ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

གངས་ལྗོངས་ས་མཐོའི་མཐའ་མཚམས་སུ་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག

སྤེལ་དུས 2022-05-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་ལྷུན་རྩེ་རྫོང་ཡུལ་སྨད་ཤང་འདི་ཉིད་བརྗིད་ཉམས་ཆེ་བའི་རི་ལྷ་རི་བོའི་པང་དུ་ཆགས།
  ཤང་ཀྲང་བགྲེས་སོང་སངས་རྒྱས་ཆོས་པའི་སྡོད་གནས་རྙིང་པ་དེ་ནི་ད་ཆ་འགྲེམས་ཁང་དུ་གྱུར་པ་དང་གྱང་སྟེང་དུ་པར་རྙིང་པ་སྟར་པ་ཁ་ཤས་འབྱར་བ་ལས་ལང་ཚོའི་བཞིན་རས་རེ་རེ་བཞིན་མི་ཚོའི་མིག་ལམ་དུ་འཆར་བ་དེ་ནི“བདུན་གཅིག་གཟེངས་རྟགས”ཐོབ་མཁན་ཡུལ་སྨད་མཐའ་སྲུང་བ་སྒྲོལ་དཀར་ཡིན་ཞིང་། སྐབས་དེ་དུས་ཁོང་ལོ་20ཡང་སླེབས་མེད་པ་དང་གད་མོ་འཚེར་བཞིན་མཆིས།
  བགྲང་བྱ་བཅུ་ཕྲག་ཁ་ཤས་འདས་ཟིན་པ་དང་དེ་སྔའི་ན་ཆུང་དེའི་ངོ་གདོང་ལ་གཉེར་མའི་རི་མོ་ཆགས་པ་དང་སྐྲ་དཀར་ཡང་ཕྲན་བུ་སྐྱེས། འོན་ཀྱང་ཁོང་གི་བློ་རྩ་བརྟན་པོས་ཡུལ་སྨད་སྲུང་བའི་སྙིང་སྟོབས་ལ་འགྱུར་བ་སོང་མེད།
  ཡུལ་སྨད་ནི་ཧེ་མ་ལ་ཡའི་རི་རྒྱུད་ཀྱི་རི་མཐོ་གཡང་གཟར་ཁྲོད་གནས་པ་དང་དེ་གའི་རང་བྱུང་ཆ་རྐྱེན་ཧ་ཅང་ཞན་པས་སྐྱེ་དངོས་འདེབས་ཐབས་མེད་ལ་ཡུལ་སྨད་ནས་དོན་པར་གངས་རི་དུ་མ་བརྒལ་དགོས་ཀྱི་ཡོད།
  ཡུལ་མི་ཚོ་གཅིག་རྗེས་གཉིས་མཐུད་ངང་གནས་སྤོས་པ་དང་སངས་རྒྱས་ཆོས་པ་དང་། སྒྲོལ་དཀར། གཡང་འཛོམས་བཅས་ནང་མི་གསུམ་ལས་ལྷག་མེད།
  “དེ་ནས་ཁ་མི་བྲལ་དོན་གང་ཡིན་ནམ”ཞེས་སྒྲོལ་དཀར་གྱིས་དྲིས།
  ཡུད་ཙམ་མནོ་བསམ་བཏང་རྗེས་སངས་རྒྱས་ཆོས་པས“ཁྱེད་ཚོའི་ཨ་མ་དེ་གར་གྲོངས་པ་དང་ང་ཚོའང་དེ་གར་ཤི་སྲིད། ང་ཚོ་ཤི་རྗེས་མི་གཞན་གྱིས་ངེད་ཚོའི་ཚབ་བྱས་ཏེ་དེ་ག་སྲུང་སྲིད་ལ་དེ་ནི་ཀྲུང་གོ་བ་ཡིན་ངེས་རེད”ཅེས་སྒྲོལ་དཀར་ལ་ལན་བཏབ། 
  སྒྲོལ་དཀར་ནི་ཡུལ་སྨད་ཤང་གི་ལྟ་སྲུང་བ་བློ་རྩ་བརྟན་ཤོས་དེར་གྱུར་པ་དང་ཀོ་ལྷམ་ཡུ་རིང་ཞིག་གྱོན་རྗེས་ལྷམ་སྒྲོག་དམ་པོར་བཅིངས་ཏེ་ལ་ཀླུང་རེ་རེ་བཞིན་བརྒལ་བ་དང་གྲོག་རོང་རེ་རེ་བཞིན་དུ་བསྐྱོད། དངོས་རྫས་དབོར་རིམ་བཞིན་གཡང་གཟར་བའི་ལམ་བུ་དེར་ཉིན་གང་འགྲོ་དགོས་ཤིང་། ཉེན་ཁ་ཆུང་དུ་གཏོང་ཆེད་སྒྲོལ་དཀར་གྱིས་རི་ལྷ་གངས་རི་བརྒལ་བའི་ཐེངས་གྲངས་ཉུང་དུ་གཏོང་གང་ཐུབ་བྱེད་པ་དང་དངོས་རྫས་མང་ཙམ་ཉོ་གང་ཐུབ་བྱས་ཏེ་དབོར་ཐེངས་གཅིག་ལ་ཚང་མ་དབོར་གྱི་ཡོད། རིར་སྐྱོད་པའི་ལམ་ཞེང་ལ་སྨི་གཅིག་ཀྱང་མེད་པས་སྒྲོལ་དཀར་གྱིས་གཟབ་གཟབ་ངང་ཁལ་ཕྱུགས་དེ་དག་སྔ་རྟིང་དུ་བང་བསྒྲིགས་ཏེ་དེད་དགོས་པ་དང་རི་སྟེང་གི་གངས་གསོག་དང་གཤམ་འོག་གི་གཡང་གཟར་ལ་སྐྲག་སྣང་ཆེན་པོ་སྐྱེ་གི་ཡོད། ལམ་བར་དུ་གྲང་རླུང་ལྡང་སྐབས་མགོ་རས་དཀྲིས་ཀྱང་དེ་ཙམ་ཕན་ནུས་ཐོན་གྱི་མེད།
  ལྷམ་རྡོལ་སྐབས་སྒྲོལ་དཀར་གྱིས་རྩིད་སྐུད་བཟོས་ཏེ་ལྷམ་འཚེམ་པ་དང་དགུན་ཁ་གཅིག་ལ་ཀོ་ཟོམ་ཆ་གཉིས་གསུམ་ཙམ་རྡོལ་གྱི་ཡོད་པ་རེད། དངོས་རྫས་དབོར་སྐབས་ཙམ་མིན་པར་ཕྱུགས་འཚོ་སྐབས་ཀྱང་ཉེན་ཁ་ཧ་ཅང་ཆེ་ཞིང་། ཡུལ་སྨད་དུ་ཕྱུགས་འཚོ་སྐབས་མཐའ་མཚམས་སྐོར་གཡེང་བྱེད་པ་དང་ཡུལ་སྨད་ཀྱི་ལྷོ་ངོས་ཀྱི་ས་བབ་ཧ་ཅང་དམའ་བས་དེ་གའི་ནགས་ཚལ་སྟུག་པ་དང་སྦུག་ཐག་རིང་ལ་ཁ་ཁུ་སིམ་པས་མི་འགྲོ་སྐྱོད་དཀའ་བ་དང་། དེ་གར་དུག་སྦྲང་གིས་ཁེངས་པ། དེ་གའི་གང་སར་འདམ་རྫབ་ཀྱིས་ཁེངས་ནས་འགྲོ་སྐྱོད་དཀའ་བ་སོགས་ཡོད་མོད། འོན་ཀྱང་སྒྲོལ་དཀར་དང་གཅུང་མོ་གཡང་འཛོམས་ལ་ས་ཆ་རྒྱུས་མངའ་ཧ་ཅང་ཆེ་བ་དང་ཁོང་ཚོས་གང་དུ་རྒྱལ་དར་དང་ཀྲུང་གོའི་མཚོན་རྟགས་འཛུགས་དགོས་མིན་གསལ་པོ་ཤེས་ཀྱི་ཡོད། ཁོང་ཚོའི་གོམ་འགྲོས་དང་བསྟུན་ནས་རྒྱལ་དར་རེ་རེ་བཞིན་དང་ཀྲུང་གོའི་མཚོན་རྟགས་རེ་རེ་བཞིན་དེ་གར་བཙུགས།
  “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་བརྩོན་ལེན”བྱས་ཤིང་། ད་ཆ་སྒྲོལ་དཀར་ལྟར་མཐའ་སྲུང་བྱ་གཞག་ལ་ཞུགས་མཁན་ཇེ་མང་དུ་སོང་བ་དང་གཞོན་ནུ་སྒྲོལ་དཀར་གྱིས་ཡུལ་སྨད་ལ་བཅངས་པའི་རེ་སྒུག་དེ་དངོས་ཡོད་དུ་གྱུར་པ་སྟེ། ཡུལ་སྨད་མི་དམངས་ཀྱི་འཚོ་བ་གྲ་རྒྱས་སུ་འགྲོ་བ་དང་བདེ་སྐྱིད་ལྡན་པའི་འཚོ་བ་རབ་ཏུ་བཞད་པའི་སྐལ་བཟང་མེ་ཏོག་ལྟར་དམར་མདངས་དེ་བས་བཀྲ་བར་གྱུར་ཡོད།