ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

མཚོ་བོད་ལྕཌ་ལམ་གོར་ལྷ་དུམ་བུ་གློག་རླངས་ཅན་ལ་བསྒྱུར་རྒྱུ་རེད་འདུག

སྤེལ་དུས 2022-05-19 ཡོང་ཁུངས། བོད་ལྗོངས་ཉིན་ཚགས། རྩོམ་པ་པོ།
  ཉིན་ཤས་གོང་གསར་འགོད་པར་བོད་རང་སྐྱོང་ལྗོངས་འཕེལ་སྒྱུར་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར། རྒྱལ་ཁབ་ཀྱིས་འདི་ལོའི་ཟླ་6པའི་ཟླ་སྨད་དུ་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུ་གློག་རླངས་ཅན་ལ་སྒྱུར་བཀོད་བྱ་རྒྱུའི་འཆར་གཞི་ཡོད་པ་དེའི་ལས་ཡུན་ལོ་3ཡིན་པ་དང་། ཚོད་དཔག་བྱས་པ་ལྟར་ན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་དུང་ཕྱུར་148.4གཏོང་རྒྱུ་ཡིན་པའི་ནང་བོད་ལྗོངས་དུམ་བུར་སྒོར་དུང་ཕྱུར་72.06གཏོང་རྒྱུ་རེད།
  མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུ་གློག་རླངས་ཅན་གྱི་སྒྱུར་བཀོད་ལས་གྲྭ་དེ་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་མ་ལམ་གྱི་རིང་ཚད་སྤྱི་ལེ་1136.338ལ་ཁྱབ་རྒྱུ་དང་། ལྷ་སའི་བབས་ཚུགས་ཕུད་པའི་དེ་བྱིངས་ཀྱི་མེ་འཁོར་བབས་ཚུགས་32ཀྱི་འབྱོར་ཐོན་རིང་ཚད་སྨི་850བར་རིང་དུ་འགྲོ་རྒྱུ་མ་ཟད། ཨ་མདོ་དང་། ནག་ཆུ། འདམ་གཞུང་བཅས་མེ་འཁོར་བབས་ཚུགས་3གྱི་འགྲུལ་སྐྱེལ་སྒྲིག་བཀོད་སྒྱུར་བཀོད་བྱས་ནས་ཤུགས་འགྲེམས་མེ་འཁོར་མེ་འཁོར་བབས་ཚུགས་སུ་ཁ་འགོག་པའི་དགོས་མཁོ་བསྐང་རྒྱུ་རེད།
  ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་གློག་རླངས་ཅན་གྱི་སྒྱུར་བཀོད་ལས་གྲྭ་ནི་རྒྱལ་ཁབ་ཀྱི་ལྷོ་ནུབ་རྒྱུད་ཀྱི་འཐབ་ཇུས་འཆར་འགོད་ཀྱི་གཙོ་གནད་རྣམ་གྲངས་ཤིག་རེད། མིག་སྔར་ལས་གྲྭ་དེའི་ཡན་ལག་རྣམ་གྲངས་ཀྱི་གྲས་ཤིག་ཡིན་པའི་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུའི་ལྕགས་ལམ་བརྗེ་སྒྱུར་དང་བརྡ་རྟགས་མ་ལག་གི་སྒྱུར་བཀོད་ལས་གྲྭའི་ཨར་སྐྲུན་དང་ལྟ་འདོམས་ཀྱི་སུས་འཇོན་དེ་འགུག་གི་ལས་དོན་སྒྲུབ་བཞིན་ཡོད། རྣམ་གྲངས་ཚང་མ་ལེགས་སྒྲུབ་ཟིན་རྗེས་མཚོ་བོད་ལྕགས་ལམ་གྱི་སྐྱེལ་འདྲེན་ནུས་པ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་ཕྱིན་ནས་ས་ཁོངས་ཀྱི་ལམ་དྲ་གློག་རླངས་ཅན་ལ་འགྱུར་རྒྱུར་སྐུལ་འདེད་ཐུབ་སྟེ་སྐྱེལ་འདྲེན་གྱི་མ་གནས་དམའ་རུ་འགྲོ་རྒྱུ་མ་ཟད། མཚོ་བོད་ལྕགས་ལམ་གཉེར་སྐྱོང་གི་བདེ་འཇགས་རང་བཞིན་དང་། བློས་འགེལ་ཆོག་པའི་རང་བཞིན། ཉེན་ཁ་འགོག་ཟོན་གྱི་ནུས་པ་བཅས་ཀྱང་སྔར་བས་ཆེ་རུ་འགྲོ་རྒྱུ་རེད། ནུས་རྒྱུ་གཙང་མ་གསར་སྤེལ་ལ་སྐུལ་འདེད་གཏོང་བ་དང་། མཚོ་བོད་ས་མཐོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་ལ་རམ་འདེགས་བྱེད་པ་སོགས་ཚང་མར་རྒྱང་རིང་གཏིང་ཟབ་ཀྱི་དོན་སྙིང་གལ་ཆེན་ལྡན་ཡོད།
  2006ལོར་མཚོ་བོད་ལྕགས་ལམ་གོར་ལྷ་དུམ་བུ་སྐྱེལ་འདྲེན་བྱེད་འགོ་ཚུགས་ཚུན། ལམ་རྒྱུད་ས་ཁུལ་གྱི་ཕྱི་ཕྱོགས་སུ་ལྕགས་ལམ་སྐྱེལ་འདྲེན་གྱི་བགྲོད་ལམ་འབའ་ཞིག་ཡིན་པའི་ངོས་ནས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་གཞན་དག་གི་ཐག་རིང་འགྲུལ་ཟོག་སྐྱེལ་འདྲེན་གྱི་ལས་འགན་འཁུར་བཞིན་ཡོད། 2021ལོའི་ལོ་མཇུག་བར་ལྷ་སའི་བབས་ཚུགས་ཀྱིས་རིམ་རྩིས་བྱས་ན་བོད་ནས་ཕར་འགྲོ་ཚུར་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི་3096.8དང་དངོས་ཟོག་ཏུན་ཁྲི་7118.5སྐྱེལ་འདྲེན་བྱས་པའི་ནང་ཕྱི་ཕྱོགས་ནས་བོད་དུ་ཡོང་མཁན་འགྲུལ་པ་མི་ཐེངས་ཁྲི་1563.2དང་དངོས་ཟོག་ཏུན་6406སྐྱེལ་འདྲེན་བྱས་པ་དང་། བོད་ནས་ཕྱི་ཕྱོགས་སུ་འགྲུལ་པ་མི་ཐེངས་ཁྲི་1533.6དང་དངོས་ཟོག་ཏུན་ཁྲི་712.5དབོར་ཡོད།