ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

དགེ་རྒྱས་རྫོང་ཚྭ་ཁ་ཤང་གི“ཚྭ་ལུག་གནའ་ལམ”གྱི་ངོ་མཚར་གཏམ་རྒྱུད།

སྤེལ་དུས 2021-09-15 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
          སྔོན་སྐྱོད་ལེན་ཤོག་མངའ་རིས་སུ་དཔུང་འཇུག་བྱེད་པར་རྒྱབ་སྐྱོར་བྱ་ཆེད་དཔུང་སྡེ་གཉིས་པ་དང་ཤིན་ཅང་ཡུས་ཐེན་ས་གནས་སྲིད་གཞུང་གིས་ལས་མི་900ལྷག་ཙམ་དང་བོང་བུ་མགོ་གྲངས་4500ལྷག་ཙམ་སྒྲིག་འཛུགས་བྱས་ཏེ། ཁལ་མ་རུ་ཆེན་དགུ་བཙུགས་པ་དང་ལས་མི་རེས་བོང་བུ་ལྔ་འགན་འཁུར་ཏེ་སྔོན་སྐྱོད་ལེན་ཤོག་ལ་འབྲུ་དང་། རྟ་ཆག དམག་སྤྱོད་དངོས་ཟོག་བཅས་སྐྱེལ་འདྲེན་བྱས།
          ཡུས་ཐེན་རྫོང་གི་རྫོང་དཔོན་གྱིས་ཁལ་མ་རུ་ཁག་གི་ཚབ་བྱས་ཏེ“མི་གཅིག་དང་བོང་བུ་གཅིག་ལས་མེད་ཀྱང་ཤིན་ཅང་མི་རིགས་ཁག་གི་མི་དམངས་ཀྱིས་སྔོན་སྐྱོད་ལེན་ཤོག་ཏུ་དངོས་ཟོག་སྐྱེལ་ཐུབ་པ་བྱེད་དགོས”ཞེས་བཤད།
          འགྲུལ་བཞུད་བྱས་ནས་ཉིན་25སོང་རྗེས། ཁལ་མ་རུ་ཁག་གསུམ་པ་ཅེ་ཧྲན་ཏ་པན་དུ་འབྱོར་སྐབས། འབྲི་གཡག་30ལྷག་ཙམ་ལས་ལྷག་མེད།
          བོད་ལྗོངས་སུ་སྐྱོད་སྐབས་འབྲི་གཡག་གཅིག་གིས་འཁྱེར་བའི་འབྲུ་རིགས་ལྗིད་ཚད་སྤྱི་རྒྱ་40ཟིན་ཡང་ལམ་བར་དུ་འབྲི་གཡག་ལའང་སྟེར་དགོས་པས་བཅུ་ཆ་གཅིག་ཀྱང་ལྷག་གི་མེད།
          ཟླ་དང་པོའི་ཚེས་བདུན་ཉིན། ལེན་ཧྲུའེ་ཆོན་བརྟན་སྲུང་བྱེད་མཁན་ལི་ཙེ་ཞང་གིས་རུའུ་ཙེ·ཐོའོ་ཧུའུ་ཐིའི་ལག་ནས་ཚྭ་སྤྱི་རྒྱ་1.5དང་། བག་ལེབ་7 འཕྲིན་ཡིག་བཅས་བླངས།
          འདི་ནི་ཡུ་གུར་རིགས་ཀྱི་ན་གཞོན་གསུམ་གྱི་ཚེ་སྲོག་དང་ཁལ་མ་1700ལྷག་ཙམ་ལ་བརྟེན་ནས་དཀའ་ངལ་གྱི་གནས་སུ་གྱར་བའི་སྔོན་སྐྱོད་ལེན་ཤོག་ལ་བསྐྱལ་བའི་དངོས་ཟོག་དང་པོ་དེ་རེད།
          —— ཁེ་ལི་ཁུ་ནུ་རི་བོ་ལྟར་ལྕི་བའི་ཚྭ་སྤྱི་རྒྱ་1.5དང་བག་ལེབ་བདུན།
          —— 《བོད་སྐྱོད་དཔའ་བོའི་སྔོན་སྐྱོད་ལེན་ཤོག》ལས་བཏུས།

འདི་ནི་དགེ་རྒྱས་རྫོང་གི་ཚྭ་ཁ་ཤང་ཡིན་པ།
          ཚྭ་ཁ་ཤང་ནི“ཚྭ་མཚོ”ལས་མིང་བྱུང་བ་ཞིག་ཡིན་ཞིང་། དེར“བྲག་མཚམས་མཚོ་གསུམ”ཞེས་པའི་མིང་སྙན་པོ་ཞིག་ཀྱང་ཡོད། “བྲག་མཚམས་མཚོ་གསུམ”ནི་་རི་འདབས་ཀྱི་ལུག་མ་རིན་པོ་མཚོ་དང་། སྐྱིད་དགའ་མཚོ། ཁ་ཆེན་མཚོ་བཅས་མཚོ་གསུམ་མཉམ་དུ་སྦྲེལ་བའི་ཚྭ་ཆུའི་མཚོ་ཞིག་ཡིན་པ་དང་རྒྱ་ཁྱོན་ལ་སྤྱི་ལེ་ངོས་གྲུ་121.5ཡོད།
          ཚྭ་ཁ་ཤང་གི་ཏང་ཨུད་ཧྲུའུ་ཅི་དཀོན་མཆོག་ཚེ་རིང་གིས། ལོ་ངོ་1000ལྷག་ཙམ་གྱི་གོང་། ཚྭ་ཁ་ཤང་དུ་སྡོད་མཁན་དུད་ཚང་50ཡོད། ཁོང་ཚོས་ཚྭ་ལས་ཀྱི་དམངས་གཞས་གཏོང་བཞིན“བྲག་མཚམས་མཚོ་གསུམ”གྱི་ཚྭ་སྤུ་ཧྲེང་དང་གཞིས་རྩེ་སོགས་སུ་དབོར་ནས་ཟོག་དང་ཟོག་བརྗེ་བའི་བྱེད་ཐབས་ཀྱིས་འབྲུ་དང་། ཇ་བག་ཆུང་། རས་སོགས་འཚོ་བའི་མཁོ་ཆས་དང་བརྗེ་གི་ཡོད། དེ་ལྟར་ཡུན་རིང་སོང་རྗེས་སྐད་གྲགས་ཤིན་ཏུ་ཆེ་བའི“ཚྭ་ལུག་གནའ་ལམ”ཞེས་པ་བཏོད་ཡོད་ཅེས་ངོ་སྤྲོད་བྱས་བྱུང་།
          ཚྭ་དབོར་བའི་ཐད་གོམས་གཤིས་ཤིག་ཡོད་པ་ནི། ཁལ་དབོར་མཁན་གྱི་ལུག་ས་གནས་དེ་རང་གི་ལུག་སྤྱད་པ་དང་ལུག་རེས་དབོར་བའི་ཁལ་གྱི་ལྗིད་ཚད་གཏན་འཁེལ་ཡིན་ལ། ཆེད་མངགས་བཟོས་པའི་སྒྱེ་མོ་རེའི་ནང་ཚྭ་རྒྱ་མ་10བླུགས་པ་དེ་ལུག་གི་གཞོགས་གཉིས་སུ་བཀལ་བས་ལུག་ལ་སྐྱོན་ཆག་མི་ཡོང་བ་དང་ཚྭ་མི་འབོ་བའི་ཆེད་དུ་རེད། དེ་ནི་ཚྭ་ཁ་ཤང་གི“ཚྭའི་རིག་གནས”ཀྱི་འབྱུང་ཁུངས་ཡིན།
          ས་གནས་དེ་གའི་མང་ཚོགས་ཚོས་ད་དུང“བྲག་མཚམས་མཚོ་གསུམ”གྱི་ཚྭར“གསར་བརྗེའི་ཚྭ”ཞེས་འབོད་ཀྱི་ཡོད།
          ཟླ་བ་གསུམ་རིང་དཀའ་ཚེགས་འགྲུལ་བཞུད་བྱས་རྗེས། 1950ལོའི་ཟླ་བཅུ་པར། བོད་སྐྱོད་སྔོན་སྐྱོད་ལེན་ཤོག་སྒེར་རྩེ་དང་། དགེ་རྒྱས། སེང་རྡོ་བཅས་ས་མཚམས་ཀྱི་གྲ་མ་མང་པོར(དེང་གི་སྒེར་རྩེ་རྫོང་ཤན་ཆེན་ཤང)ཚ་ཕོག་བརྒྱབ་ནས་ཕྱོགས་ཡོངས་ནས་མང་ཚོགས་ཀྱི་ལས་དོན་སྤེལ་བར་སྟབས་བདེ་ཡོང་བ་བྱས། འབྲེལ་ཡོད་དཔྱད་ཡིག་ནང་བཀོད་པར། 1950ལོའི་ཟླ་བཅུ་གཅིག་པའི་ཟླ་མཇུག་ནས་འགོ་ཚུགས་ཏེ། སྔོན་སྐྱོད་ལེན་ཤོག་གིས་བཏང་བའི་ལས་དོན་ཚོགས་ཆུང་20ཟླ་ཕྱེད་ནང་སྒེར་རྩེ་དང་། དགེ་རྒྱས། སེང་རྡོ་བཅས་སུ་བསྐྱོད། ལས་དོན་ཚོགས་ཆུང་ས་ཆ་གང་དུ་སླེབས་རིམ་བཞིན་ཏང་གི་སྲིད་ཇུས་དྲིལ་བསྒྲགས་བྱེད་པ་དང་ཆབས་ཅིག་མང་ཚོགས་ལ་ཕྱུགས་འཚོ་བ་དང་། མེ་ཤིང་འཐུ་བ། ཆུ་ལེན་པ། ལྕི་བ་བསྒྲུགས་པ་སོགས་བྱེད་ལ། ད་དུང་རས་དང་། འབྲུ་རིགས། ཇ་སོགས་འཚོ་བའི་མཁོ་ཆས་འབྲོག་པ་དབུལ་པོ་ཚོར་བགོས་ནས་ཏང་གི་བཀའ་དྲིན་འབྲོག་པ་ཚང་མས་ཚོར་བ་བྱས།
          འདི་ལོ་ལོ་58ལ་སླེབས་པའི་བསོད་ནོར་ནི་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡིན་པ་མ་ཟད། ཁོང་ནི་དགེ་རྒྱས་རྫོང་གི་རྒྱལ་གཅེས་མི་སྣ་ཆོས་འཛིན་གྱི་ཚ་བོའང་རེད། ཁོང་གིས་ང་ཚོར་སྤོ་བོ་ལགས་དང་སྔོན་སྐྱོད་ལེན་ཤོག་གི་གཏམ་རྒྱུད་བརྗོད་བྱུང་།
          1951ལོའི་ལོ་འགོར། སྔོན་སྐྱོད་ལེན་ཤོག་ཚྭ་ཁ་ཤང་བརྒྱུད་དགེ་རྒྱས་རྫོང་དུ་སྐྱོད་མཁན་ཡིན་པ་ཆོས་འཛིན་གྱིས་ཐོས་རྗེས། འགོ་པ་བཙལ་ནས་གྲོས་བྱས་ཏེ་དཔུང་ཁག་གཅིག་ཁྲིད་ནས་བཅིངས་འགྲོལ་དམག་བསུ་བར་བསྐྱོད་རྒྱུའི་གྲ་སྒྲིག་བྱས། གྲོས་བསྡུར་གཏན་འཁེལ་བྱུང་རྗེས། ཁོང་གཉིས་པོས་འབྲོག་པ་སྒྲིག་འཛུགས་བྱས་ཏེ་ཁ་བཏགས་འཁྱེར་བ་དང་ཁལ་མ་ཁྲིད་དེ་གྲ་མ་མང་པོའི་ཕྱོགས་སུ་བསྐྱོད། དེར་བརྟེན་ཚྭ་ཁ་ཤང་གི་ཚྭ་ལ“གསར་བརྗེའི”བྲོ་བ་ལྡན།
          2018ལོར། ཚྭ་ཁ་ཤང་གི“དགེ་རྒྱས་ཁལ་མའི་གོམས་སྲོལ”དེ་རང་སྐྱོང་ལྗོངས་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྣམ་གྲངས་ཁག་ལྔ་པའི་མིང་གཞུང་ནང་ཚུད་པ་དང་། སྔ་རྗེས་སུ“བྲག་མཚམས་མཚོ་གསུམ”དང“ཚྭ་ལུག་གནའ་ལམ”གྱི་ཚྭའི་ཚོང་རྟགས་བཏོད་ནས་སྲོལ་རྒྱུན་གྱི་ཚྭ་ལེན་རྩལ་དང་དེང་དུས་ཀྱི་ལས་སྣོན་བྱེད་ཐབས་ཟུང་འབྲེལ་མཐའ་འཁྱོངས་བྱས་པས་སྤུས་རྟགས་ཀྱི་ཕན་འབྲས་ཐོན་ཡོད།
          ཚྭ་ཁ་ཤང་གི་ཚྭ་ཐོན་སྐྱེད་འཁོར་ཁང་དུ་ཚྭ་བླུགས་པའི་རས་ཕད་དཀར་པོ་རི་ལྟར་སྤུངས་ནས་ཡོད་པ་དང་ལྷག་སྐམ་འཕྲུལ་ཆས་དང་། ཞིབ་བཟོའི་འཕྲུལ་ཆས། ཐུམ་རྒྱག་འཕྲུལ་ཆས་སོགས་ཐོན་སྐྱེད་སྒྲིག་ཆས་ཆ་ཚང་ཞིང་། ཚྭ་བཟོ་གྲྭས“གཅིག་གྱུར་ཐོག་བསྡུ་བ་དང་། གཅིག་གྱུར་དོ་དམ། གཅིག་གྱུར་གཉེར་སྐྱོང་། གཅིག་གྱུར་ཐོག་འཚོང་བའི”རྣམ་པ་སྤྱད་དེ་ཚྭ་བསྡུ་དང་། ཉར་ཚགས། ལས་སྣོན། ཐུམ་སྒྲིལ། ཚོང་བ་བཅས་ཀྱི་ཐོན་ལས་འཁོར་འབྲེལ་ཞིག་གྲུབ་ཡོད་ལ། ཕན་འབྲས་ཀྱང་ཇེ་ལེགས་སུ་འགྲོ་བཞིན་མཆིས། བཟོ་གྲྭའི་འགན་འཁུར་བས་ང་ཚོར“2018ལོར་ཁེ་གཙང་སྒོར་ཁྲི་360ལྷག་ཙམ་བྱུང་། 2020ལོར་རིམས་ནད་ཀྱི་ཤུགས་རྐྱེན་ཕོག་ཀྱང་ཡོང་འབབ་སྒོར་ཁྲི་172བྱུང”ཞེས་བརྗོད་བྱུང།
          འདི་ལོ་ལོ་76ལ་སླེབས་པའི་འབྲོག་པ་བུ་དམར་ནི་ཚྭ་ཁ་ཤང་བྱང་སྨད་གྲོང་ཚོ་ནས་ཡིན་པ་དང་མི་ཚེ་ཚྭ་དང་འགྲོགས། ཚྭ་བཟོ་གྲྭའི་སྟབས་བསྟུན་ལས་མི་ཞིག་ཡིན་པའི་ངོས་ནས་ཁོང་ལོ་ལྟར་ཟླ་བདུན་པ་དང་བརྒྱད་པར་ཚྭ་བཟོ་གྲྭར་ལས་ཀ་བྱེད་པ་དང་དེ་མིན་དུས་ཚོད་ལ་ལག་ཤེས་གཞན་པའི་ཞོར་ལས་བྱེད་པས་ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་གཉིས་ཙམ་ལེན་རྒྱུ་ཡོད།
          ད་ཆ་ཁོང་དང་འདྲ་བའི་ཚྭ་ཁ་ཤང་གི་མང་ཚོགས་མང་པོ་ཞིག་མེས་པོས་བཞག་པའི་ཚྭ་ལས་རྒྱུན་འཛིན་བྱས་ཏེ་ཕྱུག་པོའི་ལམ་དུ་སྐྱོད་བཞིན་ཡོད།
རྩོམ་སྒྲིག་པ། བདེ་སྒྲོལ།