ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

2019ལོའི་སྐབས་དང་པོའི་མཚོ་སྔོན་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་གཟབ་རྒྱས་ངང་འགོ་བརྩམས་པ།

སྤེལ་དུས 2019-07-19 ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། རྩོམ་པ་པོ།
             ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། (གསར་འགོད་པ། རྡོ་རྗེ་བསམ་འགྲུབ། ཕག་མོ་དོན་གྲུབ།)ཟླ7པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིན་དང་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་བྱས་པའི་2019ལོའི་མཚོ་སྔོན་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་སྐབས་དང་པོ་དེ་རྨ་ལྷོ་ཁུལ་རེབ་གོང་རྫོང་རིག་གནས་ཐང་ཆེན་དུ་གཟབ་རྒྱས་ངང་འགོ་བརྩམས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་དང་ཞིང་ཆེན་གྱི་འབྲེལ་ཡོད་ཐིན་རིམ་པའི་འགོ་ཁྲིད་དང་ཐེན་ཅིན་གྲོང་ཁྱེར། སི་ཁྲོན་ཞིང་ཆེན་རྔ་བ་ཁུལ། ཀན་སུའུ་ཞིང་ཆེན་ཀན་ལྷོ་ཁུལ་བཅས་དང་། ཞིང་ཆེན་ནང་ཁུལ་གྱི་གྲོང་ཁྱེར་དང་ཁུལ། རྨ་ལྷོ་ཁུལ་གྱི་ཐད་གཏོགས་འགོ་ཁྲིད་ལས་ཁུངས་སོ་སོའི་འགོ་ཁྲིད་རྣམས་འགོ་རྩོམ་མཛད་སྒོར་ཞུགས།
             མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་གིས་སྐབས་དང་པོའི་མཚོ་སྔོན་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་འགོ་བརྩམས་པ་ཁྱབ་བསྒྲགས་བྱས། རྨ་ལྷོ་ཁུལ་ཏང་ཨུའི་ཧྲུའུ་ཅི་ཝང་ཀྲིན་ཁྲང་གིས་ཤིས་ཚིག་ཕུལ་བ་དང་། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་གཡུ་སྒྲོན་མཚོས་མཛད་སྒོར་འགོ་འཛིན་བྱས།
             ཝང་ཀྲིན་ཁྲང་གིས་བསྟན་དོན། རྨ་ལྷོ་ཁུལ་ནི་མཛེས་ཉམས་ཀྱིས་ཕྱུག་ཤིང་གསོན་ཤུགས་ཀྱིས་ཁེངས་པའི་གཤིན་ས་ཤིག་ཡིན་ལ། ཁྱད་ཆོས་ཀྱིས་ཀུན་ནས་ཕྱུག་པའི་བསྟན་པ་ཕྱི་དར་གྱི་རིག་གནས་དང་དམངས་སྲོལ་ཡུལ་གཤིས། དགོན་སྡེའི་མཛེས་ཉམས། གནའ་གྲོང་མཁར་རྙིང་བཅས་ལ་དངོས་པོ་དང་དངོས་མིན་ཤུལ་བཞག་རིག་གནས་ཀྱི་མཚན་སྙན་ཐོབ་ཡོད་ལ། མི་རིགས་རིག་གནས་དང་ཆོས་ལུགས་རིག་གནས། ལོ་རྒྱུས་རིག་གནས། སྐྱེ་ཁམས་རིག་གནས་བཅས་འཆམ་མཐུན་ངང་ཕན་ཚུན་མཉམ་དུ་འདྲེས་པས་སྔར་ལས་མཛེས་སྡུག་གིས་ཁེངས་ཡོད། ཐེངས་འདིར་ང་ཚོས་མཚོ་སྔོན་རེབ་གོང་རིག་གནས་གནས་སྐོར་དུས་ཆེན་གཟབ་རྒྱས་ངང་སྤེལ་བ་དང་འབྲེལ་ཕུན་སུམ་ཚོགས་པའི་རིག་གནས་གནས་སྐོར་དུས་ཆེན་རབ་དང་རིམ་པ་ཞིག་སྤེལ་བའི་དམིགས་ཡུལ་ནི། སྔར་ལས་ལྷག་པའི་སྒོ་ནས་རྨ་ལྷོའི་ཕུལ་བྱུང་མི་རིགས་རིག་གནས་རྒྱུད་འཛིན་དང་དར་སྤེལ། འགྲེམ་སྟོན་བཅས་བྱེད་པ་དང་། ཀྲུང་གོའི་ཤུགས་རྐྱེན་ཆེས་ཆེ་བའི་རིག་གནས་གནས་སྐོར་བྱེད་ཡུལ་གྱི་མཚན་སྙན་ཇེ་ཆེར་གཏོང་བ་དང་། ཕྱོགས་ཡོངས་ནས་ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་དཔེ་སྟོན་ཁུལ་འཛུགས་སྐྲུན་ལ་རོགས་འདེགས་བྱེད་པའི་ཆེད་ཡིན། དུས་མཚུངས་སུ་ཐེངས་འདིའི་སྟེགས་བུ་བེད་སྤྱད་དེ་འཕེལ་རྒྱས་ཀྱི་གོ་སྐབས་འཚོལ་བ་དང་མཉམ་ལས་ཀྱི་ཇུས་གཞི་འགོད་པ། ཁུལ་ཡོངས་ཀྱི་ལས་བྱེད་མང་ཚོགས་ཀྱི་སྙིང་སྟོབས་དང་ངར་སེམས་ཆེས་ཆེར་བསྐྱེད་དེ། རྨ་ལྷོར་དགའ་ཞེན་དང་རྨ་ལྷོ་འཛུགས་སྐྲུན། རྨ་ལྷོར་བྱས་རྗེས་བཞག་སྟེ། འཆམ་མཐུན་བརྟན་བརླིང་དང་ཞོད་འཇགས་བདེ་སྐྱིད་ཀྱི་སྤྱི་ཚོགས་ཁོར་ཡུག་ཁྲོད་སྤུས་ཛད་མཐོ་བའི་འཕེལ་རྒྱས་དང་བདེ་སྐྱིད་ཀྱི་འཚོ་བ་བསྐྲུན་པར་སྐུལ་སྤེལ་གཏོང་དགོས་ཟེར།
             མཚོ་སྔོན་ཞིང་ཆེན་མི་རིགས་ས་ཁུལ་ཀྱི་རིག་གནས་ཀྱི་རྨང་འཐུག་པའི་ས་ཁུལ་ཞིག་ཡིན་པའི་ཆ་ནས། རེབ་གོང་ས་ཁུལ་གྱིས་རེབ་གོང་སྒྱུ་རྩལ་དང་བསྟན་པ་ཕྱི་དར་གྱི་ནང་ཆོས་རིག་གནས། མདའ་སྟོན་རིག་གནས། སོག་པོའི་རིག་གནས། འབྲོག་པའི་རིག་གནས་སོགས་གཙོ་བྱས་པའི་རེབ་གོང་རིག་གནས་དང་། ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། དམེ་ཤུལ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཧོར་གྱི་བཀའ་བསྟན་རྡོ་བརྐོས། སོག་པའི་རྩྭ་ཐང་སོགས་ཀྱི་རང་བྱུང་ཐོན་ཁུངས་ལ་བརྟེན་ནས་རྨ་ལྷོའི་རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བར་གཞན་ལས་འཕགས་པའི་ཆ་རྐྱེན་བསྐྲུན་ཡོད།
             ཉེ་བའི་ལོ་འགའི་རིང་། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་རིག་གནས་གནས་སྐོར་ལས་རིགས་འཕེལ་རྒྱས་སུ་གཏོང་བ་དེ་ཐོན་ལས་གསུམ་པར་སྣེ་ཁྲིད་པ་དང་། ལྔ་བཞི་འཐབ་ཇུས་གཏིང་ཟབ་ཏུ་ལག་ལེན་བྱེད་པ། ཤུགས་ཆེན་པོས་དམིགས་བསལ་གཅིག་དང་མཐོ་བ་གཉིས་ལ་སྐུལ་འདེད་གཏོང་བའི་འགག་བརྟོལ་སར་བཟུང་སྟེ། དོན་དངོས་ལ་རྐང་བཙུགས་ཏེ་ཞིང་ཆེན་ཡོངས་ཀྱི་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་དཔེ་སྟོན་ཁུལ་གསར་འཛུགས་བྱེད་པའི་འཐབ་ཇུས་བཟོས་ཤིང་། ཁུལ་ཡོངས་ཀྱི་རིག་གནས་གནས་སྐོར་ཐོན་ཁུངས་ཧྲག་བསྡུ་བྱས་ཏེ། རིག་གནས་ཀྱིས་གནས་སྐོར་ལ་སྣེ་ཁྲིད་པ་དང་རིག་གནས་ཀྱིས་གནས་སྐོར་ལ་སྐུལ་འདེད་བྱེད་པའི་འཕེལ་རྒྱས་འདུ་ཤེས་རྒྱུན་འཁྱོངས་བྱེད་པ་དང་། སྔར་ལས་ལྷག་པའི་སྒོ་ནས་རིག་གནས་གནས་སྐོར་ཐོན་ལས་ཀྱིས་འཕེལ་རྒྱས་ལ་སྐུལ་འདེད་དང་ནང་མཁོ་རྒྱ་བསྐྱེད་པ། འཛད་སྤྱོད་ལ་སྐུལ་ཁྲིད་བྱེད་པའི་ཁྲོད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ནས་རིག་གནས་དང་གནས་སྐོར། ལུས་རྩལ། དམངས་སྲོལ་བཅས་གཞི་གཅིག་ཏུ་སྦྲེལ་ཏེ་རྨ་ལྷོའི་རིག་གནས་གནས་སྐོར་ཆས་རྟགས་གསར་འཛུགས་བྱས།
             འགོ་རྩོམ་མཛད་སྒོའི་རྗེས་སུ། མཚོ་སྔོན་ཞིང་ཆེན་འཁྲབ་སྟོན་ཚོགས་སྒྲིལ་དང་རྨ་ལྷོ་ཁུལ་མི་རིགས་ཟློས་གར་གླིང་། གཞན་སི་ཁྲོན་དང་པེ་ཅིན། ཀན་སུའུ། བོད་ལྗོངས། མཚོ་སྔོན་སོགས་ས་ཁུལ་ནས་ཕེབས་པའི་སྒྱུ་རྩལ་པ་རྣམས་ཀྱིས་རྒྱ་ཆེའི་ལྟད་མོ་བ་རྣམས་ལ་གླུ་གར་གྱི་འཁྲབ་སྟོན་སྣ་ཚོགས་བྱས་པས་ཡིད་དབང་ཅིག་ཅར་ཏུ་འཕྲོགས་ནས་དགའ་བསུའི་ཐལ་མོའི་རྡེབ་སྒྲས་ཁེངས།
             གསར་འགོད་པས་རྒྱུས་ལོན་པ་ལྟར་ན། སྔར་ལས་ལྷག་པའི་སྒོ་ནས་རྨ་ལྷོ་ཁུལ་གྱི་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་གོམ་སྟབས་ཇེ་མགྱོགས་སུ་གཏོང་ཆེད། རྨ་ལྷོ་ཁུལ་ཏང་ཨུ་དང་ཁུལ་སྲིད་གཞུང་གིས་ད་ལོའི་དབྱར་སྟོན་གྱི་དུས་ཚིགས་དང་བསྟུན་ནས། རེབ་གོང་དྲུག་པའི་གླུ་རོལ་དམངས་སྲོལ་རིག་གནས་འགྲེམ་སྟོན་དང་རེབ་གོང་ཕུལ་བྱུང་ལྷ་བཟོ་སྟོང་གི་ཐང་གའི་བརྩམས་ཆོས་འགྲེམ་སྟོན། སྐབས་གཉིས་པའི་ཀྲུང་གོའི་བོད་ཀྱི་ཟློས་གར་སྒྱུ་རྩལ་གཟའ་འཁོར། 2019ལོའི་རེབ་གོང་བཟའ་བཏུང་རིག་གནས་དུས་ཆེན། སྐབས་བཅོ་ལྔ་བའི་ནུབ་བྱང་ཞིང་ལྗོངས་ལྔའི་རི་གླུ་དུས་ཆེན། ཧི་ནན་སོག་རིགས་རང་སྐྱོང་རྫོང་གི2019ལོའི་ན་ཏ་མའོ་ཚོགས་ཆེན། རྩེ་ཁོག་རྫོང་གི་འབྲོག་པའི་དམངས་སྲོལ་རིག་གནས་གནས་སྐོར་དུས་ཆེན་སྣ་ཚོགས། རྩེ་ཁོག་རྫོང་ཧོར་གྲོང་རྡལ་གྱི་རྡོ་བརྐོས་རིག་གནས་སྒྱུ་རྩལ་དུས་ཆེན། སྐབས་ལྔ་བའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་གདན་ཞུ་འགྲན་བསྡུར་སོགས་རིག་གནས་གནས་སྐོར་བྱ་འགུལ་སྣ17སྤེལ་རྒྱུ་རེད། 
རྩོམ་སྒྲིག་པ། སངས་སྐྱབས།