ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

མི་འགྱང་བར་མཚོ་བྱང་གཡང་ལུང་གི་གློག་མེད་པའི་ལོ་ཟླ་མཇུག་རྫོགས་རྒྱུ་རེད།

སྤེལ་དུས 2019-09-20 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། གཡང་འབུམ་ཚེ་རིང་གིས་བསྒྱུར།
        ཀྲུང་གོའི་བོད་ལྗོངས་དྲ་བའི་འཕྲིན། མཚོ་བྱང་ཁུལ་མདོ་ལ་རྫོང་ནས་ནུབ་ཕྱོགས་སུ་སྤྱི་ལེ་200ཡི་སར་སོང་ན་གཡང་ལུང་ཞང་དུ་ཐོན་ཐུབ་པ་དང་དེ་ནི་རྫོང་མཁར་དང་བར་ཐག་ཆེས་རིང་བའི་ཞང་གྲོང་ཞིག་ཡིན། ས་བབ་ཀྱི་ཚོད་འཛིན་ཕོག་པའི་དབང་གིས་གཡང་ལུང་ཞང་ནི་ད་ལྟའི་བར་མཚོ་བྱང་ཁུལ་གྱི་མངའ་ཁོངས་ན་གློག་དྲ་མེད་པའི་ཞང་གྲོང་ཁོ་ནར་གྱུར་ཡོད་པ་དང་། ས་གནས་དེ་གའི་རྒྱུན་གཏན་གྱི་གློག་སྤྱོད་པར་གཙོ་བོ་ཉི་ནུས་འོད་ཤུགས་གློག་ཁང་ལ་བརྟེན་ནས་གློག་གཏོང་དགོས་ཀྱིན་ཡོད་པས་ས་གནས་མང་ཚོགས་ཀྱི་གློག་སྤྱོད་དགོས་མཁོ་སྐོང་ཐབས་བྲལ་བས་གཡང་ལུང་ཞང་གི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་རྗེས་མཐུད་འཕེལ་རྒྱས་ལ་ཚོད་འཛིན་ཚབས་ཆེན་ཕོག་ཡོད་པ་རེད། ད་ལོ་ནས་བཟུང་གཡང་ལུང་ཞང་གི་གློག་དྲ་ཆེན་པོ་མེད་པའི་ལོ་ཟླ་མཇུག་རྫོགས་རྒྱུ་རེད།

        ནུབ་ཕྱོགས་སུ་བསྐྱོད་ན། ལམ་བར་དུ་རྫ་དམར་དང་། ཀོ་ཏྭ་པན་འགག ལུའུ་ཡིག་ཧུའུ་མཛེས་ལྗོངས་བརྒྱུད་ནས་མུ་མཐུད་དུ་འབྲོང་ལུང་ཐང་ཆེན་བརྒྱུད་དེ་ཆུ་ཁོལ་བརྒལ་ན་གཡང་ལུང་ཞང་དུ་སླེབས་ཐུབ། གནས་འདི་རུ་མདོ་ལ་རི་འདབས་ཀྱི་འབྲོག་ར་ཡག་ཤོས་དང་སྤུས་ལེགས་པའི་ནོར་ཤ་དང་ལུག་ཤ་ཡོད་པར་མ་ཟད། ད་དུང་ཡིད་དབང་འཕྲོག་པའི་གངས་རི་དང་རྩྭ་ཐང་། སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཀྱང་ཕུན་སུམ་ཚོགས་པ་ཡོད། 
        གཡང་ལུང་ཞང་ནི་དེང་མའི་ཐོ་ལེ་ཕྱུགས་ར་ཡིན་པ་དང་། 1955ལོར་བཙུགས། 2002ལོར་མཚོ་བྱང་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་ལྟར། དེ་སྔའི་ཁུལ་ཁོངས་སུ་གཏོགས་པའི་ཐོ་ལེ་ཕྱུགས་ར་མདོ་ལ་རྫོང་ལ་སྤྲད་ནས་གཡང་ལུང་ཞང་བཙུགས།

        ད་སྐབས་གཡང་ལུང་ཞང་ཆུ་ཁོལ་སྡེ་བའི་ལོ་78ལ་སླེབས་པའི་འབྲོག་པ་ཚེ་གཟུངས་ནི་1958ལོར་མདའ་བཞི་རྫོང་ནས་གཡང་ལུང་ཞང་དུ་གནས་སྤོར་བྱས་པའི་འབྲོག་ཁྱིམ་གྲས་ཀྱི་གཅིག་ཡིན་ལ། བགྲེས་སོང་ཁོང་གིས་ཕྱིར་དྲན་བྱས་པར་གཞིགས་ན། སྐབས་དེ་དུས་རྒན་པ་ཚོ་གཡང་ལུང་ཞང་དུ་ཐོན་རྗེས་འབྲོག་པ་བཟོ་ལས་པར་གྱུར་པ་དང་། རྒྱལ་གཉེར་གྱི་ཐོ་ལེ་ཕྱུགས་ར་ནས་ཟངས་ཆེན་ནང་ནས་ཟ་མ་ཟས་པ་རེད། ཆུང་དུས་སུ་ཚང་མས་སྦྲ་གུར་ནང་དུ་སྣུམ་སྒྲོན་སྤར་གྱི་ཡོད། ཕྱུགས་འཚོ་སྐབས་གཙོ་བོ་རྟ་ཞོན་པ་དང་རྐང་ཐང་དུ་སྐྱོད་ཀྱི་ཡོད། རྫོང་མཁར་དུ་ཐེངས་གཅིག་འགྲོ་དུས་ཕྱུགས་རའི་རླངས་འཁོར་ལ་བསྡད་ནས་ཆུ་ཚོད་བཅུ་ཕྲག་ལྷག་ལ་འགྲོ་དགོས་ཀྱི་ཡོད། 
        ལོ་བཅུ་ཕྲག་ཁ་ཤས་ཀྱི་རིང་ལ། དུས་རབས་ཀྱི་འགྱུར་ལྡོག་ཁྲོད་ནས་རྒྱལ་གཉེར་ཕྱུགས་ར་ཞང་གྲོང་དུ་བསྒྱུར་བ་དང་བསྟུན་ནས་འབྲོག་པ་ཚོའི་འཚོ་བའི་ཆ་རྐྱེན་ཇེ་ལེགས་སུ་འགྲོ་བཞིན་ཡོད། ལོ་འདི་འགའི་རིང་ཁྱིམ་ཚང་ཚང་མར་རླངས་འཁོར་ཆུང་བ་རེ་ཡོད་ཀྱང་སྡེ་མི་ཚོའི་འཚོ་བར་དཀའ་ངལ་ཡོད་པ་ནི་འདིར་གློག་དྲ་ཆེན་པོ་མེད་པ་དེ་རེད། སྔོན་ཆད་གཡང་ལུང་ཞང་དུ་ཆུ་གློག་ས་ཚིགས་ཤིག་ཡོད་པ་དང་། གཡང་ལུང་ཞང་གི་གློག་གཏོང་རྒྱུ་དེ་ཆུ་གློག་ས་ཚིགས་དེར་བརྟེན་དགོས་ཀྱི་ཡོད། རྗེས་སུ་བྱ་བའི་དབང་གིས་ཆུ་གློག་ས་ཚིགས་མེད་པར་གྱུར་སོང་། མིག་སྔར་གཡང་ལུང་ཞང་གི་སྡེ་མིས་གཙོ་བོ་ཞང་གིས་2013ལོར་བསྐྲུན་པའི་འོད་ཤུགས་གློག་ཁང་ལ་བརྟེན་ནས་གློག་གཏོང་གི་ཡོད་མོད། འོན་ཀྱང་སྒྲིག་ཆས་རྙིང་བ་དང་བསྟུན་ནས་ཉིན་ལྟར་གློག་མཁོ་འདོན་བྱ་རྒྱུར་ཚད་ཡོད་པར་མ་ཟད། དགུན་ཁའམ་ཡང་ན་གནམ་གཤིས་མི་བཟང་བའི་སྐབས་སུ་གློག་མཁོ་འདོན་བྱ་རྒྱུ་དེ་བས་ཀྱང་བརྟན་པོ་མི་འདུག་ཟེར།

        ཤེས་རྟོགས་བྱུང་བར་གཞིགས་ན། 2018ལོའི་ཟླ་8པར་མཚོ་སྔོན་ཞིང་ཆེན་ནུས་རྒྱུ་ཅུས་ཀྱིས་གཡང་ལུང་ཞང་གི་གློག་མཁོ་འདོན་གྱི་གནད་དོན་མཐུན་སྦྱོར་ཚོགས་འདུ་སྒྲིག་འཛུགས་བྱས་ཏེ་ཀྲུང་གོ་ཀོང་ཀྲོའུ་ཉིང་རྡུལ་ནུས་རྒྱུ་གསར་པའི་མཚོ་སྔོན་ཡན་ལག་ཀུང་སིས་གཡང་ལུང་ཞང་འོད་ཤུགས་གློག་ཁང་གི་གློག་རྫས་བརྗེ་བའི་ལས་དོན་སྒྲིག་འཛུགས་བྱས་ཏེ་2018ལོའི་ལོ་མཇུག་ཏུ་གློག་མཁོ་འདོན་ཐུབ་པའི་འགན་ལེན་བྱས་ཏེ་གློག་དྲ་ཆེན་པོ་མ་འབྱོར་གོང་གཡང་ལུང་ཞང་གི་ཏང་སྲིད་གཞུང་ལས་དང་རོང་འབྲོག་མང་ཚོགས་ཀྱི་གློག་སྤྱོད་གནད་དོན་འགན་ལེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད།  ལོ་དེའི་ཟླ་12པའི་ཟླ་མཇུག་ཏུ་ཀྲུང་གོ་ཀོང་ཏུང་ཉིང་རྡུལ་ནུས་རྒྱུ་གསར་པའི་མཚོ་སྔོན་ཡན་ལག་ཀུང་སིས་ཁྱོན་མ་དངུལ་སྒོར་ཁྲི་518.9བཏང་ནས་གློག་རྫས་336ཅན་གྱི་གློག་རྫས་ཚོགས་6བརྗེ་སོར་དང་སྒྲིག་ཆས་ཉམས་གསོ་ལེགས་གྲུབ་ཟིན་ནས་གྲོང་རྡལ་ཡོངས་ཀྱི་སྡེ་ཁག་དང་དུད་ཚང་271གི་འབྲོག་པ་མང་ཚོགས་586གི་ཆུ་ཚོད་24ཡི་གློག་སྤྱོད་དགོས་མཁོ་གཞི་རྩའི་ཆ་ནས་བསྐངས་ཡོད་པ་རེད།

        གཡང་ལུང་ཞང་གི་རོང་འབྲོག་མང་ཚོགས་ཀྱི་རྒྱུན་ལྡན་གྱི་གློག་སྤྱོད་ཐག་གཅོད་ཡག་པོ་བྱ་ཆེད། མདོ་ལ་རྫོང་གིས་གློག་དྲ་ཆེན་པོ་གཡང་ལུང་ཞང་དུ་ནང་འདྲེན་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། གཡང་ལུང་ཞང་ཏང་ཨུའི་ཧྲུའུ་ཅི་སྟོབས་ལྡན་ཚེ་རིང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སང་ལོའི་ལོ་འགོར་གློག་དྲ་ཆེན་པོར་གློག་མཁོ་འདོན་ཐུབ་ངེས་ཡིན་ཞེས་བཤད།

        མིག་སྔར་མཚོ་བྱང་གཡང་ལུང་གི་གློག་སྐྱེལ་གློག་སྒྱུར་གྱི་ལས་གྲྭའི་རྣམ་གྲངས་35ཨར་སྐྲུན་གྱི་དུས་མཚམས་སུ་སླེབས་ཤིང་། མདོ་ལ་རྫོང་མཁར་ནས་གཡང་ལུང་ཞང་དུ་སྐྱོད་པའི་ལམ་བར་དུ་སྨི་བཅུ་ཕྲག་རེ་ནས་ཨར་སྐྲུན་གྱི་ལྕགས་སྒྲོམ་མཐོང་རྒྱུ་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། གསར་དུ་བསྐྲུན་པའི་མཚོ་སྔོན་མཚོ་བྱང་གཡང་ལུང་གི་གློག་སྐྱེལ་གློག་སྒྱུར་ལས་གྲྭ་35དང་གསར་སྐྲུན་ལས་གྲྭའི་ཆ་ཤས་ཀྱི་གློག་འདྲེན་ལྕོག་སྒྲོམ་བཙུགས་པ་དང་། ལམ་ཐག་སྟོང་སྨི་92.72ཡོད་པའི་ནང་གནམ་དཔྱང་ལམ་ཐིག་གི་ལམ་བུ་སྟོང་སྨི་92.5ཡོད་པ་དང་། ལས་གྲྭའི་འགུལ་མེད་མ་འཇོག་སྒོར་ཁྲི་8535.70ཟིན་པ། འགུལ་རྣམ་མ་འཇོག་སྒོར་ཁྲི་8694.83ཟིན་ཡོད་པ་རེད། གློག་སྐྱེལ་གློག་སྒྱུར་རྣམ་གྲངས་བསྐྲུན་རྗེས་གཡང་ལུང་ཞང་གིས་གཏན་འཇགས་མིན་པའི་གློག་མཁོ་འདོན་ལ་རྫོགས་ཚིག་བཀོད་ནས་གཡང་ལུང་ཞང་གི་འབྲོག་པ་མང་ཚོགས་ཀྱི་འཚོ་བར་སྟབས་བདེ་ཆེན་པོ་བསྐྲུན་རྒྱུ་རེད།