ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ལྗོངས་གསར་འགྱུར།

བོད་ལྗོངས་ཀྱིས་རང་ས་ཁུལ་དུ་ཡུལ་སྐོར་བྱེད་པའི་གཟིགས་སྐྱོང་བྱ་དགའི་བྱ་ཐབས་12བཏོན་པ།

ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་3000སྤྲོད་རྒྱུ་ཡིན་པ།

སྤེལ་དུས 2022-05-20 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ།
  གསར་འགོད་པར་བོད་རང་སྐྱོང་ལྗོངས་སྲིད་གཞུང་གསར་འགྱུར་གཞུང་ལས་ཁང་གིས་འཚོགས་པའི《རང་ས་ཁུལ་དུ་ཡུལ་སྐོར་གྱི་བྱེད་སྒོ་སྤེལ་ཏེ་ཡུལ་སྐོར་སྐྱོན་བྲལ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བྱ་ཐབས་འགའ་ཞིག》གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། རང་ས་ཁུལ་གྱི་ཡུལ་སྐོར་འཕེལ་རྒྱས་ཤུགས་ཆེན་གཏོང་ཆེད། བོད་ལྗོངས་ཀྱིས་གཟིགས་སྐྱོང་བྱ་དགའི(ཁ་གསབ)བྱ་ཐབས་12བཏོན་ཏེ་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ལ་གསོན་ཤུགས་རྒྱས་པ་དང་ཡུལ་སྐོར་ལས་རིགས་ཀྱི་ཡིད་ཆེས་འཕེལ་བར་བྱ་རྒྱུ་ཡིན་པ་རེད།
  ངོ་སྤྲོད་བྱས་པར་གཞིགས་ན། བྱ་ཐབས་12དེ་དག་ལག་བསྟར་བྱེད་པའི་དུས་ཚོད་ནི་2022ལོའི་ཟླ་5ཚེས་19ནས་ཟླ་12ཚེས་31ཉིན་བར་ཡིན་པ་རེད། བྱེད་སྒོའི་གཟིགས་སྐྱོང་བྱ་ཡུལ་གཙོ་བོ་ནི་བོད་དུ་སླེབས་ནས་ཉིན་14ཡན་སོང་བའི་ཐེམ་ཁུངས་བོད་ནས་ཡིན་པའི་མི་སྣ་དང་། བོད་སྐྱོར་ལས་བྱེད་པ། ཡུན་རིང་བོད་ལྗོངས་སུ་ལས་ཀ་བྱེད་མཁན། དེ་བཞིན་བོད་ལྗོངས་སུ་སླེབས་ནས་ཉིན་14ཡན་སོང་བའི་མི་སྣ་བཅས་དང་། རང་ས་ཁུལ་དུ་ཡུལ་སྐོར་སྒྲིག་འཛུགས་བྱེད་མཁན་གྱི་ལྗོངས་ནང་ཁུལ་གྱི་ཡུལ་སྐོར་ཚོགས་པའི་ཡུལ་སྐོར་ལས་དོན་ཁང་དང་། Aརིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ(དགོན་སྡེ་དང་མཛེས་ལྗོངས་ཁུལ་ཚུད་པ) སྐར་མ་རིམ་པའི་གསོལ་མགྲོན་ཁང་། ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་དང་ལྗོངས་ནང་ཁུལ་གྱི་མཁའ་ལམ་དུ་འཕུར་བའི་མཁའ་འགྲུལ་ཀུང་སི་བཅས་རེད། འོན་ཀྱང་རང་ས་ཁུལ་དུ་ཡུལ་སྐོར་དང“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”སྲིད་ཇུས་གཉིས་ཀ་ལོངས་སྤྱོད་བྱེད་ཆོག་གི་མེད་པར་དེའི་ཁྲོད་ནས་ཁ་གསབ་མང་བའི་སྲིད་ཇུས་དེ་ལོངས་སུ་སྤྱོད་ཆོག་གི་ཡོད་པ་རེད།
  གཟིགས་སྐྱོང་བྱ་དགའི(ཁ་གསབ)བྱ་ཐབས་ནང་གཙོ་བོ་གཤམ་གསལ་ནང་དོན་ཚུད་པ་སྟེ། ཡུལ་སྐོར་འཛད་སྤྱོད་འཛིན་ཤོག་སྒོར་ཁྲི་3000སྤྲོད་རྒྱུ་དང་། ལྗོངས་ཡོངས་ཀྱི་Aརིམ་པའི་མཛེས་ལྗོངས་ཁུལ་གྱིས་ཡུན་རིང་རིམས་ནད་སྔོན་འགོག་དང་ཚོད་འཛིན་ལས་ལ་གཞོལ་བའི་སྨན་དོན་མི་སྣ་དང་། སྤྱི་བདེ་ལས་བྱེད་ཉེན་རྟོག་པ། དམིགས་བསལ་ཚོགས་སྤྱི(དངོས་ཞབས་དམག་མི་དང་དབང་པོ་སྐྱོན་ཅན)ལ་སྒོ་འཛིན་མི་ལེན་པ། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བར་མཛེས་ལྗོངས་ཁུལ་གྱི་སྒོ་འཛིན་གྱི་རིན་པ་ཆག་ཡང་གཏོང་བའི་བྱ་ཐབས་འདོན་རྒྱུ་དང་Aརིམ་པ་ཡན་གྱི་མཛེས་ལྗོངས་ཁུལ་ལ་དེ་མཚུངས་ཀྱི་ཁ་གསབ་སྤྲོད་རྒྱུ། ལྗོངས་ནང་ཁུལ་གྱི་ཡུལ་སྐོར་བ་སྒྲིག་འཛུགས་བྱས་ནས་མི་གྲངས་200དང་དེ་ཡན་ཟིན་པའི་ཡུལ་སྐོར་ལས་དོན་ཁང་ལ་དེ་མཚུངས་ཀྱི་མ་དངུལ་གྱི་བྱ་དགའ་སྤྲོད་རྒྱུ། མི་གྲངས་800ཡན་ཟིན་པ་དང་ལྗོངས་ནང་ཁུལ་ནས་མདུན་གྲལ་གྱི་ཨང་རིམ་10ཡན་དུ་སླེབས་པའི་ཡུལ་སྐོར་ལས་དོན་ཁང་རེར་སླར་ཡང་བྱ་དགའ་སྒོར་ཁྲི་20སྤྲོད་རྒྱུ། G219ལམ་རྒྱུད་དུ་གསར་བརྗེའི་ཡུལ་སྐོར་སྒྲིག་འཛུགས་བྱེད་མཁན་ཡུལ་སྐོར་ལས་དོན་ཁང་ལ་མི་རེར་བྱ་དགའ་སྒོར་100ལོགས་སུ་ཁ་སྣོན་རྒྱག་རྒྱུ། ཡུལ་སྐོར་ལས་དོན་ཁང་གིས་བཏོན་པའི་དུས་ཐུང་སྤྲོ་གསེང་སོགས་ཁྱད་ལྡན་ཐོན་རྫས་ཀྱིས་མི་གྲངས་100ཡན་དེའི་ནང་ཞུགས་པའི་ཡིད་དབང་བཀུག་ཚེ་བྱ་དགའ་སྒོར་ཁྲི་5སྤྲོད་རྒྱུ། ཡུལ་སྐོར་བ་ཉུང་དུས་ཀྱི་རིན་གོང་ལག་ལེན་བསྟར་བ་མ་ཟད་སྣེ་ལེན་ཞུས་པའི་མི་གྲངས་1000ཟིན་པའི་སྐར་མ་རིམ་པའི་གསོལ་མགྲོན་ཁང་ལ་སྤྲོད་ཐེངས་གཅིག་ལ་ཁ་གསབ་སྒོར་ཁྲི་5སྤྲོད་རྒྱུ། འཁོར་རིགས་ཆེ་གྲས་ལ་སྤྱི་ལེ་རེར་སྒོར་2དང་། འཁོར་རིགས་འབྲིང་གྲས་ལ་སྤྱི་ལེ་རེར་སྒོར་1.5 འཁོར་རིགས་ཆུང་གྲས་ལ་སྤྱི་ལེ་རེར་སྒོར་1བཅས་ཀྱི་ཚད་གཞི་གཞིར་བཟུང་ཡུལ་སྐོར་སྐྱེལ་འདྲེན་ཁེ་ལས་ལ་ཁ་གསབ་སྤྲོད་རྒྱུ་དང་མཁའ་འགྲུལ་གྱི་གཟིགས་སྐྱོང་ཐད་མཁའ་འགྲུལ་གྱི་འགྲུལ་སྐྱེལ་གཉེར་སྐྱོང་གི་སྤ་སེའི་རིན་པ་གཞིར་བཟུང་གཟིགས་སྐྱོང་སྲིད་ཇུས་སྒྱུར་བཅོས་བྱས་ནས་ལག་ལེན་བསྟར་རྒྱུ། ཡིད་རྟོན་དངུལ་བུན་གྱི་རོགས་སྐྱོར་དང་། ལས་བྱེད་ལས་བཟོ་དེའི་ནང་ཞུགས་པར་སྐུལ་ལྕག ཡུལ་སྐོར་དྲིལ་བསྒྲགས་དང་ཁྱབ་གདལ་ལ་ཤུགས་སྣོན་རྒྱག་པ། མཐའ་མཚམས་ཀྱི་ལམ་ཡིག་གཉེར་སྒྲུབ་བརྒྱུད་རིམ་སྟབས་བདེ་རུ་གཏོང་བ་སོགས་ཀྱི་བྱ་ཐབས་གསར་དུ་བཏོད་ནས་འདོན་རྒྱུ་བཅས་རེད།