ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

ཡན་ཅིན་ཧའེ་ཡིས་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་ལ་བརྟག་ཞིབ་གནང་བ།

སྤེལ་དུས 2022-05-17 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  ཉེ་ཆར། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཡན་ཅིན་ཧའེ་བོད་རང་སྐྱོང་ལྗོངས་མི་སྤྱི་ཐིང་དུ་བརྟག་ཞིབ་གནང་བར་ཕེབས་པ་རེད།
  ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་བོད་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཁྲེན་ཡུང་ཆི་བརྟག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།
  སྤྱི་ཚོགས་འགན་བཅོལ་སྒྲུབ་གཉེར་ཞབས་ཞུའི་ཚོམས་ཆེན་དུ། ཡན་ཅིན་ཧའེ་ཡིས་དོན་དག་སྒྲུབ་མཁན་མང་ཚོགས་དང་ལས་དོན་མི་སྣ་མཉམ་དུ་བྱམས་བརྩེའི་ངང་གླེང་མོལ་གནང་བ་དང་། ཞབས་ཞུའི་ནང་དོན་དང་སྒྲུབ་གཉེར་དུས་ཡུན་སོགས་ཀྱི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་བ་རེད། མང་ཚོགས་ལ་སྟབས་བདེ་ཡོང་ཆེད་སྡེ་ཁུལ་གྱི་ཁྲོམ་གཞུང་དང་དངུལ་རྩའི་དྲ་ཚུགས་བརྒྱུད་ཐག་ཉེ་སར་ལས་སྒོ་གཉེར་རྒྱུ་འཚོལ་ཞིབ་བྱེད་བཞིན་ཡོད་པ་མཁྱེན་རྗེས། ཁོང་གིས་ཐབས་མང་མཉམ་དུ་སྤྱད་ནས་དེ་བས་སྤུས་ལེགས་དང་དེ་བས་སྟབས་བདེའི་ཞབས་འདེགས་ཞུས་ནས་མང་ཚོགས་དང་ཁེ་ལས་ལ་དོན་དག་སྒྲུབ་པའི་ཞབས་ཞུ་དང་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་གཏོད་དགོས་ཞེས་གསུངས་པ་རེད། ངལ་རྩོལ་འགན་སྲུང་ལྟ་ཞིབ་སྣེ་ལེན་ཞབས་ཞུའི་ཚོམས་ཆེན་དུ་ཡན་ཅིན་ཧའེ་ཡིས་གླ་ཆ་འགྱངས་ཆད་ཀྱི་གནད་དོན་རྩ་བཅོས་ལས་དོན་སྤེལ་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་ཞིང་། ཁོང་གིས་མཚན་སྙན་ལ་གཅེས་སྤྲས་ལྡབ་བརྒྱ་བྱེད་པ་དང་། གཙོ་གནད་ཁྱབ་ཁོངས་ལ་མུ་མཐུད་དམ་འཛིན་ནན་པོ་བྱེད་པ། མཉམ་འབྲེལ་བསླབ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་ཞིང་པ་ལས་མིར་དཀའ་སྤྱད་དང་རྔུལ་ཆུར་བརྟེན་ནས་ཐོབ་པའི་གླ་ཆ་དུས་ཐོག་ཏུ་རག་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་གསུངས་པ་རེད། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་འགྲེམས་སྟོན་བརྙན་ཐུང་ལ་གཟིགས་སྐབས། ཡན་ཅིན་ཧའེ་ཡིས་2017ལོ་ནས་བཟུང་། བོད་ལྗོངས་ཀྱི་ལོ་འདི་གའི་སློབ་ཐོན་སློབ་མ་ཁྲོམ་རར་ལས་ཞུགས་ཐུབ་ཚད་70%ལྷག་ཙམ་ཟིན་པ་དང་། ལྷག་པར་དུ་ན་ནིང་ཐེམ་ཁུངས་བོད་ལྗོངས་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ་2400ལྗོངས་ཕྱིར་ལས་ཞུགས་ཐུབ་པ་དེ་ནི་ལས་འདེམས་འདུ་ཤེས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཕྱིན་པའི་མཚོན་ཚུལ་ཞིག་ཡིན་པས། དྲོ་སྐྱིད་ལྡན་པའི་ཞབས་ཞུ་དང་གོ་ཆོད་པའི་བྱ་ཐབས་མུ་མཐུད་སྤྱད་དེ་མཐོ་སློབ་སློབ་ཐོན་སློབ་མར་འདུ་ཤེས་ལ་འགྱུར་ལྡོག་གཏོང་རོགས་བྱས་ནས་ལས་ཞུགས་དེ་བས་ལེགས་པ་ཡོང་བར་བྱེད་དགོས་ཞེས་གསུངས་པ་རེད། ཆེད་ལས་ལག་རྩལ་མི་སྣའི་དོ་དམ་ཁྲུའུ་རུ་ཡན་ཅིན་ཧའེ་ཡིས། གོ་མིང་ཞིབ་དཔྱད་གཞི་རིམ་ལ་ཕྱོགས་ཤུགས་ཆེ་རུ་བཏང་ནས་གཞི་རིམ་གྱི་ཤེས་ལྡན་མི་སྣར་དེ་བས་རེ་བ་ཡོད་པར་བྱེད་པ་དང་ཤེས་ལྡན་མི་སྣ་གནས་ཐུབ་པར་བྱེད་དགོས་ཞེས་གསུངས་པ་རེད།
  བཞུགས་མོལ་ཚོགས་འདུའི་ཐོག་ཡན་ཅིན་ཧའེ་ཡིས། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཚང་མ་ནི་མི་དམངས་ལ་ཞབས་འདེགས་ཞུ་མཁན་ཡིན་པས། འགག་རྩ་ནི་མི་དམངས་དང་། ཤེས་ལྡན་མི་སྣ། མི་སེམས་བཅས་ལ་དམ་འཛིན་བྱེད་རྒྱུ་དེ་རེད། ལས་ཞུགས་སྔོན་ལ་འཇོག་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱེད་པ་དང་། ཁྲོམ་རའི་ལས་ཞུགས་ཀྱི་དཔེ་མཚོན་མི་སྣ་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། ཆབ་སྲིད་ཐད་སྔོན་ཐོན་གྱི་དཔེ་མཚོན་ལ་སེམས་ཁུར་མང་ཙམ་བྱེད་པ། དར་ཆ་ཡག་པོ་འཛུགས་པ། སྤྱི་ཚོགས་ཡོངས་དང་ལྷག་པར་དུ་གཞོན་ནུའི་ཚོགས་སྤྱིར་ལས་ཞུགས་ཀྱི་འདུ་ཤེས་ཧུར་ཐག་འགྱུར་རྒྱུར་ཁྲིད་སྟོན་བཅས་བྱས་ནས་མི་སྒེར་གྱི་རིན་ཐང་དེ་བས་ཡག་པོ་མངོན་པར་བྱེད་དགོས། ཐོན་ཁུངས་སྣ་ཚོགས་བསྡུ་སྒྲིལ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། ཞིང་འབྲོག་མང་ཚོགས་ཀྱི་ལས་ཞུགས་གཞན་སྒྱུར་གསོ་སྦྱོང་གི་དངོས་ཕན་རང་བཞིན་དང་དམིགས་སའི་རང་བཞིན་ཆེ་རུ་བཏང་སྟེ། མི་སེར་ཚོར་དངོས་འབྲེལ་སྦྱོང་འདོད་པ་དེ་ཤེས་པར་བྱེད་པ་དང་། ཤེས་རྗེས་ཐག་ཉེ་སར་ལས་ཞུགས་ཐུབ་པར་བྱེད་དགོས། གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིར་ལས་ཞུགས་ཀྱི་རོགས་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་རྒྱ་ཆེའི་མི་དམངས་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་ཐུབ་པ་བྱེད་དགོས། ཤེས་ལྡན་མི་སྣ་གཅིག་སྡུད་བྱེད་པ་དང་། རྒྱལ་ཁབ་ཀྱིས་བོད་ལ་གནང་བའི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་ཡག་པོ་བྱས་ཏེ། བྱ་གཞག་དང་བརྩེ་སེམས་ལ་བརྟེན་ནས་ཤེས་ལྡན་མི་སྣ་གནས་པ་དང་། དེ་བས་ཐོབ་ཆར་བརྟེན་ནས་ཤེས་ལྡན་མི་སྣ་གནས་ཐུབ་པར་བྱས་ནས། ཤེས་ལྡན་མི་སྣ་གཞི་རིམ་གྱི་འཐབ་ཕྱོགས་དང་པོར་སྐྱོད་རྒྱུར་ལྕག་སྐུལ་དང་ཁྲིད་སྟོན་བྱེད་དགོས། དམངས་འཚོའི་མཐའ་ཚད་བརྟན་པོ་སྲུང་བ་དང་། དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་འཇོག་པ། མང་ཚོགས་ཉེ་འགྲམ་གྱི་དོན་ཆུང་དག་ང་ཚོའི་དོན་ཆེན་ལ་བརྩིས་ནས་དམ་འཛིན་བྱེད་པ། “འགན་ལེན་བྱེད་དགོས་རིགས་འགན་ལེན་གང་ལེགས་བྱེད་པ་དང་། འགན་ལེན་དམིགས་སར་འབྱོར་ཐུབ་པ”བྱས་ཏེ“འགན་ལེན་དྲ་རྒྱ”དེ“བདེ་འཇགས་དྲ་རྒྱ”དང“བློ་བདེའི་དྲ་རྒྱར”དངོས་འབྲེལ་འགྱུར་བ་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བའི་བྱེད་པོའི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱེད་པ། སྤྱོད་ཚུལ་ལེགས་སུ་གཏོང་བ། དོན་འཁྱོལ་ལ་དམ་འཛིན་བྱེད་པ། མཐའ་ཚད་ཡག་པོ་སྲུང་བ། དམར་ཐིག་ལ་མི་རེག་པ་བཅས་བྱས་ནས་ཏང་ཨུད་དང་སྲིད་གཞུང་གི“བློས་འཁེལ་བའི་མི”དང་མི་དམངས་མང་ཚོགས་ཀྱི“སྙིང་ཉེ་བ”ཡག་པོ་ཞིག་བྱེད་དགོས་པའི་ནན་བཤད་གནང་བ་རེད།
རྩོམ་སྒྲིག་པ། བདེ་སྒྲོན།