ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ། ལོ་རྒྱུས་ཡུན་རིང་ལྡན་པའི་ཞོ་ལེགས་ཀྱི་བོད་ཤོག བོད་ལྗོངས་གཞིས་རྩེས་གླུ་ལེན་གར་འཁྲབ་ཀྱིས་གནམ་ལོ་གསར་པ་བསུ་བ། ལྕགས་ལམ་སྡེ་ཁག་གིས་སྦྲེལ་མཐུད་དྲ་བ་བརྒྱུད་ནས་ཟས་རིགས་མངག་ཉོའི་ཞབས་ཞུ་རིམ་སྤོར་བྱས་ཏེ། མེ་འཁོར་མ་བསྐོར་གོང་གི་ཆུ་ཚོད་གཅིག་གི་སྔོན་དུ་མངག་ཉོ་བྱས་ཆོག་པ། ལྷ་སའི་ཚོགས་འདུ་གཉིས། ལྷ་ས་གྲོང་ཁྱེར་མི་དམངས་འཐུས་ཚོགས་སྐབས་བཅུ་གཅིག་པའི་ཚོགས་འདུ་ཐེངས་གསུམ་པར་གྲོས་གཞི་106འབྱོར། ལོ་གསར་གྱི་ཚོང་ར་འཁྲུག་ཆ་དོད་པོར་འགྱུར་བཞིན་ཡོད་པ། ཁྲོན་བོད་ལྕགས་ལམ་ལྷ་ས་ནས་ཉིང་ཁྲི་བར་གྱི་ལམ་བུའི་བསམ་གྲུབ་གླིང་ཕུག་ལམ་ཤར་བགྲོད་ཐུབ་པ། ཧྥ་རན་སེའི་ཙུང་ཐུང་མཱ་ཁེ་ལུང་གིས་དེ་རིང་ནས་བཟུང་རང་རྒྱལ་ལ་རྒྱལ་དོན་འཚམས་འདྲི་བྱེད་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

ཆེ་དགྲ་ལྷས་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་པའོ་ཏེར་དང་མཇལ་འཛོམས་གནང་བ།

སྤེལ་དུས 2018-05-21 ཡོང་ཁུངས། ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཚེས་17ཉིན་གྱི་ཕྱི་དྲོ། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་ལྷ་སར་ཀྲུང་གོར་བཅའ་སྡོད་ནེ་པ་ལའི་གཞུང་ཚབ་ཆེ་མོ་བ་ལི་ལ·མ་ཉི·པའོ་ཏེར་བཅས་པ་དང་མཇལ་འཛོམས་གནང་བ་རེད།
            ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་མཇལ་འཕྲད་གནང་སྐབས་ལྷན་དུ་ཕེབས་ཡོད་པ་རེད།
            ཆེ་དགྲ་ལྷས་དང་ཐོག་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་ཚབ་ཞུས་ནས་གཞུང་ཚབ་ཆེ་མོ་བ་བོད་དུ་འཚམས་འདྲིར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུ་རྒྱུ་དང་སྦྲགས་ནེ་པ་ལའི་སྐབས་རིམ་བྱུང་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ཁས་ལེན་བྱས་ནས་ཕྱི་རོལ་གྱི་ཕྱོགས་གཏོགས་གང་རུང་གིས་ནེ་པ་ལའི་ས་ཁོངས་ནང་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྤྱོད་སྤེལ་དུ་མི་འཇུག་པར་ཚད་མཐོའི་བསྔགས་བརྗོད་ཀྱང་གནང་བ་རེད།
            རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་གནང་རྗེས། ཆེ་དགྲ་ལྷས་ཀྲུང་གོའི་བོད་འདི་ཉིད་ཨེ་ཤེ་ཡ་ལྷོ་མར་སྒོ་མོ་དབྱེ་བའི་བགྲོད་ལམ་ཆེན་པོ་ཞིག་ཡིན་པ་དང་། ནེ་པ་ལ་དང་འདྲ་བར“རྒྱུད་གཅིག་ལམ་གཅིག”གི་ལམ་རྒྱུད་དུ་གནས་སྟབས་སྔར་བྱུང་མ་མྱོང་བའི་གོ་སྐབས་ལྡན་ཡོད། ཕྱོགས་གཉིས་ཀས་ཐོག་མཐའ་བར་གསུམ་དུ་མཛའ་གྲོགས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་ཕན་ཚུན་འཚམས་འདྲི་ཡང་ཡང་བྱས་པ་ལས་ཕྱོགས་གཉིས་ཀྱི་ཁྱབ་ཁོངས་ཁག་གི་མཉམ་ལས་གཏིང་ཟབ་ལ་སྐུལ་འདེད་ཀྱི་ནུས་པ་ཐོན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་གནང་བའི“མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་སྐྲུན་པའི”བསམ་ཕྱོགས་འོག ཀྲུང་གོའི་བོད་ཀྱིས་བློ་བརྟན་འགྱུར་མེད་ངང་ཀྲུང་དབྱང་སྲིད་གཞུང་གི་མཐའ་འཁོར་གྱི་ཕྱི་འབྲེལ་ལས་དོན་མཛད་ཕྱོགས་ལག་བསྟར་དང་། རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་མི་སྣས་གླེང་མོལ་བྱེད་སྐབས་ཀྱི་གྲོས་མཐུན་དོན་འཁྱོལ་ཡག་པོ་བྱས་ཏེ“རྒྱུད་གཅིག་ལམ་གཅིག”གི་གྲོས་འགོའི་སྒྲོམ་གཞིའི་འོག་རྣམ་གྲངས་གལ་ཆེན་གྱི་ལག་བསྟར་ལ་སྐུལ་འདེད་གཏོང་བ་དང་། ཁྱིམ་མཚེས་རྒྱལ་ཁབ་དབར་གྱི་མཛའ་མཐུན་འབྲེལ་བ་བརྟན་དུ་གཏོང་བ། གཉིས་ཕན་མཉམ་ལས་ཟབ་ཏུ་གཏོང་བ། དཔལ་འབྱོར་ཉོ་ཚོང་གི་འབྲེལ་བ་རྒྱ་ཆེར་གཏོང་བ། ལས་རིགས་ཁག་གི་སྤེལ་རེས་ལ་སྐུལ་འདེད་གཏོང་བ། གྲུབ་འབྲས་མཉམ་སྤྱོད་དང་གཉིས་ཁེ་གཉིས་ཕན་མངོན་འགྱུར་ཐུབ་པ་བཅས་བྱས་ནས་ཀྲུང་ནེ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་རྒྱུ་ཡིན་ཞེས་གསུངས། ཁོང་གིས་ད་དུང་མཛའ་གྲོགས་ཀྱི་ཁྱིམ་མཚེས་རྒྱལ་ཁབ་ཡིན་པའི་ངོས་ནས་མུ་མཐུད་མཐོ་རིམ་མི་སྣའི་འཚམས་འདྲི་དང་དེ་བཞིན་བོད་ལྗོངས་འགྲེམས་ཚོགས་སོགས་ཀྱི་ལས་སྟེགས་བརྒྱུད། ཕྱོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་ཤུགས་སྣོན་དང་སྐུལ་འདེད་གཏོང་བ་དང་། ཀྲུང་ནེའི་འབྲེལ་བ་འཕེལ་རྒྱས་བཟང་བའི་རྣམ་པར་ཐུན་མོང་ཐོག་སྲུང་སྐྱོང་བྱས་ཏེ་ཀྲུང་ནེའི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་ཆད་མེད་པར་རྒྱུན་འཛིན་དང་གོང་འཕེལ་ཐུབ་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།
            ལི་ལ·མ་ཉི·པའོ་ཏེར་གྱིས་ཀྲུང་གོ་དང་ཀྲུང་གོའི་བོད་ཀྱིས་ནེ་པ་ལར་རོགས་རམ་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཐད་ཐོབ་པའི་མངོན་གསལ་དོད་པའི་གྲུབ་འབྲས་ལ་བཀྲ་ཤིས་བདེ་ལེགས་ཀྱང་ཞུས་གནང་བ་རེད། ཁོང་གིས་ནེ་པ་ལ་སྲིད་གཞུང་གིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་གཅིག་གི་སྲིད་ཇུས་ཁས་ལེན་མཐའ་གཅིག་ཏུ་བྱས་ནས་མི་སུ་ཞིག་གིས་ཀྱང་ནེ་པ་ལའི་ས་ཁོངས་སུ་ཀྲུང་གོར་ངོ་རྒོལ་གྱི་བྱེད་སྤྱོད་སྤེལ་དུ་འཇུག་རྒྱུ་མིན། ཀྲུང་གོའི་བོད་ནི་ཀྲུང་ནེའི་འགྲོ་འོང་གི་བགྲོད་ལམ་གལ་ཆེན་ཞིག་ཡིན་པས་མཉམ་འབྲེལ་འབྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་གོ་སྐབས་མཉམ་སྤྱོད་དང་དར་རྒྱས་མཉམ་སྐྲུན་ལ་ནུས་པ་ཆེན་པོ་ཐོན་གྱི་ཡོད། ནེ་པ་ལ་ཕྱོགས་ཀྱིས“རྒྱུད་གཅིག་ལམ་གཅིག”གི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བརྟན་པོ་བྱ་རྒྱུ་ཡིན་ལ་དེའི་ནང་ཞུགས་འདོད་ཀྱང་ཆེན་པོ་ཡོད་པ་མ་ཟད། ནེ་པ་ལ་དང་ཀྲུང་གོའི་བོད་ཀྱི་དཔལ་འབྱོར་ཉོ་ཚོང་མ་འཇོག་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་དང་མཛེས་སྡུག་ལྡན་པའི་མདུན་ལམ་ལ་ཡིད་ཆེས་ཆེན་པོ་ཡོད། ཕྱིས་འབྱུང་ཕྱོགས་གཉིས་ཀྱིས་དཔལ་འབྱོར་ཉོ་ཚོང་དང་། ཡུལ་སྐོར། འགྲིམ་འགྲུལ་སོགས་ཐད་དེ་བས་གཏིང་ཟབ་པའི་མཉམ་ལས་བྱས་ཏེ་ཀྲུང་ནེའི་རྒྱལ་ཁབ་གཉིས་ཀྱི་མི་དམངས་དབར་གྱི་སྲོལ་རྒྱུན་མཛའ་གྲོགས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་རྒྱུར་རེ་སྒུག་ཆེན་པོ་བྱེད་ཀྱི་ཡོད་ཅེས་གསུངས་པ་རེད།