ཁྲུང་ཆིང་གྲོང་ཁྱེར་ཝན་ཀྲོའུ་ཁུལ་འབྲི་ཆུའི་ཟམ་ཆེན་གཉིས་པའི་སྟེང་བགྲོད་པའི་སྤྱི་སྤྱོད་རླངས་འཁོར་ཞིག་འབྲི་ཆུའི་ནང་དུ་ལྷུང་བ། མཚོ་སྔོན་གོར་མོ་གྲོང་ཁྱེར་འབྲི་ཆུའི་ཆུ་འགོ་གྲོང་ཚོར་ཕར་རོགས་ཚུར་གཅེས་ཀྱིས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བ། དཔལ་དགེའི་ཆུ་བསྐྱིལ་མཚེའུའི་འཕྲིན་གསར། འབྲི་ཆུའི་འགག་འཁྱིལ་མཚེའུ་གཞི་རྩའི་ཆ་ནས་རྒྱུན་རྣམ་སླར་གསོ་བྱུང་བ་དང་རོགས་སྐྱོབ་གོ་རིམ་ལྡན་པའི་ངང་བྱེད་བཞིན་ཡོད་པ། གནས་མཆོག་ལྷ་སར་མཐུན་སྒྲིལ་མེ་ཏོག་རབ་ཏུ་བཞད་། ཆོས་དབྱིངས་སྐྱིད་ཀྱིས་ཡང་རྒྱལ་སྤྱིའི་འགྲན་སྡུར་ལས་ཨང་དང་པོ་བླངས། ཀྲུང་གོའི་མི་རིགས་སྐད་ཡིག་ཡིག་སྒྱུར་ཅུས་ཀྱིས་བོད་ཡིག་རིག་ནུས་ཡིག་སྒྱུར་མཉེན་ཆས་ཁྱབ་སྤེལ་ཚོགས་འདུ་སྤོས་ལྡན་གྲོང་དུ་འཚོགས་པ། ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། ཆོས་ལུགས་དང་སྤྱི་ཚོགས་རིང་ལུགས་ཀྱི་སྤྱི་ཚོགས་གཉིས་འཚམ་མཐུན་ཡོང་པ་བྱ་དགོས། ནུབ་བྱང་དགེ་འོས་སློབ་ཆེན་གྱིས་དགེ་འོས་སློབ་མ་བགྲང་ལས་འདས་པ་བསྐྱངས་པ། གཞིས་རྩེ་གྲོང་ཁྱེར་གྱི་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་ཐུབ་ཚད་སྤྱི་ལེ་ཁྲི་1.7ཟིན་པ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སྡེ་རོང་ཝ་ཁ་གྲོང་རྡལ་ཀྲུང་གོའི་དམངས་ཁྲོད་རིག་རྩལ་གྱི་ཕ་སར་གྲགས།

སྤེལ་དུས 2019-01-21 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ། སངས་སྐྱབས་ཀྱིས་བསྒྲིགས།
            ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རིག་གནས་དང་ཡུལ་སྐོར་པུའུ་ཡིས2018ལོ་ནས2020ལོ་འཁོར་བར་གྱི༼ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས༽ཞེས་པའི་མིང་ཐོ་གསལ་བསྒྲགས་བྱས་ཏེ། རྒྱལ་ཡོངས་ཀྱི་ཤང་དང་གྲོང་རྡལ། རྫོང་རིམ་པའི་གྲོང་ཁྱེར་དང་སྡེ་ཁུལ་བཅས་ཁྱོན་བསྡོམས175མིང་ཐོ་ནང་ཚུད་ཡོད་པ་དང་།  དཀར་མཛེས་ཁུལ་གྱི་སྡེ་རོང་རྫོང་ཝ་ཁ་གྲོང་རྡལ་ཡང་དེའི་མིང་ཐོ་ནང་དུ་ཚུད་པ་རེད།
            ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་ཞེས་པ་ནི1987ལོར་སྔར་རིག་གནས་པུའུ་ཡིས་དམངས་ཁྲོད་རིག་གནས་སྒྱུ་རྩལ་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏང་ཆེད་དང་། གཞི་རིམ་མང་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་འགྲོ་བའི་ཕྱིར་དུ་གསར་འཛུགས་བྱས་པའི་རིག་གནས་ཟོང་རྟགས་ཀྱི་ལས་གཞི་ཞིག་ཡིན་ལ། མིང་བཏགས་དུས་འཁོར་ལོ3ཡིན། 1987ལོ་ནས2003ལོའི་བར་སྔར་རིག་གནས་པུའུ་ཡིས་རྒྱལ་ཡོངས་སུ་ཀྲུང་གོའི་དམངས་ཁྲོད་རིག་གནས་སྒྱུ་རྩལ་གྱི་ཕ་ས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྒྱུ་རྩལ་གྱི་ཕ་ས་ཞེས་པའི་ཁྱོན་བསྡོམས486ལ་སྒོ་བྱང་བཀལ་བའི་བྱེད་སྟངས་བརྒྱུད་དེ་མིང་བཏགས་བཀོད་པ་རེད། 
སྡེ་རོང་གི་ཤོག་འཆམ། 
            ཤོག་འཆམ་ནི་ཉི་མའི་ལུང་པ་རུ་གྲགས་པའི་སྔོན་བྱོན་མེས་པོ་རྣམས་ཀྱིས་རྗེས་རབས་པར་བཞག་པའི་རིག་གནས་སྒྱུ་རྩལ་གྱི་གཅེས་ནོར་ཡིན་ཞིང་། ས་གནས་དེ་གའི་དམངས་ཁྲོད་དུ་ཁྱབ་པའི་བཤད་སྲོལ་ལ་གཞིགས་ན། རྒྱ་བཟའ་ཀོང་ཇོ་བོད་ལ་གདན་དྲངས་པའི་སྐབས་སུ་འབྲི་ཆུའི་འགྲམ་དུ་ཤོག་འཆམ་འཁྲབ་སྟོན་བྱས་ཏེ་བསུ་མའི་མཛད་སྒོ་སྤེལ་ནས་རྟེན་འབྲེལ་གྱི་ཆོ་ག་རབ་དང་རིམ་པ་སྤེལ། མཛད་སྒོ་དེར་དྲན་རྟེན་བྱེད་ཕྱིར་དམངས་ཁྲོད་ཀྱི་ཞབས་བྲོ་འདི་མི་རབས་ནས་མི་རབས་བར་དུ་རྒྱུན་འཛིན་བྱུང་ནས་ད་བར་དུ་མ་ཉམས་སོར་གནས་བྱུང་ཡོད་པ་རེད། ཤོག་འཆམ་གྱི་གཞི་གདངས་དང་བྲོ་སྟབས་ནི་སྡེ་རོང་སྐོར་བྲོ་ལས་མཆེད་ཅིང་སྡེ་རོང་ཡུལ་སྐད་གཙོ་བོར་བྱས་ནས་འཁྲབ་པ་རེད།
            སྡེ་རོང་ཤོག་འཆམ་ལ་གནའ་སྲོལ་དོད་ཅིང་བཤངས་ཆེ་ལ་ངར་ཤུགས་ལྡན། ཞབས་བྲོའི་ཁྱད་ཆོས་གཙོ་བོ་ནི་རྡོག་བྲོ་ལས་མངོན་ཞིང་། རྡོག་ཤུགས་ཆེ་ལ་རྡོག་སྒྲ་གསལ་བ་དང་། འཆམ་མཁན་གྱི་སྐེད་བཀུག་དང་བསྟུན་ནས་རྡོག་བྲོ་འགྱུར་བས་མཉེན་ཉམས་དོད། རྡོག་བྲོ་བརྡུང་བ་དང་བརྐྱང་བསྐུམ་ཟུང་དུ་འབྲེལ་བ་ལས་ཤོག་འཆམ་གྱི་ཐུན་མོང་མ་ཡིན་པའི་བྲོ་བ་ཞིག་ཚོར་ཐུབ།
            ངོ་མཚར་སྟོང་དང་ལྡན་པའི་མི་རིགས་ཀྱི་ཡུལ་སྲོལ་གོམས་གཤིས་དང་ལོ་རྒྱུས་ཀྱི་རིག་གནས་མཚོན་པའི་དམངས་ཁྲོད་སྒྱུ་རྩལ་ཏེ་སྡེ་རོང་ཤོག་འཆམ་ལ་ས་གནས་ཀྱི་ཁྱད་ཆོས་ཕུན་སུམ་ཚོགས་ཤིང་བཅོས་མིན་གྱི་འཚོ་བའི་བྲོ་བ་ཆེ་བ་དང་། ལོ་རྒྱུས་རིག་གནས་དང་དམངས་སྲོལ་རིག་པ། ཞབས་བྲོའི་རིག་པ་སོགས་ཞིབ་འཇུག་བྱེད་པའི་དཔྱད་གཞི་གལ་ཆེན་དུ་གྱུར་པ་རེད། ད་ལྟ་དེང་རབས་དཔལ་འབྱོར་སྤྱི་ཚོགས་ཀྱི་འཕེལ་རྒྱས་དང་བསྟུན་ནས་ཤོག་འཆམ་ཤེས་མཁན་གྱི་སྒྱུ་རྩལ་པ་ཇེ་ཉུང་ནས་ཇེ་ཉུང་དུ་སོང་ཞིང་བརྒྱུད་འཛིན་པ་ཆད་པའི་ཉེན་ཁའི་གནས་སུ་ལྷུང་ཡོད་པས་མྱུར་སྐྱོབ་སྲུང་སྐྱོང་བྱ་རྒྱུ་ནི་ཁ་ཚ་དགོས་གཏུག་ཏུ་གྱུར་ཡོད་དོ།།