ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་བའི་སྐོར་བཀོད་པ།

སྤེལ་དུས 2022-05-10 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  1962ལོའི་ཟླ་5ཚེས་10ཉིན། ཀྲུང་གོ་གསར་པའི་བོད་ལྗོངས་མི་དམངས་འགག་སྒོ་ལས་ཁུངས་དངོས་སུ་བཙུགས་པ་དེ་ནི་གངས་ལྗོངས་ས་མཐོར་མི་དམངས་འགག་སྒོའི་བྱ་གཞག་ལ་ཐོབ་པའི་རླབས་ཆེན་གྱི་རྒྱལ་ཁ་ཞིག་རེད། དེ་ནས་བཟུང་ཀྲུང་གོ་གསར་པའི་བོད་ལྗོངས་མི་དམངས་འགག་སྒོའི་ལོ་རྒྱུས་ཀྱི་དུས་རབས་གསར་པ་བཏོད།
  འགག་སྒོ་ལས་ཁུངས་ཀྱི་ལས་བྱེད་པ་རྒན་རབས་ཚོས་ཏང་ཀྲུང་དབྱང་གི“དཀའ་སྤྱད་ལས་བརྩོན་གཟི་བརྗིད་དང་མཐའ་མཚམས་ཁྱིམ་ཚང་དུ་བརྩི་དགོས་པའི”འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་ས་མཐོའི་མཐའ་མཚམས་སུ་བསྐྱོད་དེ་སྒྲོག་ཙེ་གཅིག་དང་སྟབས་བདེའི་ཁང་པ་ཞིག་ནས་འགག་སྒོའི་བྱ་གཞག་བཏོད་དེ་རང་ཉིད་ཀྱི་ལང་ཚོ་བོད་ཀྱི་འཕེལ་རྒྱས་བྱ་གཞག་ལ་ཕུལ་བ་རེད།
  བྱ་གཞག་བྱ་འཕུར་བ་ལྟར་འཕེལ་རྒྱས་འགྲོ་བཞིན་ཡོད་ཅིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ལོ་ངོ་60ཡི་འོད་སྟོང་འཕྲོ་བའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ནང་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་པ་སྟེ། ཕྱིར་གཏོང་ནང་འདྲེན་ཚོང་དོན་གྱི་སྤྱིའི་རིན་ཐང་1980ལོའི་སྒོར་ཁྲི་118ལྷག་ཙམ་ནས་2021ལོའི་སྒོར་དུང་ཕྱུར་40.16བར་འཕར་བ་དང་། དངོས་སུ་བསྡུས་ནས་མཛོད་འཇུག་བྱས་པའི་ཁྲལ་འབབ་སྒོར་དུང་ཕྱུར་2.03བར་འཕར་བ། “1·18”དང་། “5·29”“10·03”སོགས་དུག་རྫས་ལྐོག་ཚོང་གི་གྱོད་གཞི་བརྒྱ་ལྷག་ཙམ་སྔ་རྗེས་སུ་མྱུལ་ཞིབ་བྱས་ནས་རྩད་ཆོད་པ་དང་རིག་དངོས་བརྐུས་པའི་གྱོད་གཞི་མང་པོ་ཞིག་རྩད་ཆོད་པ། ཁྲིམས་འགལ་གྱི་པར་སྐྲུན་དངོས་པོ་སྣ་ཚོགས་ཁྲི་50ལྷག་ཙམ་ཞིབ་བཤེར་ཐུབ་པ། སྟོངས་ལ་ཉེ་བའི་སྲོག་ཆགས་དང་རྩི་ཤིང་སོགས་ལྐོག་འདྲེན་གྱི་གྱོད་གཞི་ཁག་3300ལྷག་ཙམ་རྩད་ཆོད་པ། འདུས་རྡུལ་སྐྱེ་དངོས་རིག་པའི་ལྟ་ཞིབ་ཚད་ལེན་བྱ་ཐབས་འགག་སྒོའི་འགོས་ནད་ལྟ་ཞིབ་ཚད་ལེན་ཐད་ཐོག་མར་སྤྱད་པ། ནུས་ཤུགས་ཡོད་རྒུས་འགག་སྒོའི་དམིགས་བསལ་ལྟ་འདོམས་ཁུལ་གངས་ལྗོངས་ས་མཐོར་དོན་འཁྱོལ་བྱ་རྒྱུར་གཞོགས་འདེགས་བྱས་ནས་བོད་ཀྱི་རྒྱལ་ཁབ་རིམ་པའི་ཕྱིར་གཏོང་བཟའ་བཅའི་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དཔེ་སྟོན་ཁུལ་ཐོག་མ་བསྐྲུན་རྒྱུར་རྒྱབ་སྐྱོར་བྱས་པ། བོད་ཀྱི་ཁྱད་ལྡན་ཐོན་རྫས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱ་རྒྱུར་རོགས་སྐྱོར་ཤུགས་ཆེན་བྱས་པ། “ནག་ཆུའི་དབྱར་རྩྭ་དགུན་འབུ”དང་། “བོད་སྨན” “བོད་ལྗོངས་འཁྱགས་རོམ་གཏེར་ཆུ”བཅས་ལ་སྔ་རྗེས་སུ་ས་ཁམས་ཐོན་རྫས་ཀྱི་མཚོན་རྟགས་སྲུང་སྐྱོང་ཐོབ་པ། སྔ་རྗེས་སུ་གློ་བའི་བྱི་རིམས་དང་། དམིགས་བསལ་གློ་ཚད། བྱ་རིགས་ཆམ་རིམས། ཕག་གི་ཕྲེང་ཟླུམ་སྲིན་IIརིགས། ལྡད་ཕྱུགས་ཆུང་གྲས་ཀྱི་རིམས་ནད། ཆམ་རིམས་ཀ་པ་H1N1སོགས་རིམས་ནད་དང་ནད་ཡམས་ཚབས་ཆེན་ལ་ཁ་གཏད་བཅག་པ། ཏོག་གསར་གློ་ཚད་རིམས་ནད་མཆེད་རྒྱུར་སྔོན་འགོག་མཐའ་གཅིག་ཏུ་བྱས་པ། འགྲམ་འགག་སྒོའི་ཟོག་འདྲེན་ལམ་བུ་སླར་གསོ་བྱེད་པའི་ནུས་པ་འགན་ལེན་ནུས་ལྡན་བྱས་པ། བོད་ཀྱིས་རང་བརྟེན་སྐྱེད་བསྲིང་འགག་སྒོའི་AEOམཐོ་རིམ་ཁས་ལེན་ཁེ་ལས་ཐོག་མར་ཁས་ལེན་བདེ་བླག་ངང་ཐོབ་རྒྱུར་རོགས་རམ་བྱས་པ་རེད།
  དཔུང་ཁག་རྒྱ་སྟོབས་ཆེ་རུ་འགྲོ་བཞིན་ཡོད་ཅིང་། མིག་སྔར་ལྷ་ས་འགག་སྒོ་ལས་ཁུངས་ལ་སྒྲིག་གཞི་སྣ་ཚོགས་29དང་མི་རིགས་ཁག་གི་ལས་བྱེད་པ་དང་ལས་བཟོ་500ཙམ་ཡོད་པ་དང་ཁོང་ཚོས་ཉིན་མཚན་མེད་པར་མེས་རྒྱལ་གྱི་མཐའ་མཚམས་སུ་ལས་ལ་བྲེལ་བཞིན་ཡོད་པ་རེད།
  རོགས་སྐྱོར་བྱེད་ཟབ་ཏུ་འགྲོ་བཞིན་ཡོད་ཅིང་། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་རིམ་རྩིས་བྱས་ན་ཁག་ཐེངས་57དང་མི་ཐེངས་433འདེམས་གཏོང་བྱས་ཏེ་ཆ་སྙོམས་ས་བབ་མཐོ་ཚད་སྨི་4500ཟིན་པའི་ཐག་རིང་རི་གྲོང་དུ་བཅའ་སྡོད་བྱས་པ་དང་ཁོང་ཚོས་མཐོ་གྲང་དང་གསོ་རླུང་དཀོན་པ་དང་། དངོས་ཟོག་དཀོན་པ། གློག་དཀོན་པ་སོགས་ཀྱི་དཀའ་ངལ་ཁྱད་བསད་བྱས་ནས་གྲོང་མི་ཚོ་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱས་པས་ལས་བྱེད་པ་དང་ལས་བཟོ་གྲོང་ཚོར་བཅའ་སྡོད་ཐུབ་པ་བྱུང་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་ཐོན་ལས་དབུལ་སྐྱོར་བྱ་རྒྱུ་དེ་མང་ཚོགས་དབུལ་པོའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་རིམ་རྩིས་ལྟར་ན་དབུལ་སྐྱོར་མ་དངུལ་སྒོར་ཁྲི་3000ལྷག་ཙམ་བཏང་བ་དང་། རྣམ་གྲངས་50ལྷག་ཙམ་ལག་བསྟར་བྱས་ནས“གཞན་བརྟེན་རྣམ་པའི”རོགས་སྐྱོར་དེ“རང་བརྟེན་རྣམ་པའི”དབུལ་སྒྲོལ་ལ་བསྒྱུར་བ་དང་། པད་ཁའི་སྣུམ་ལས་སྣོན་གྱི་འགག་སྒོའི་ཐོན་ལས་དབུལ་སྐྱོར་རྣམ་གྲངས་དོན་འཁྱོལ་བྱས་པ། ཁུ་ལུ་དཀར་པོའི་ར་གསོ་ཚགས་རྟེན་གཞི་དང་། འགྱིག་ཤོག་དྲོད་ཁང་ཆེ་མོ། རྩམ་པ་ལས་སྣོན་བཟོ་གྲྭ བཞོན་མ་གསོ་ཚགས་རྟེན་གཞི་སོགས་ཀྱི་ཐོན་ལས་འཛུགས་རོགས་བྱས་པ། གྲོང་མིའི་ལས་ཞུགས་ཕྱུག་འགྱུར་ཐབས་ལམ་རྒྱ་ཆེར་བཏང་བས་གྲོང་ཚོར་བཅའ་སྡོད་དབུལ་སྐྱོར་ས་ཚིགས་16དབུལ་ཞྭ་ཕུད་ཐུབ་པ་བྱུང་ཡོད། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་14རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི“གྲོང་སྡོད་སྔོན་ཐོན་ལས་དོན་རུ་ཁག”ལ་བདམས་པ་དང་མི་ཐེངས་50ལྷག་ཙམ་རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་པའི“གྲོང་སྡོད་སྔོན་ཐོན་མི་སྒེར”ལ་བདམས་པ་རེད།
  ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་འོག་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་མི་རབས་གསར་པས་མཐུན་སྒྲིལ་རྡོག་རྩ་གཅིག་སྒྲིལ་དང་འབད་འབུངས་སྟོབས་བརྩོན་བྱས་ཏེ། གསོ་རླུང་མི་འདང་ཡང་ལས་ཀར་འཐུས་ཤོར་མི་གཏོང་བ་དང་དཀའ་ངལ་ཆེ་ཡང་མདུན་སྐྱོད་བྱེད་མཚམས་མི་འཇོག་པར་འགག་སྒོའི་ལས་དོན་དང་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་འཕེལ་རྒྱས་ཀྱི་དུས་མཚམས་གསར་པའི་ཁྱད་ཆོས་གསར་པ་དང་བླང་བྱ་གསར་པར་ངོས་འཛིན་གཏིང་ཟབ་བྱས་ནས་ཆབ་སྲིད་ཀྱི་འདུ་ཤེས་མུ་མཐུད་ཟབ་ཏུ་གཏོང་བ་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། “ལོ་ལྔ་ཚན་བཅུ་བཞི་པའི”འགག་སྒོ་ལས་ཁུངས་ཀྱི་འཆར་འགོད་རང་འགུལ་ངང་འབྲེལ་མཐུད་དོན་འཁྱོལ་བྱས་ཏེ“ངེས་པར་དུ་བཅུ”ཁ་ཕྱོགས་སུ་བྱེད་པ་དང་། “དོན་ཆེན་བཞི”གཙོ་གནད་དུ་བྱེད་པ། “འགན་ལེན་བཞི”དམིགས་ཚད་དུ་བྱེད་པ་བཅས་བྱས་ནས་བསམ་བློ་གསར་པ་ཤེས་རྟོགས་དང་། བླང་བྱ་གསར་པ་ཁོང་དུ་ཆུད་པ། བཀོད་སྒྲིག་གསར་པ་ཏན་ཏིག་བཅས་ཡོང་བར་བྱས་ཏེ་ལྷ་ས་འགག་སྒོ་ལས་ཁུངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་དང“ལོ་ལྔ་ཚན་བཅུ་བཞི་པའི”རིང་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ལེགས་སྐྱེས་གསར་པ་ཕུལ་ཡོད་པ་རེད།
  ལོ་མང་རིང་ལྷ་ས་འགག་སྒོ་ལས་ཁུངས་སུ“རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་མི་སྒེར”དང“རྒྱལ་ཡོངས་གཞོན་ནུ་ཤེས་དཔལ་ཅན”“རྒྱལ་ཡོངས་ལྔ་བཞིའི་དར་དམར་གྱི་གུང་གཞོན་སྡེ་ཚོགས་ཀྲི་པུའུ”“རྒྱལ་ཡོངས་ཤེས་དཔལ་ཁྱིམ་ཚང”“རྒྱལ་ཡོངས་རིམས་འགོག་ཁྱིམ་ཚང་ཡག་ཤོས”“རྒྱལ་ཡོངས་ཁྱིམ་ཚང་ཡག་ཤོས”སོགས་སྔོན་ཐོན་མི་སྒེར་དང་མཉམ་སྡེབ་སྔ་རྗེས་སུ་ཐོན་ཡོད་པ་རེད།
  མ་འོངས་པར་རྒྱང་ལྟ་བྱས་ན། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ལྷ་ས་འགག་སྒོ་ལས་ཁུངས་ཀྱིས་བློ་སྟོབས་དེ་བས་ཆེ་བ་དང་སྤྲོ་སེམས་དེ་བས་འཕེལ་བར་བྱས་ནས་གངས་ལྗོངས་ས་མཐོ་བརྟན་སྲུང་བྱས་ཏེ་གངས་ལྗོངས་ས་མཐོར་གསེར་གྱི་ལྡེ་མིག་ལས་དེ་བས་བཀྲག་མདངས་འཚེར་བར་བྱ་རྒྱུ་རེད།