ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བཟོ་བོའི་སྙིང་སྟོབས་དར་སྤེལ་བཏང་། གསར་གཏོད་རྒྱུན་འཛིན་ལས་ལ་འབད།

ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དཔྱད་འདེམས་ཀྱི་བྱེད་སྒོ་སྐབས་དང་པོའི་སྐོར་བཀོད་པ།

སྤེལ་དུས 2022-05-19 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།

    ལྷ་སའི་མི་རིགས་ལག་ཤེས་ལས་རིགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། བཟོ་རྩལ་མཛེས་རྩལ་ཐོན་རྫས་ཇུས་འགོད་གསར་སྤེལ་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། བཟོ་རྩལ་མཛེས་རྩལ་བཀོལ་སྤྱོད་དང་ཁྲོམ་ར་ཕུན་སུམ་ཚོགས་སུ་དང་རྒྱ་སྐྱེད་དུ་གཏོང་བ། ཁྱད་ལྡན་ལེགས་ཆའི་ཐོན་ལས་དར་རྒྱས་གོང་འཕེལ་གཏོང་བ། ལས་རིགས་ཀྱི་སྙན་གྲགས་དང་མཚན་སྙན་མཐོ་རུ་གཏོང་བ་བཅས་བྱེད་ཆེད། ལྷ་ས་གྲོང་ཁྱེར་སྲིད་གཞུང་དང་། དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས། རིག་གནས་ཅུས་སོགས་འབྲེལ་ཡོད་ཚན་པ་དང་སྡེ་ཚན་གྱིས་ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དཔྱད་འདེམས་ཀྱི་བྱེད་སྒོ་སྐབས་དང་པོ་སྤེལ་བ་རེད། ད་ཐེངས་སྲོལ་རྒྱུན་གྱི་བཟོ་རྩལ་མཛེས་རྩལ་རྒྱུན་འཛིན་དང་། གསར་གཏོད། འཕེལ་རྒྱས་བཅས་གཏོང་བར་རྩེ་གཅིག་ཏུ་གཞོལ་བཞིན་པའི་ཕུལ་བྱུང་གི་ཤེས་ལྡན་མི་སྣ་དཔྱད་འདེམས་དང་། ཁོང་ཚོར་ལྕག་སྐུལ། གཟེངས་བསྟོད་བཅས་བྱས་ནས་རྩལ་ནུས་ཆེ་བའི་ཤེས་ལྡན་མི་སྣ་ཤེས་རྟོགས་དང་། བསྡུ་ལེན། གསོ་སྐྱོང་བཅས་ཀྱི་ཐབས་ལམ་སྔར་བས་མང་དུ་གཏོང་བ་དང་། གྲངས་འབོར་འདང་ངེས་དང་། གྲུབ་ཆ་ལུགས་མཐུན། ལག་ཤེས་བྱང་ཆུབ་པ། བྱང་ཚད་ལེགས་པ་བཅས་ཀྱི་བཟོ་རྩལ་མཛེས་རྩལ་ཤེས་ལྡན་མི་སྣའི་དཔུང་ཁག་ཅིག་གཏོད་པ། སྲོལ་རྒྱུན་གྱི་བཟོ་རྩལ་མཛེས་རྩལ་རྩལ་ནུས་རྒྱུན་འཛིན་དང་གསར་གཏོད་ལ་སྐུལ་འདེད་གཏོང་བ། ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཐོན་ལས་འཕེལ་རྒྱས་དང་དར་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱ་རྒྱུ་རེད།

    ཤེས་རྟོགས་བྱུང་བར་གཞིགས་ན། ལྷ་ས་གྲོང་ཁྱེར་གྱི་མི་རིགས་ལག་ཤེས་ལས་རིགས་འཕེལ་རྒྱས་ཡག་པོ་གཏོང་ཆེད། ལྷ་ས་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གིས་འབྲེལ་ཡོད་སྒྲིག་གཞིར་ཚན་རིག་དང་མཐུན་པའི་སྒོ་ནས་སྒྲིག་འཛུགས་དང་བཀོད་སྒྲིག་ཚགས་ཚུད་པོ་བྱས་ཏེ། ཡོངས་བསྒྲགས་དང་། འདྲ་མཉམ། དྲང་གཞག་བཅས་ཀྱི་རྩ་དོན་མཐའ་འཁྱོངས་ཀྱིས་ལས་རིགས་ཀྱི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་གསོ་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་ལྷ་ས་གྲོང་ཁྱེར་གྱི་ཁྱད་ལྡན་ལེགས་ཆའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་འགོ་འཛུགས་ས་དང་དོན་ལ་བབས་སར་བྱས་ཏེ། ད་ཐེངས་ཀྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དཔྱད་འདེམས་ཀྱི་ལས་དོན་ཡག་པོ་སྤེལ་བ་རེད། 

ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དཔྱད་འདེམས་ཀྱི་བྱེད་སྒོ་སྐབས་དང་པོར་ཚུད་པའི་འཇིམ་བརྙན་བརྩམས་ཆོས།
    དཔྱད་འདེམས་ལས་དོན་སྒྲུབ་གཉེར་སྒྲིག་གཞི་ཡིན་པའི་གྲོང་ཁྱེར་དཔལ་འབྱོར་དང་ཆ་འཕྲིན་ཅན་ཅུས་ཀྱིས་རང་འགུལ་ངང་ལས་རྗེས་གཏོད་པ་དང་འགན་སེམས་བཅངས་ཏེ་དཔྱད་འདེམས་ཀྱི་ལས་དོན་ཡག་པོ་སྒྲུབ་ཆེད་དུས་འགོའི་ལས་དོན་རབ་དང་རིམ་པ་སྤེལ་བ་རེད། 《ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དཔྱད་འདེམས་དང་མིང་འདོགས་པའི་དོ་དམ་བྱེད་ཐབས》ཀྱི་འབྲེལ་ཡོད་གཏན་འབེབས་དང་རང་མོས་ཀྱི་རྩ་དོན་ལ་གཞིགས་ཏེ་སྔོན་ནས་མིང་ཐོ་འགོད་པ་དང་། འོས་བབ་སྔོན་བཤེར། མཚན་སྙན་ཞིབ་དཔྱད་བཅས་བྱས་རྗེས་ཆ་རྐྱེན་དང་མཐུན་པའི་འགྲན་ཞུགས་པ་143ཡོད་ཅིང་། དེའི་གྲས་སུ་ལྷ་ས་གྲོང་ཁྱེར་གྱི་རྫོང(ཆུས)དང་ལྗོངས་ནང་ཁུལ་གྱི་གྲོང་ཁྱེར(ས་ཁུལ)ལྗོངས་ཕྱིའི་ཞིང་ཆེན་དང་རང་སྐྱོང་ལྗོངས་ཁག་གཅིག་གི་ལྷ་སར་ཡོད་པའི་བཟོ་རྩལ་དང་མཛེས་རྩལ་གྱི་ལས་རིགས་ནང་ཞུགས་ནས་ལོ་10ཡན་སོང་བའི་ལས་གཉེར་བ་བཅས་ཚུད་ཡོད། 

གྲོང་མིས་ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དཔྱད་འདེམས་ཀྱི་བྱེད་སྒོ་སྐབས་དང་པོའི་འགྲན་ཞུགས་བརྩམས་ཆོས་པར་རྒྱག་བཞིན་པ།
    འགྲན་ཞུགས་བརྩམས་ཆོས་གྲས་སུ། ཐང་ག་དང་། ལྕགས་རིགས་རྡུང་བཟོ། འཇིམ་བརྙན། ཤིང་བརྐོས། རྡོ་བརྐོས། གོས་ཐང་། འཚེམ་དྲུབ། འཁལ་འཐག རྒྱན་གོས། ཀོ་ཆས། རྫ་ཆས། སྲོལ་རྒྱུན་རོལ་ཆ་སོགས་རིགས་ཆེ་བ་དགུའི་སྣེ་ཁ་དྲུག་གི་བརྩམས་ཆོས་བསྡོམས་286ཡོད། དཔྱད་འདེམས་ཀྱི་དུས་ཡུན་ནང་འགྲན་ཞུགས་བརྩམས་ཆོས་འགྲེམ་སྟོན་དང་། རང་སར་བཟོ་བའི་རྩལ་ནུས་འགྲན་བསྡུར། མི་སྒེར་གྱི་ལས་རྗེས་དཔྱད་ཞིབ་སོགས་ལྷུ་ཚིགས་ཀྱི་རིམ་པ་མང་བའི་འགྲན་བསྡུར་བྱས་རྗེས་གཞི་ནས་གཟེངས་བསྟོད་ཀྱི་འོས་མི་འདེམས་ཀྱི་ཡོད།

ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ཆེ་མོ་བ་དཔྱད་འདེམས་ཀྱི་བྱེད་སྒོ་སྐབས་དང་པོར་ཚུད་པའི་བོད་ཤོག་སྤྱད་དེ་བཟོས་པའི་ཕྱུ་པ(གཡོན་གྱི་དང་པོ)
    ལྷ་ས་གྲོང་ཁྱེར་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་པ་འབོར་ཆེན་ཞིག་འཛོམས་ནས་ཕུན་སུམ་ཚོགས་པའི་རྒྱུན་འཛིན་ལག་རྩལ་གྲུབ་ཡོད། ལྷག་པར་དུ་བོད་ཞི་བས་བཅིངས་འགྲོལ་བཏང་ཚུན་ལྷ་ས་གྲོང་ཁྱེར་གྱི་མི་རིགས་ལག་ཤེས་བཟོ་རྩལ་ལས་རིགས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད། 

འགྲན་བསྡུར་ནང་ཞུགས་མཁན་ལ་དཔྱད་ཞིབ་བྱེད་བཞིན་པ།
    ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་དགེ་རྒན་ཆེ་མོ་བ་དཔྱད་འདེམས་ཀྱི་བྱེད་སྒོ་སྐབས་དང་པོ་སྤེལ་འགོ་ཚུགས་པ་དེ་ཐོག་ནས་ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ལས་རིགས་འཕེལ་རྒྱས་གཏོང་རྒྱུ་དེ་འགོ་འཛུགས་ས་གསར་པའི་ཐོག་སླེབས་པ་མཚོན་ཡོད། རང་སྐྱོང་ལྗོངས་དང་གྲོང་ཁྱེར་རིམ་གཉིས་ཏང་ཨུད་དང་སྲིད་གཞུང་གི་འགོ་ཁྲིད་སྟོབས་ལྡན་དང་ཚད་མཐོའི་མཐོང་ཆེན་དང་། རང་སྐྱོང་ལྗོངས་དཔལ་འབྱོར་དང་ཆ་འཕྲིན་ཅན་ཐིང་གི་ཞིབ་ཕྲའི་མཛུབ་ཁྲིད། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་རྒྱབ་སྐྱོར་ཤུགས་ཆེན་བཅས་ཀྱི་འོག ལས་གཉེར་བ་ཡོངས་ཀྱིས་ཐུན་མོང་ཐོག་འབད་འཐབ་བྱས་པ་བརྒྱུད། ལྷ་ས་གྲོང་ཁྱེར་གྱི་བཟོ་རྩལ་མཛེས་རྩལ་ལས་རིགས་དང་ཐ་ན་མི་རིགས་ལག་ཤེས་ལས་རིགས་ཀྱིས་འོད་སྟོང་གསར་པ་གཏོད་ཐུབ་ངེས་ཡིན་པ་དང་། མཐུན་སྒྲིལ་དང་། འབྱོར་ཕྱུག ཤེས་དཔལ། ཞི་མཐུན། མཛེས་སྡུག་བཅས་ལྡན་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ལྷ་ས་གསར་པ་སྐྲུན་པར་ལྷ་སའི་མི་རིགས་ལག་ཤེས་ལས་རིགས་ཀྱི་སྟོབས་ཤུགས་དེ་བས་ཆེ་བ་སྐྱེས་སུ་འབུལ་ངེས་རེད།
རྩོམ་སྒྲིག་པ། བདེ་སྒྲོན།