ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

སྟག་མའི་མེ་ཏོག་གིས་བརྒྱན་པའི་རི་ཀླུང་།

ལྷོ་ཁའི་མཐའ་མཚམས་བརྟན་སྲུང་དང་འབད་འཐབ་བྱེད་མཁན་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཀྱི་སྐོར་བཀོད་པ།

སྤེལ་དུས 2022-05-18 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  2012ལོར་པད་མ་སྒྲོལ་དཀར་དང་ཁོང་གི་བཟའ་ཟླས་འབྲི་གཡག་འདེད་བཞིན་ལྷོ་བྲག་རྫོང་ལ་རྒྱབ་ཤང་ནས་ཐོན་ཏེ་ལྷོ་ནུབ་ཕྱོགས་སུ་བསྐྱོད། ཁོང་གཉིས་ཀྱིས་ལ་ཆེན་པོ་གཉིས་བརྒལ་བ་དང་ལྟོགས་ན་རྩམ་པ་ཁམ་གང་ཟ་བ་དང་སྐོམ་ན་ཆུ་ཧབ་གང་བཏུངས་ནས་ཉིན་གསུམ་གྱི་རི་ལམ་བཞུད་རྗེས། མཐར་བྱི་ལི་ཕུག་གྲོང་ཚོའི་མར་རྒྱས་ཐང་འབྲོག་རར་འབྱོར། ཕྱོགས་བཞིར་རབ་ཏུ་བཞད་པའི་སྟག་མའི་མེ་ཏོག་ལ་ལྟ་བཞིན་ངལ་དུབ་ཀྱིས་མནར་བའི་པད་མ་སྒྲོལ་དཀར་སེམས་པ་ལྷོད་ལ་བབས་ཏེ་བཟའ་ཟླར་ད་ནས་བཟུང་ས་ཆ་དེ་ང་ཚོའི་ཁྱིམ་ཚང་རེད་ཅེས་བཤད།
  2017ལོའི་དགུན་ཁར་ལེགས་པོ་རོང་ལ་གངས་ཆེན་པོ་བབས་ཤིང་། མཚོ་སྣ་རྫོང་སླད་ཤང་གི་ལས་བྱེད་པ་སྐལ་བཟང་བསྟན་འཛིན་གྱིས་ཕྱིར་གངས་ཆེན་པོ་བབས་པ་ཤེས་བཞིན་དུ་མཐའ་མཚམས་སུ་སྐོར་གཡེང་བྱེད་པར་འགྲོ་རྒྱུའི་བློ་ཐག་བཅད། མི་བཞིས་གཟབ་གཟབ་ངང་བསྐྱོད་མཐར་རི་སྟེང་དུ་ཡོད་པའི་སྐོར་གཡེང་གི་རྟགས་ཡོད་སའི་ས་ཚིགས་སུ་འབྱོར་སྐབས་ས་རུབ་པ་དང་གངས་ཡང་བབས་ཚད་མང་དུ་ཕྱིན་ནས་སྐེད་པ་བར་སླེབས། སྐལ་བཟང་བསྟན་འཛིན་གྱིས་དེ་རིང་ལོག་ཐུབ་མ་སོང་སྙམ། ཁོང་ཚོ་ཁ་བ་བུ་ཡུག་ཁྲོད་བཀྲེས་ལྟོགས་ཀྱིས་མནར་ནས་ཆུ་ཚོད་བཅུ་ལྷག་ཙམ་ལུས། ཉིན་གཉིས་པའི་ཞོགས་པ། ལམ་གསལ་པོ་མི་མཐོང་ཡང་སྐལ་བཟང་བསྟན་འཛིན་གྱིས་བློ་ཁོག་ཆེན་པོས་ལམ་སྣེ་ཁྲིད་ནས་སྤྱི་ལེ་8ཙམ་རྐང་ཐང་མར་བསྐྱོད་མཐར་གཞི་ནས་གྲོང་ཚོར་འབྱོར།
  ལྷོ་ཁ་གྲོང་ཁྱེར་ལ་སྤྱི་ལེ་600ལྷག་ཙམ་གྱི་མཐའ་མཚམས་ལམ་ཐིག་ཡོད་ཅིང་། གངས་ལྗོངས་མཐའ་མཚམས་ཀྱི་གྲོག་རོང་ཁྲོད་མཛེས་སྡུག་ལྡན་པའི་གྲོང་ཚོ་དང་གྲོང་རྡལ་དཔེར་ན་ཡུལ་སྨད་ཤང་དང་། སླད་ཤང་། ལ་རྒྱབ་ཤང་། ལོ་ཝ་གྲོང་གསར། སྲས་གྲོང་ཚོ། བྱི་ལི་ཕུག་གྲོང་ཚོ་སོགས་ཡོད།
  གཞོན་ནུ་དེ་བས་མང་བ་མཐའ་དར་དཔུང་ཁག་ནང་ཞུགས་པ།
  ལྷུན་རྩེ་རྫོང་ཡུལ་སྨད་ཤང་དུ་སྔོན་མ་དུད་ཚང་9དང་མི་གྲངས་32ནས་ད་ཆ་དུད་ཚང་67དང་མི་གྲངས་240བར་ཡོད་ཅིང་། ལམ་དང་གློག་མེད་པ་ནས་ཁང་པ་གསར་པ་དང་། གྲོང་ཚོ་གསར་པ། རྣམ་པ་གསར་པ་བཅས་བར་གྱི་དུས་ཐུང་ལོ་འགའི་འགྱུར་ལྡོག་ཆེན་པོ་ལས། མཐའ་མཚམས་ཀྱི་ལས་བྱེད་པ་དང་མང་ཚོགས་གཅིག་སེམས་གཅིག་སྒྲིལ་དང་། བདེ་སྡོད་ལས་བརྩོན། ཞི་མཐུན་བརྟན་ལྷིང་བཅས་ཀྱི་འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མངོན་བཞིན་མཆིས།
  ཡུལ་སྨད་ལུང་ཤུར་གྱི་འབྱོར་འབྲིང་གྲོང་ཚོ་གསར་པ་སྟེ་སྨྱུག་གླིང་ཐང་གྲོང་ཚོ་2020ལོའི་ཟླ་7པར་བསྐྲུན་ཞིང་། ལོ་39ལ་སླེབས་པའི་བསོད་ནམས་གཡང་འཛོམས་ཀྱི་ཁྱིམ་ཚང་ནི་གྲོང་ཚོ་གསར་པར་སྤོ་མཁན་གྲོང་མི་ཁག་དང་པོའི་གྲས་ཤིག་རེད། ཁོང་གིས་རང་འགུལ་ངང་རེ་ཞུ་ཕུལ་ནས་གནས་དེར་སྤོས་པས། ད་ཆ་ཡུལ་སྨད་ཀྱི་གྲོང་མི་གསར་པར་གྱུར།
  ཁོང་གིས"ཡུལ་སྨད་ཀྱི་ས་བབ་དམའ་ལ་ཁོར་ཡུག་མཛེས་པོ་ཡོད། རྒྱལ་ཁབ་ཀྱིས་ང་ཚོར་སྡོད་ཁང་གསར་པ་བརྒྱབ་པ་དང་སྲིད་ཇུས་བཟང་པོ་ལག་བསྟར་བྱས་པས་ང་ཚོའི་འཚོ་བ་ཡག་པོ་ཡོད། འདི་གར་ཕྱུགས་འཚོ་བཞིན་མཐའ་མཚམས་སྲུང་སྐྱོང་བྱེད་པ་ནི་བདེ་སྐྱིད་ཆེ་ཤོས་ཀྱི་བྱ་བ་ཞིག་རེད"ཅེས་བཤད།
  ཕུགས་བསམ་ཡོད་པ་དང་། འགན་སེམས་ཆེ་བ། བྱས་རྗེས་འཇོག་ཕོད་པ་བཅས་ཀྱི་དུས་རབས་གསར་པའི་གཞོན་ནུ་དེ་བས་མང་བ་མཐའ་དར་མཐའ་བརྟན་གྱི་དཔུང་ཁག་ནང་ཞུགས་ནས་མཐའ་མཚམས་འཕེལ་རྒྱས་ཆེད་རང་ཉིད་ཀྱི་ལང་ཚོ་ལེགས་སྐྱེས་སུ་འབུལ་བཞིན་ཡོད།
  སྟག་མའི་མེ་ཏོག་བཞིན་དུ་ལང་ཚོའི་མེ་ཏོག་མཐའ་མཚམས་སུ་བཞད།
  རི་ལ་རི་རྒྱུད་བརྒལ་ནས་ཡུལ་སྨད་ནུབ་ཕྱོགས་སུ་སྤྱི་ལེ་70ཙམ་བསྐྱོད་ན། ལྷུན་རྩེ་རྫོང་རྫ་རི་ཤང་དུ་འབྱོར་གྱི་ཡོད། རི་ལམ་བརྒྱུད་ཐག་རིང་དུ་ཕྱོགས་སྐབས། ཆུ་བོ་ཤང་ཤང་དུ་རྒྱུག་པ་དང་གྱང་དཀར་རྫ་ཡམ་གྱིས་བརྒྱན་པའི་མཛེས་སྡུག་ལྡན་པའི་གྲོང་རྡལ་ཆུང་ངུ་ཞིག་སྔོ་ལྗང་རི་ཀླུང་ཁྲོད་དུ་མངོན་བཞིན་འདུག
  གནས་དེ་ནས་མཐའ་སྲུང་འབད་འཐབ་ཀྱི་གཏམ་རྒྱུད་མང་པོ་ཐོས་རྒྱུ་ཡོད།
  2021ལོའི་དཔྱིད་ཀར། ཡུས་ཀྲེ་ཕིང་རྫོང་གྲོང་ནས་རྫ་རི་ཤང་ཏང་ཨུད་ཀྱི་ཧྲུའུ་ཅིར་ལས་སྒྱུར་བྱས་པ་དང་། ལོ་གཅིག་ལྷག་ཙམ་རིང་ཁོང་གིས་གྲོང་ཚོ་དང་དུད་ཚང་མང་ཆེ་བར་བསྐྱོད་དེ་དམངས་ཀྱི་གནས་ཚུལ་ཤེས་རྟོགས་དང་། རི་ཀླུང་ཆུ་བརྒལ་གྱིས་མཐའ་མཚམས་སྲུང་སྐྱོང་། དཔལ་འབྱོར་འཛུགས་སྐྲུན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཡོད། ཁོང་གི་ངོས་ནས་བརྗོད་ན། ཐག་རིང་ལུང་ཁུག་དང་མཛེས་སྡུག་ལྡན་པའི་རྫ་རི་ཤང་ནི་འབད་འཐབ་ཁྲོད་མི་ཚེའི་རིན་ཐང་མངོན་པར་བྱེད་པའི"གཡུལ་ས"གསར་པ་ཞིག་རེད།
  ཡུས་ཀྲེ་ཕིང་གིས"ང་ནི་རྫ་རི་མང་ཚོགས་ཀྱི་འགོ་ཁྲིད་ཡིན་པས་མཐའ་དར་མཐའ་བརྟན་གྱི་ཁུར་པོ་གཞན་སུ་ཞིག་ལས་ཀྱང་ལྕི་བ་ཡོད། ངས་ཉི་མ་གང་འཁྱོལ་བྱས་ན་ག་ནས་འགྲིག ངེས་པར་དུ་ལས་ཀ་ཧུར་ཐག་སྒྲུབ་དགོས"ངེས་རེད་ཅེས་བཤད།
  རང་བྱུང་གི་གསོ་རླུང་སྣོད་ཅེས་བརྗོད་པའི་མཚོ་སྣ་རྫོང་ལེགས་པོ་ལུང་ཤུར་ནི་ལྗོངས་ཡོངས་ཀྱི་མཐའ་བརྟན་མཐའ་དར་དམངས་ཕྱུག་བྱ་སྤྱོད་ཁྲོད་སྔོན་ལ་འཕེལ་རྒྱས་བྱུང་བའི་ས་ཆ་ཞིག་རེད།
  མག་མག་ཤང་གི་པད་མ་སྒྲོལ་མ་ནི་ལེགས་པོ་ལུང་ཤུར་དུ་འཚར་ལོངས་བྱུང་ཞིང་། ཡུལ་དེ་ནས་ཁ་བྲལ་མྱོང་མེད་པའི་བུ་མོ་ཁོང་ད་ཆ"གྲོང་ཚོའི་ཞིང་པའི་སྤྲོ་སྐྱིད་ཁང་ཡག་ཤོས"ཀྱི"སྦྱིན་བདག"ཏུ་གྱུར་ཡོད། བརྟན་སྲུང་དང་འབད་འཐབ་བརྒྱུད། ཁོང་གི་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ནས་མི་ཚེར་དེ་བས་དོན་སྙིང་ལྡན་པར་གྱུར་བ་མ་ཟད། "བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན"ཞིག་ཏུ་གྱུར་ཡོད།
  སླད་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་ཝང་ཧའེ་ཐའོ་ཡང་ལེགས་པོ་ལུང་ཤུར་གྱི་འབད་འཐབ་པ་ཞིག་རེད། སླད་ཤང་དུ་ལས་ཀ་བྱས་ནས་ལོ་3སོང་བའི་ཁོང་གིས"མི་རིགས་ཁག་གི་མང་ཚོགས་དང་མཉམ་དུ་མཐའ་མཚམས་འཕེལ་རྒྱས་གཏོང་རྒྱུ་བྱུང་བ་ནི་ངའི་བསོད་ནམས་ཡིན"ཞེས་བཤད།
  མཐའ་མཚམས་བརྟན་སྲུང་བྱས་ནས་གནོང་འགྱོད་མེད་པར་ལང་ཚོ་སྐྱེས་སུ་ཕུལ།
  ལྷོ་བྲག་རྫོང་ནི་འབྲུག་ཡུལ་དང་ས་འབྲེལ་ཡིན་པ་དང་མཐའ་མཚམས་ཀྱི་ལས་བྱེད་པ་དང་མང་ཚོགས་ཚོས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་ཡོད།
  སྲས་གྲོང་ཚོར་བཅའ་སྡོད་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་ཡེ་ཡན་པའོ་གྲོང་ཚོར་བཅའ་སྡོད་བྱས་ནས་ལོ་3ལྷག་ཙམ་སོང་ཞིང་། སྲས་གྲོང་ཚོའི་ཁྱད་ལྡན་ཚོང་ལས་ཁྲོམ་གཞུང་དང་འབྱོར་འབྲིང་གྲོང་ཚོ་བསྐྲུན་པ་དང་། སྣུམ་ནག་ལམ་ཤར་གཏོང་ཐུབ་པ། གུར་ལ་གངས་སྐོར་མཚེའུ་རུ་ལམ་བཟོས་པ་བཅས་ཀྱི་དཔང་པོ་བྱེད་ཐུབ། ཁོང་གིས་ལྷ་སའི་སྟག་གདོང་གྲོང་ཚོར་ཐེངས་གཉིས་བསྐྱོད་དེ་ཁྱད་ལྡན་ཡུལ་སྐོར་འཕེལ་རྒྱས་ཀྱི་ཉམས་མྱོང་སློབ་སྦྱོང་བྱས་པ་དང་། ཕུན་ཚོགས་ཁང་བཟང་སོགས་གྲགས་ཅན་མགྲོན་ཁང་དང་འབྲེལ་གཏུག་བྱས་ནས་མགྲོན་ཁང་གི་རྣམ་གྲངས་སྲས་གྲོང་ཚོར་ནང་འདྲེན་བྱས་ཏེ་ཡུལ་སྐོར་འཕེལ་རྒྱས་ཆེད་ལས་དོན་མང་དག་བསྒྲུབས་ཡོད།
  ཡེ་ཡན་པའོ་ཡིས་ཁེངས་སྐྱུང་ངང"མཐའ་མཚམས་ནི་ཡངས་ཤིང་རྒྱ་ཆེ་བའི་གར་སྟེགས་རེད། ང་ནི་གཞི་རིམ་ལས་བྱེད་པ་དཀྱུས་མ་ཞིག་ཡིན་པས་ནུས་པས་ལྕོགས་ཚོད་ཀྱིས་གྲོང་གསེབ་འཕེལ་རྒྱས་ཆེད་ཕན་ཡོད་ཀྱི་བྱ་བ་ཏོག་ཙམ་སྒྲུབ་པ་ནི་ངས་འདི་གར་བརྟན་སྲུང་བྱེད་པའི་སྒུལ་ཤུགས་ཡིན"ཞེས་བཤད།
  ཡེ་ཡན་པའོ་དང་འདྲ་བའི་ཡངས་ཤིང་རྒྱ་ཆེ་བའི་མཐའ་མཚམས་སུ་ལེགས་སྐྱེས་འབུལ་མཁན་གཅིག་རྗེས་གཉིས་མཐུད་ངང་ཐོན་བཞིན་ཡོད།
  ནགས་ཚལ་སྟུག་པོའི་ཁྲོད་གནས་པའི་ལ་རྒྱབ་ཤང་ཏང་ཨུད་ཀྱི་དེ་སྔའི་ཧྲུའུ་ཅི་ཀུན་བཟང་བསྟན་འཛིན་དེ་གར་ལོ་30བསྡད་ནས་རྒྱལ་ཁབ་ཀྱི་ཆེད་དུ་མཐའ་མཚམས་བསྲུངས་ཡོད། ལོ་84ལ་སླེབས་པའི་བསོད་ནམས་ཆོས་འཕེལ་དང་ལོ་64ལ་སླེབས་པའི་མི་འགྱུར་བཀྲ་ཤིས་གཉིས་ཀྱིས་1995ལོར་བྱི་ལི་ཕུག་ཏུ་ཕྱུགས་འཚོས་ནས་མཐའ་མཚམས་སྲུང་བ་ནས་བཟུང་བྱི་ལི་ཕུག་ལྟ་སྲུང་བྱེད་མཁན་མེད་པའི་ལོ་རྒྱུས་མཇུག་འགྲིལ་བ་མ་ཟད། ད་བར་བརྟན་སྲུང་བྱས་ནས་བསྡད་ཡོད། ལ་རྒྱབ་ཤང་དུ་ལོ་མང་འབད་འཐབ་བྱེད་མྱོང་བའི་ཤང་ཏང་ཨུད་ཀྱི་ད་ལྟའི་ཧྲུའུ་ཅི་ཀུའུ་ཧྲེ་ཁྲའོ་ཡི་ཕ་ཡུལ་ནི་ཧོ་ནན་ནས་ཡིན་པ་དང་། ཁོང་གིས་ལ་རྒྱབ་གྲོང་ཚོ་དང་བྱི་ལི་ཕུག་གྲོང་ཚོའི་མཐའ་མཚམས་ཀྱི་འབྱོར་འབྲིང་གྲོང་ཚོ་བསྐྲུན་པ་དང་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་ཕྱིན་པ་མིག་མཐོང་ལག་ཟིན་བྱུང་ཡོད། བྱི་ལི་ཕུག་གྲོང་ཚོའི་ལས་བྱེད་པ་མིག་དམར་བསམ་གྲུབ་དང་ཟླ་བ་གཡང་འཛོམས་གཉིས་པོས་ཕ་མེས་ཀྱི་སྙིང་སྟོབས་རྒྱུན་འཛིན་བྱས་ཏེ་མུ་མཐུད་མཐའ་མཚམས་བརྟན་སྲུང་བྱས་ནས་ལང་ཚོ་སྐྱེས་སུ་ཕུལ་ཡོད། སྙིང་སྟོབས་རབ་སྤེལ་དང་། དཀའ་སྡུག་ལ་མི་སྐྲག་པ། ཡུལ་པོ་བཟོད་ཐུབ་མཁན་བཅས་ཀྱི་ན་གཞོན་ལས་བྱེད་པ་བསྟན་འཛིན་ཕུན་ཚོགས་དང་ལི་ལིས་བརྟན་སྲུང་དང་འབད་འཐབ་ལ་བརྟེན་ནས་ལང་ཚོའི་མེ་ཏོག་མཐའ་མཚམས་སུ་བཞད་པར་བྱས་ཡོད།