁུལ་དུ་གློག་དྲ་སྤྱོད་འགོ་ཚུགས་པ་དང་། ཁོར་ཡུག་མཛེས་སུ་ཕྱིན་པ། ཆུ་ཀ་ལ་དུད་ཚང་དུ་ཁྲིད་པ་སོགས་མངོན་འགྱུར་བྱུང་ཞིང་། འགྲོ་ལམ་མཁྲེགས་གྱུར་དང་སྔོ་འགྱུར་གྱི་འདུ་འགོད་ཀྱང་གཅིག་རྗེས་གཉིས་མཐུད་ངང་ལེགས་གྲུབ་བྱུང་ནས་སྡོད་སའི་ཁོར་ཡུག་ཇེ་ལེགས་སུ་ཕྱིན་ཡོད།
        “1995ལོ་ནས་2000ལོའི་ལོ་མཇུག་བར། ཀྲུང་དབྱང་གི་འབྲེལ་ཡོད་པུའུ་ཨུད་དང་ཁ་གཏད་རོགས་སྐྱོར་བྱེད་མཁན་ཞིང་ཆེན་དང་གྲོང་ཁྱེར་གྱིས་མ་དངུལ་སྒོར་དུང་ཕྱུར་40བཏང་ནས་བོད་སྐྱོར་ལས་གྲྭ་62བསྐྲུན་ཡོད། དེའི་རིང་རྒྱལ་ཁབ་ཀྱིས་སླར་ཡང་མ་དངུལ་སྒོར་དུང་ཕྱུར་8.8བཏང་ནས་རོགས་སྐྱོར་མཉམ་ལས་རྣམ་གྲངས་668དོན་འཁྱོལ་བྱས་ཡོད”ཅེས་ཁྲེ་མིང་ཧོའེ་ཡིས་བརྗོད་པ་དང་། ཁོང་གིས“རྣམ་གྲངས་དེ་དག་བསྐྲུན་པ་ལས་བོད་ཀྱི་འགྲིམ་འགྲུལ་དང་། ནུས་རྒྱུ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་ཀྱི་རྗེས་ལུས་རྣམ་པར་འགྱུར་ལྡོག་ངེས་ཅན་བྱུང་བ་མ་ཟད། བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་ལའང་སྐུལ་མ་ཐེབས་ཡོད”ཅེས་བརྗོད།
        དུས་རབས་21པའི་དུས་འགོར་བོད་ཀྱིས་འཛུགས་སྐྲུན་གྱི་མཐོ་རླབས་གསར་པ་ཞིག་སླར་ཡང་བསུས་ཡོད།
        ལོ་6རིང་དཀའ་སྤྱད་འབད་བརྩོན་བྱས་པ་བརྒྱུད་འཛམ་གླིང་གི་ས་བབ་མཐོ་ཤོས་དང་ལམ་ཐག་རིང་ཤོས་ཀྱི་ས་མཐོའི་ལྕགས་ལམ་སྟེ། མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུ་2006ལོའི་ཟླ་7ཚེས་1ཉིན་བསྐྲུན་ནས་མེ་འཁོར་ཤར་གཏོང་ཐུབ་ཡོད། འཛམ་གླིང་ཡང་རྩེར་གནས་པའི“མཁའ་ལམ”དེས“བོད་དུ་སྐྱོད་དཀའ་བའི”གནད་དོན་ཞི་ལྷོད་དུ་བཏང་བ་མ་ཟད། དེ་ཡང་བོད་ཀྱི་སྒྱུར་བཅོས་སྒོ་དབྱེ་དང་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་དུ་གྱུར་ཡོད།
        2003ལོར་བོད་ཀྱི་དེང་རབས་ཐོན་ལས་ཐོན་སྐྱེད་བྱེད་འགོ་ཚུགས་པ་དང་། 2011ལོའི་ལོ་མཇུག་བར། ཐོན་ལས་གཉིས་པ་དང་གསུམ་པས་GDPབསྡོམས་འབོར་གྱི་87.7%བཟུང་ནས་བོད་ཀྱི་ཐོན་ལས་གྲུབ་ཆ་ལུགས་མཐུན་དུ་གྱུར་ཡོད། 
        མདུན་སྐྱོད།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་རྗེས། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་གཟིགས་རྒྱང་རིང་པོའི་སྒོ་ནས་བོད་ཀྱི་སྲིད་ཇུས་ཁག་རྒྱུན་ཆད་མེད་པར་ལེགས་སྒྲིག་གནང་བ་དང་། བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་དགོས་མཁོ་ཡོད་ཕྱིན་གང་དགོས་དེ་སྒྲུབ་གནང་བ། བོད་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་ལ་ཕན་ཐོགས་ཡོད་ཚེ་རྒྱབ་སྐྱོར་བརྒྱ་ཆ་བརྒྱ་གནང་ཡོད།
        2015ལོ་ནས་བཟུང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་འཛམ་གླིང་ཡང་རྩེར་རྒྱག་འགོ་ཚུགས་པ་རེད།
        ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་ནི་ཧི་མ་ལ་ཡའི་རི་རྒྱུད་དུ་གནས་ཤིང་། སྔོན་ཆད་དུས་ཡུན་རིང་པོའི་ནང་ཡུལ་སྨད་ཤང་དུ་སངས་རྒྱས་ཆོས་འཕགས་དང་ཁོང་གི་བུ་མོ་སྒྲོལ་དཀར་དང་གཡང་འཛོམས་མ་གཏོགས་མེད།
        མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་དང་ཡུལ་སྐོར་གསར་སྤེལ་ལ་སྐུལ་འདེད་བཏང་བ་དང་བསྟུན་ནས་ཡུལ་སྨད་ཤང་འཕེལ་རྒྱས་ཀྱི་མྱུར་བགྲོད་ལམ་དུ་བསྐྱོད་ཡོད། 2018ལོར་རྒྱལ་ཁབ་ཀྱི་རྒྱབ་སྐྱོར་འོག་ཡུལ་སྨད་ཤང་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་དང་དེའི་ལེ་ལག་ཚང་བའི་སྒྲིག་བཀོད་བསྐྲུན་པ་དང་། 2019ལོར་ཡུལ་སྨད་ཤང་དུ་ཤར་གཏོང་ཐུབ་པའི་གཞུང་ལམ་བསྐྱར་སྐྲུན་ལས་གྲྭའི་སྣུམ་ནག་ལམ་ཕྱོགས་ཡོངས་ནས་ལས་མཇུག་འགྲིལ་བ་དང་། རྒྱལ་ཁབ་གློག་དྲས་ཆན་ཕུའུ་10ཡི་གློག་སྐུད་ཡུལ་སྨད་ཤང་དུ་སྦྲེལ་མཐུད་བྱས་པ་དང་བསྟུན་ནས་ཡུལ་སྨད་བས་བརྟན་ལ་བདེ་འཇགས་དང་ལྡན་པའི་གློག་སྤྱད་པ་རེད།
        གནས་སྤོ་ཐེངས་གསུམ་བྱས་པ་བརྒྱུད། ད་ཆ་ཡུལ་སྨད་ཤང་དུ་ཤང་གཅིག་ལ་གྲོང་ཚོ་གཉིས་ཡོད་པའི་འབྱོར་འབྲིང་ཤང་གྲོང་བསྐྲུན་པས། མི་རེའི་ཆ་སྙོམས་སྡོད་ཁང་གི་རྒྱ་ཁྱོན་སྨི་ངོས་གྲུ་40དང་ལོ་རེར་མི་རེའི་ཆ་སྙོམས་ཡོང་འབབ་ཁེ་གཙང་སྒོར་34012ཟིན་གྱི་ཡོད།
        ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པར“མི་རིགས་གཅིག་ཀྱང་མི་ལུས་པ”དང་“མི་གཅིག་ཀྱང་མི་ལུས་པ”བྱེད་དགོས།
        བསྡོམས་རྩིས་བྱས་པར་གཞིགས་ན། 2016ལོ་ཚུན་དུ་བོད་ཀྱིས་ཐོན་ལས་དབུལ་སྐྱོར་རྣམ་གྲངས་2984ལག་བསྟར་བྱས་པ་དང་། ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་བཀོད་སྒྲིག་ཁུལ(ས་ཚིགས)965བསྐྲུན་པ། ཡིག་ཚགས་དང་གཱ་བཟོས་པའི་དབུལ་པོ་ཁྲི་11མ་མཐའི་འཚོ་བའི་འགན་ལེན་གྱི་ཐ་སྐྱོང་ནང་བཅུག་ཡོད། 2019ལོའི་ལོ་མཇུག་ཏུ་བོད་དུ་མི་འབོར་དབུལ་པོ་ཁྲི་62.8དབུལ་སྒྲོལ་ཐུབ་ནས་ལོ་རྒྱུས་རང་བཞིན་གྱི་དབུལ་པོ་དབུལ་རྐྱང་བསལ་ཡོད།
        འདི་ལོ་ལོ་43ལ་སླེབས་པའི་བཟོད་པ་དར་ཚེ་ནི་ཆབ་མདོ་གྲོང་ཁྱེར་སྟེང་ཆེན་རྫོང་ནས་ཡིན་པ་དང་། ན་ནིང་རྫོང་མི་དམངས་སྨན་ཁང་གི་རིན་མེད་གྲལ་བཤེར་བྱེད་རིང་ཐུམ་འབུའི་ནད་ཕོག་པའི་ནད་པར་གཏན་འཁེལ་བྱས་པ་དང་། གཤགས་བཅོས་བྱས་པ་བརྒྱུད་མིག་སྔར་དྲག་སྐྱེད་བྱུང་ཡོད། ཁོང་གིས་“སྟབས་ལེགས་པ་ཞིག་ལ‘བདེ་ཐང་དབུལ་སྐྱོར’གྱི་སྲིད་ཇུས་ཡོད་པས་རང་ཉིད་ལ་རིན་པ་མི་དགོས་པར་བརྟག་དཔྱད་དང་སྨན་བཅོས་བྱས་པ་མ་ཟད། སྨན་ཁང་དུ་སྡོད་སྐབས་དངུལ་སྐར་མ་གཅིག་ཀྱང་འདོན་དགོས་མ་བྱུང་བས། ནད་གཞིས་རྐྱེན་པས་སླར་ཡང་དབུལ་པོར་འགྱུར་བའི་སེམས་ཁྲལ་བྱེད་དགོས་མ་བྱུང”ཞེས་བརྗོད།
        2020ལོར་བོད་ལྗོངས་སུ་ལོ་ཧྲིལ་པོར་དཔལ་འབྱོར་7.8%འཕར་བ་དང་། ལྗོངས་ཡོངས་ཀྱི་ས་ཁུལ་གྱི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་1900ལྷག་ཙམ་ཟིན་པ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ལོ་18བསྟུད་མར་གྲངས་གནས་གཉིས་འཕར་བ་རྒྱུན་འཁྱོངས་ཐུབ་ཡོད། 
རྩོམ་སྒྲིག་པ། སངས་སྐྱབས།