ཀྲུང་གུང་ཀྲུང་དབྱང་གཞུང་དོན་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས། 《གྲོང་གསེབ་བཅོས་སྐྱོང་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》བཀྲམ་པ། ཞི་ཅིན་ཕིང་གིས་ཅིན་ཀྲེང་ཨེན་དང་གྲོས་མོལ་གནང་བ། ཞི་ཅིན་ཕིང་ཅིན་ཀྲེང་ཨེན་གྱིས་བཤམས་པའི་དགའ་བསུ་ཞུ་བའི་གསོལ་སྟོན་ལ་ཕེབས་པ། ལི་ཁེ་ཆང་གིས་ཨོ་སི་ཁྲུ་རི་ཡའི་ཙུང་ལི་ཁུའུ་ཨར་ཚི་དང་གྲོས་མོལ་མཛད། པདྨ་ཚེ་བརྟན་དང་ཁོའི《ལག་དམར》ཅེས་པའི་གློག་བརྙན་དེ་རྒྱལ་ཡོངས་ནས་དངོས་སུ་བསྟན། འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་ཀྱི་ཕུག་ལམ་རིང་ཤོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ། སྐབས་གཉིས་པའི་རྒྱུད་གཅིག་ལམ་གཅིག་གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་སྒྲོག་སྒོར་དབུ་ཚོགས་འཚོགས་པ་དང་། ཞི་ཅིན་ཕིང་གིས་གཙོ་སྐྱོང་གནང་བ་མ་ཟད་ཤིས་ཚིག་གནང་བ། ཞི་ཅིན་ཕིང་གིས་དབྱི་ཊ་ལིའི་ཙུང་ལི་ཁུང་ཐེ་དང་མཇལ་འཛོམས་གནང་བ། “རྒྱུད་གཅིག་ལམ་གཅིག”གི་སྐོར་གླེང་སྐབས་བོད་ལྗོངས་མི་དམངས་ཀྱིས་ཅི་ཟེར་རམ། བོད་ལྗོངས་ཀྱི་དགེ་འདུན་པ་བཅུ་གཉིས་ལ་བོད་བརྒྱུད་ནང་བསྟན་དགེ་ལུགས་པའི་ཆེས་མཐོའི་མཚན་གནས་དགེ་བཤེས་ལྷ་རམས་པ་ཐོབ།
ཀྲུང་གོའི་བོད་ལྗོངས་དྲ་བ། > གསར་འགྱུར། > བོད་ཁུལ་གསར་འགྱུར།

སྐྱེ་སྟོབས་ཀྱི་དཔལ་འབར་བའི་ཉིན་ཞྭ་སྡེ་བ།

སྤེལ་དུས 2019-11-14 ཡོང་ཁུངས། ཀྲུང་གོའི་བོད་ལྗོངས་དྲ་བ། རྩོམ་པ་པོ། སྒྲོལ་མ་སྐྱིད།
         མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཞང་གི་ཉིན་ཞྭ་སྡེ་བ་ནི་མཚོ་སྔོན་པོའི་བྱང་རྒྱུད་དུ་ཆགས་པའི་ཕྱུགས་ལས་རྐྱང་རྐྱང་གཉེར་བའི་འབྲོག་སྡེ་ཞིག་ཡིན་ལ། སྡེ་བ་དེར་བསྡོམས་པས་དུད་ཁྱིམ་91དང་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི་21ལྷག་ཡོད། སྡེ་བས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་“རི་སྔོ་ཆུ་དྭངས་ནི། གསེར་རི་དངུལ་རི་ཡིན”ཞེས་པའི་དགོངས་དོན་གལ་ཆེན་མཛུབ་སྟོན་དུ་བཟུང་ཞིང་། མཚོ་སྔོན་པོའི་ཉེ་འགྲམ་དུ་ཆགས་པའི་ས་ཁོངས་ཀྱི་ལེགས་བབ་གཞིར་བྱས་ནས། ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་སྣེ་ཁྲིད་དང་ས་གནས་སྲིད་གཞུང་གི་རྒྱབ་སྐྱོར་དང་རོགས་འདེགས་སོགས་ལ་བརྟེན་ནས་སྡེ་དམངས་ཡོངས་ཀྱི་འཚོ་བའི་མཐུན་རྐྱེན་དང་སྐྱེ་ཁམས་ཁོར་ཡུག སྡེ་བའི་རྨང་གཞིའི་སྒྲིག་བཀོད་དང་མང་ཚོགས་ཀྱི་བསམ་བློའི་གོ་རྟོགས་སོགས་ཕྱོགས་གང་ཅི་ཐད་ནས་ཀྱང་འགྱུར་ལྡོག་སྔ་ན་མེད་པ་ཞིག་བྱུང་ཡོད།
         སྐྱེ་ཁམས་ཁོར་ཡུག་ཀུན་ཀྱིས་སྲུང་།
         “སྔོན་ཆད་ང་རང་བྱིས་པ་ཡིན་དུས། སྐྱེ་ཁམས་འདིའི་ཁུར་བོ་ཧ་ཅང་ལྕི་ལ། སྡེ་དམངས་ཡོངས་ཀྱི་ཟོག་ལུག་བཟུང་བའི་གྲངས་ཀ་ཚད་ལས་བརྒལ་ཏེ་རྩྭ་སར་གནོད་སྐྱོན་ཆེན་པོ་ཐེབས་ཡོད་པར་མ་ཟད། ནམ་རྒྱུན་རླུང་འཚུབ་གཡུགས་ཏེ་མཁའ་དབུགས་ཀྱི་སྤུས་ཚད་ཞན་ལ་དབྱར་ཐོན་པའང་ད་ལྟ་ལས་ཧ་ཅང་འཕྱི། དེ་མིན་ཟོག་ལུག་གི་ཤི་ཚད་མཐོ་བས་མང་ཚོགས་ཀྱི་ཡོང་སྒོ་ཤིན་ཏུ་དམའ”ཞེས་ཉིན་ཞྭ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ཡིས་ཅུང་གཟབ་ནན་ཡིན་པའི་ཉམས་འགྱུར་དང་བཅས་ངེད་གསར་འགོད་པར་བཤད། སྐབས་དེར་སྡེ་བའི་ལོ་ལོན་ཚོས་དུས་རྒྱུན་གྱི་གླེང་བྱ་གཙོ་བོ་ནི་རྩྭ་ས་ཞན་འགྱུར་གྱི་གནད་དོན་དེ་ཡིན་ལ། སྔོན་ཆད་ཁོ་ཚོས་ཤེས་དུས་ཀྱི་རྩྭ་ས་ནི་དབྱར་གཞུང་དུ་རྟར་བཞོན་ནས་རྩྭ་ཐང་བརྒལ་ན་རྟ་སྒའི་ཡོབ་ཆེན་རྩྭ་མགོར་ཐོགས་ཚུལ་བརྗོད། རྩྭ་སའི་གནད་དོན་ཐག་གཅོད་བྱེད་རྒྱུ་དེ་ཁ་ཚ་དགོས་གཏུག་གི་གནས་སུ་གྱུར་པའི་སྐབས་དེར། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱི་འགན་བཞེས་ཡོད་པའི་ཧྲུའུ་ཅི་ཚེ་བྷོ་སྡེ་བའི་འཐུས་ཚབ་བྱས་ནས་མཚོ་བྱང་ཁུལ་ཏང་ཨུ་དང་ཁུལ་མི་དམངས་སྲིད་གཞུང་གཉིས་ཀྱིས་བཀོད་སྒྲིག་བྱས་པའི་ནང་སོག་ས་ཆའི་ཕྱུགས་ལས་གསོ་སྦྱོང་ཞིག་གི་གྲས་སུ་ཞུགས་ཤིང་། ས་དེ་གའི་སྐྱེ་ཁམས་སྲུང་སྐྱོབ་བྱེད་ཐབས་དང་ཕྱུགས་ལས་ཐད་ཀྱི་སྔོན་ཐོན་ཤེས་བྱ་སློབ་སྦྱོང་དང་ལྷུར་ལེན་བྱས་ཏེ། 2008ལོར་ཕྱིར་རང་ཡུལ་ལ་ལ་ལོག་རྗེས་སྡེ་བའི་ནང་གི་ཏང་ཡོན་དང་མགོ་ཁྲིད་སོགས་ཀྱི་ཁྱིམ་ཁ་བཅུ་ལྷག་རྩ་འཛུགས་བྱས་ཏེ་མཉམ་ལས་ཁང་ཞིག་བཙུགས་ནས་རྩྭ་ཕྱུགས་དོ་མཉམ་བྱེད་པའི་མགོ་བརྩམས། སྐབས་དེར་ལུག་རེར་ཆ་སྙོམས་ཀྱིས་རྩྭ་ས་མུའུ་གསུམ་རེ་ལས་མེད་པའི་རྩྭ་སའི་ཁུར་བོ་ལྕི་བའི་གནས་བབ་བསྒྱུར་ཆེད། ཐོག་མར་ཟོག་ལུག་གི་གྲངས་ཀ་ཇེ་ཉུང་དུ་བཏང་སྟེ་ལུག་གཅིག་ལ་ཆ་སྙོམས་སུ་རྩྭ་ས་མུའུ་ལྔ་རེ་ཡོད་པར་བྱས་པ་དང་། ལོ་གཉིས་ཙམ་མ་འགོར་བར་མཉམ་ལས་ཁང་དུ་ཞུགས་ཡོད་པའི་ཁྱིམ་ཚང་ཚོའི་རྩྭ་ས་དང་ཁྱིམ་ཚང་གཞན་རྣམས་གྱི་རྩྭ་སར་ཁྱད་པར་ཆེན་པོ་བྱུང་བ་སྡེ་དམངས་ཡོངས་ཀྱིས་ཚོར་བས། སྡེ་བ་ཡོངས་རྩྭ་ཕྱུགས་དོ་སྙོམས་བྱེད་པའི་ལམ་ཁར་ཕྱོགས་ཏེ་ལུག་40%ཡས་མས་ཕྱིར་བཙོངས་བྱས་པས། རྩྭ་ས་ནི་ཉིན་རེ་བཞིན་ཇེ་བཟང་དུ་འགྲོ་བཞིན་པ་མིག་མཐོང་ལག་ཟིན་དུ་སྣང་། འོན་ཀྱང་མང་ཚོགས་ཀྱི་ཡོང་སྒོ་དེ་སྔོན་དང་བསྡུར་ན་ཇེ་དམའ་རུ་གྱུར་བའང་དོན་དངོས་རེད། དེའི་ཕྱིར་སྐྱེ་ཁམས་སྲུང་སྐྱོབ་དང་སྡེ་དམངས་ཀྱི་ཡོང་སྒོ་གཉིས་ཀར་ཁག་ཐེག་བྱ་ཆེད། སྡེ་བ་ཡོངས་གྲོས་གཅིག་ཏུ་མཐུན་ནས་མོ་ཕྱུགས་ཀྱི་བསྡུར་ཚད་དེ་སྔོན་གྱི་40%ཡས་མས་ནས་80%རུ་མཐོར་འདེགས་བཏང་སྟེ་ལུག་གི་གྲངས་ཀ་འཕེལ་བར་ཤུགས་བསྣན་ལ། ཕྱིར་བཙོང་བའི་ལུག་གི་གྲངས་ཀ་ཇེ་མང་དུ་སོང་བ་དང་བསྟུན་ནས་མང་ཚོགས་ཀྱི་ཡོང་སྒོའང་རིམ་གྱིས་འཕར་ཞིང་། སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་ཞོར་དུ་སྡེ་དམངས་ཀྱི་དཔལ་འབྱོར་ཆུ་ཚད་ཀྱང་མངོན་གསལ་དུ་ཇེ་མཐོར་སོང་བས། སྡེ་དམངས་ཡོངས་ཀྱིས་མཉམ་ལས་ཁང་གི་བྱེད་སྟངས་ལ་ཁས་ལེན་དང་ཡིད་ཆེས་བརྟན་པོ་བྱས། 
         དེ་མིན་ཉེ་བའི་ལོ་འགའི་རིང་ས་ཁྱབ་རྡོ་ཁྱབ་དུ་སོང་བའི་སྐད་འཕྲིན་ཚོམས་ལ་བརྟེན་ནས། སྡེ་དམངས་ཡོངས་ཀྱིས་རང་རང་གི་མཐོང་ཡུལ་དུ་གྱུར་བའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་དུས་ཐོག་དུ་འཕྲིན་ལམ་བརྒྱུད་ནས་དྲ་ཚོམས་དུ་བསྐུར་ཏེ་མང་ཚོགས་ཀྱི་མིག་ལམ་དུ་བཤམས་པ་དང་། སྡེ་བའི་མགོ་ཁྲིད་ཀྱིས་དུས་ལྟར་སྡེ་མི་འགའ་རེ་རྩ་འཛུགས་བྱས་ནས་དུས་ལྟར་ཐག་གཅོད་བྱེད་བཞིན་ཡོད་པས། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་ཐད་ལ་གྲུབ་འབྲས་མངོན་གསལ་བླངས་ཡོད།  ཉིན་ཞྭ་སྡེ་བ་ནི་རྐང་ཚ་རྫོང་ཁོངས་ཡོངས་སུ་གད་སྙིགས་མེད་པའི་ལས་གཞིའི་འཛུགས་སྐྲུན་ཁྲོད་ཀྱི་དཔེ་མཚོན་སྡེ་བའང་རེད། ཉིན་ཞྭ་སྡེ་བར་དེ་རིང་གི་གོས་ལྗང་ཐང་ལ་བཏང་འདྲའི་རྩྭ་ཐང་འདི་ལྟ་བུ་དང་མཁའ་དབུགས་གཙང་མ་འདི་འདྲ་ལེགས་པོ་ཞིག་འཆིས་པའང་བློ་མིག་ཡངས་པའི་མགོ་ཁྲིད་ཞིག་གི་ཡང་དག་པའི་སྣེ་ཁྲིད་དང་། ལས་ལ་བརྩོན་ཞིང་པའི་མང་ཚོགས་ཡོངས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པས་འབྲས་བུ་མ་ཡིན་ནམ།
         མཐུན་སྒྲིལ་ཨ་ལོང་དམ་དུ་སྦྲེལ།
         ཉིན་ཞྭ་སྡེ་བའི་དུས་དང་རྣམ་པ་ཀུན་དུ་མི་རིགས་མཐུན་སྒྲིལ་གྱི་དབྱངས་རྟ་གཙོ་བོ་མཉམ་དུ་གྱེར་བཞིན་ཡོད་དེ། 2018ལོར་སྡེ་བ་རིམ་པའི་མི་རིགས་མཐུན་སྒྲིལ་རྟགས་མའི་ལུས་རྩལ་འགྲན་ཚོགས་སྐབས་ལྔ་བ་བསྡུས་ཏེ། མི་རིགས་མཐུན་སྒྲིལ་གྱི་སྔོན་ཐོན་ཏང་ཡོན་དང་སྔོན་ཐོན་ན་གཞོན་ལ་གཟེངས་བསྟོད་བྱས་པར་མ་ཟད། ཁྱིམ་མཚེས་སྡེ་བའི་མགོ་ཁྲིད་སོགས་ཀྱང་ཚོགས་ཐོག་ཏུ་གདན་དྲངས་ཏེ་སྡེ་བའི་བར་གྱི་མཐུན་སྒྲིལ་ལ་ཤུགས་བསྣན། “ཆུང་ས་ནས་ཁྱིམ་ཚང་ནང་ཁུལ་གྱི་མཐུན་སྒྲིལ་དང་སྡེ་བའི་ཁྱིམ་ཚང་བར་གྱི་མཐུན་སྒྲིལ། དེ་ནས་ཁྱིམ་མཚེས་སྡེ་བའི་བར་གྱི་མཐུན་སྒྲིལ་དམ་པོར་འཛིན་དགོས་ལ། ཆེ་ས་ནས་མི་རིགས་བར་གྱི་མཐུན་སྒྲིལ་དང་རྒྱལ་ཁབ་བར་གྱི་མཐུན་སྒྲིལ་བསྲུང་དགོས། མཐུན་སྒྲིལ་ཡོང་ན་ད་བཟོད་འཕེལ་རྒྱས་བཤད་ཆོག མཐུན་སྒྲིལ་ཡོང་ན་ད་བཟོད་བདེ་འཇགས་གླེང་ཆོག”ཅེས་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོས་དེ་ལྟར་བཤད།
         སྤྱིར་ཉིན་ཞྭ་སྡེ་བ་ནི་གོང་རིམ་ནས་གཏན་འཁེལ་བྱས་པའི་དབུལ་ཕོངས་སྡེ་བ་ཞིག་མིན་མོད། སྡེ་བའི་མགོ་ཁྲིད་དང་རྒན་པོ་ཚོས་དུས་རྒྱུན་དུ“དབུལ་ཐར་བྱེད་རྒྱུ་རང་རང་ཚོའི་འགན་དབང་ཡིན་ལ། དབུལ་ཕོངས་ཁྱིམ་ཚང་ཡང་སྡེ་བ་གཅིག་གི་ཕུ་ནུ་ཡིན་པས། གཙོ་བོ་མཐུན་སྒྲིལ་བྱུང་ན་སྡེ་བའི་ནང་དུ་དབུལ་ཕོངས་ཁྱིམ་ཚང་འགའ་རེ་ཡོད་པ་དེ་གནད་དོན་ཆེན་པོ་ཞིག་མ་རེད”ཅེས་བཤད་ཀྱིན་ཡོད་ཟེར། 2013ལོར་སྡེ་བའི་ཏང་ཀྲི་པུའུ་ཡིས་གྲོས་མགོ་བཏོན་ནས་སྡེ་བ་གཞུང་གིས་མ་དངུལ་བཏོན་ནས་དབུལ་སྐྱོར་འཁོར་རྒྱུག་གི་མ་མོ300ལྷག་ཉོས་ཏེ་དབུལ་ཕོངས་ཁྱིམ་ཚང་ཚོར་གཡར་ནས་འཚོ་རུ་བཅུག་སྟེ། མ་མོའི་རྗེས་ཀྱི་ལུ་གུ་རིན་མེད་དུ་རང་ཁྱིམ་གྱིས་བླངས་ཏེ་ཕྱིར་བཙོངས་ཆོག་ལ།  2019ལོའི་བར་ཧ་ལམ་ལུ་གུ1800ལྷག་སྐྱེ་འཕེལ་བྱུང་ཟིན་པས། བྱེད་ཐབས་འདིས་དབུལ་ཕོངས་ཁྱིམ་ཚང་རྣམས་དབུལ་ཐར་བྱེད་པར་ནུས་པ་གལ་ཆེན་ཐོན།  
         ད་ལོར་ལོ་ན58ལ་སོན་ཡོད་པའི་ཨ་ནེ་ཀླུ་མོ་མཚོ་ནི་ཉིན་ཞྭ་སྡེ་བའི་དབུལ་ཕོངས་ཁྱིམ་ཚང13གྲས་ཀྱི་གཅིག་ཡིན་ལ། སྔོན་ཆད་རི་ཁར་ཟོག་ལུག་ཉུང་ཙམ་འཚོས་ནས་འཚོ་བ་སྐྱེལ་མྱོང་།  རྗེས་སུ་གཉེན་འཐོར་བྱུང་བས་རི་ཁར་འདུག་ས་མེད་པས་རྒྱལ་ཁབ་ཀྱི་དབུལ་སྐྱོར་གནས་སྤོའི་ལས་གཞིར་བརྟེན་ནས་ཞང་ཐོག་གི་ཁང་ཁྱིམ་གསར་བ་ཞིག་ཏུ་གནས་སྤོས།  མོའི་བུ་བུ་མོ་རྣམས་ཀྱང་གཉེན་བསྒྲིགས་ཏེ་རང་རང་སར་ཕྱིན་པས་ད་ལྟ་ཁྱིམ་ན་མོ་དང་ཚ་མོ་ཞིག་ལས་མེད། དེ་ཡང་མོ་རང་ཁྱིམ་གསར་དུ་སྤོས་ནས་ཡུན་རིང་མ་འགོར་པར་ལོ་སར་ལ་ཉེ་བའི་སྐབས་དེར། སྡེ་བའི་ཏང་ཀྲི་པུའུ་དང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྡེ་བ་ཡོངས་རྩ་འཛུགས་བྱས་ནས་ཨོང་བ་རླངས་འཁོར་ཆེན་པོ་གང་བཏུས་ཏེ་མོ་ཚང་ལ་བྱིན་མྱོང་པ་ད་ལྟའང་མོས་སེམས་ལ་ཉར་ཡོད་པ་དང་། མིག་ལ་མཆི་མ་འཁོར་བཞིན་ང་ཚོར་བཤད་རྒྱུར“ཏང་དང་རྒྱལ་ཁབ་ཀྱི་སྲིད་ཇུས་བཟང་པོའི་བཀའ་དྲིན་དང་སྡེ་བ་དྲིན་ཅན་པོའི་བཀའ་དྲིན་ལ་བརྟེན་ནས། ད་ལྟའི་སྡོད་ཁང་འདི་འདྲའི་གྲལ་དག་ཅིག་དང་ཅ་ལག་ཡོ་བྱད་ཚང་མ་བྱིན་པས་འཚོ་བར་སྡུག་མི་དགོས། འདིའི་ཡན་གྱི་སྐྱོང་སྲོལ་ཞིག་རང་གི་ཤ་ལས་མཆེད་པའི་བུ་ཕྲུག་ཡིན་ཡང་དཀའ་ནི་རེད། འདི་འདྲའི་སྐྱིད་ཞིག་སྔོན་ཆད་ཡིད་ལའང་ཤར་མ་མྱོང་།  རྒྱལ་ཁབ་ཕ་མ་འདྲ་བོ་ངོ་མ་བཀའ་དྲིན་ཆེ”ཟེར། དངོས་གནས་ཉིན་ཞྭ་སྡེ་བའི་མཐུན་སྒྲིལ་ནི་ཁ་ནས་བཤད་པ་ཙམ་མ་ཡིན་པར་ངེས་པ་དོན་གྱིས་སྡེ་དམངས་ཡོངས་ཀྱི་སེམས་སུ་ཤོག་བུ་སྣུམ་གྱིས་སིམ་པ་ལྟར་གཤགས་ནས་ཡོད་པ་ཤེས་ཐུབ།  
         བདེ་སྐྱིད་འཚོ་བར་མཉམ་དུ་རོལ།
         སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་རྨང་གཞི་དང་མཐུན་སྒྲིལ་དམ་པོ་སྤྱིའི་བྱེད་ཕྱོགས་དུ་བཟུང་པའི་སྟེང་།  རྒྱུན་མཐུད་ངང་འཕེལ་རྒྱས་སུ་འགྲོ་བའི་གཞི་རྩའི་དགོངས་དོན་ལག་ལེན་དུ་བསྟར་ནས་སྡེ་དམངས་ཀྱི་འཚོ་བའང་དབྱར་གྱི་མཚོ་མོ་རྒྱས་པ་ཇི་བཞིན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བཞིན་ཡོད། ལོ་འདི་དག་གི་རིང་ལ་མཚོ་བྱང་ཁུལ་ཞིང་ཕྱུགས་ལས་ཅུའུ་དང་ས་གནས་སྲིད་གཞུང་གིས་རྒྱབ་སྐྱོར་རབ་དང་རིམ་པ་བྱས་པས།  ད་ལྟ་སྡེ་བར་ཆུ་གློག་ལམ་གསུམ་གྱི་ཁེབས་ཚད100%ལ་སླེབས་ཡོད་པ་དང་། རྩྭ་ས་རེས་སྤོར་རྟེན་གཞིའི་སྡོད་ཁང་དང་ཉེན་ཁང་བསྒྱུར་བཀོད་བྱེད་པ་སོགས་བསྡོམས་པས་ཁང་བ87གསར་དུ་ལས་པར་མ་ཟད།  སྡེ་བར་ཏང་ཡོན་བྱ་འགུལ་ཁང་དང་རྒྱང་བསྟེན་སློབ་གསོའི་སྒྲིག་ཆས་ཆ་ཚང་ལྡན་ལ། 2018ལོར་སྡེ་བའི་དབུལ་ཕོངས་ཁྱིམ་ཚང་ཡོངས་རྫོངས་དབུལ་ཐར་བྱུང་། 
         སྡེ་བ་གཞུང་ལ་རྫོང་ཐོག་ཏུ་ཐོག་བརྩེགས་ཅན་གྱི་མགྲོན་ཁང་དང་ཟ་ཁང་། ཚོང་ཁང་སོགས་ཧ་ལམ་མ་རྩ་སྒོར་ཁྲི1000ཡས་མས་ཀྱི་མཐུན་མོངས་དཔལ་འབྱོར་ཡོད་པར་མ་ཟད། 2018ལོར་སྡེ་བའི་མི་རེའི་ཆ་སྙོམས་ཀྱི་ཡོང་སྒོ་སྒོར20000ལ་སླེབས་ཡོད་ཀྱང་། སྡེ་བའི་སྤྱི་གཞུང་གི་ཡོང་སྒོ་ལས་སྡེ་དམངས་ཡོངས་ཀྱི་མཉམ་ལས་སྨན་བཅོས་འགན་སྲུང་ཁྲོད་ཞུགས་པའི་དངུལ་ཡང་སྤྲོད་རོགས་བྱེད་ཀྱིན་ཡོད་དེ། 2019ལོར་མི་རེར་ཆ་སྙོམས་སུ་སྒོར400རེ་སྤྲད་པས་རྐང་ཚ་རྫོང་ཡོངས་སུ་མཉམ་ལས་སྨན་བཅོས་འགན་སྲུང་གི་དངུལ་སྤྲོད་ཚད་ཆེས་མཐོ་བའི་སྡེ་བར་གྱུར། “ང་ཚོའི་སྡེ་བར་ད་སྔ་ཁྱིམ་རེ་ལ་རླངས་འཁོར་རེ་མེད་པའི་ཁྱིམ་ཚང་ཞིག་མེད།  ང་རང་གིས་བསམ་ན་སྡེ་དམངས་ཡོངས་ཕལ་ཆེར་འབྱོར་འབྲིང་སྤྱི་ཚོགས་ཀྱི་དུས་སྐབས་མགོ་མ་ཞིག་ཏུ་སླེབས་ཡོད་ཟེར་ནའང་མི་ཆོག་རྒྱུ་མེད། མ་འོངས་པར་ང་ཚོས་མཚོ་སྔོན་པོའི་མཐའ་འཁོར་དུ་ཆགས་པའི་ལེགས་བབ་གཞིར་བྱས་ཏེ། སྐྱེ་ཁམས་ཡུལ་སྐོར་གྱི་ཕྱོགས་ལ་ཤུགས་རྒྱག་རྩིས་ཡོད་ཅིང་། ཁྱིམ་ཚང་རེ་རེར་ཐོག་ཁང་རེ་ལས་ཐུབ་པའི་དམིགས་འབེན་མངོན་འགྱུར་བྱེད་པར་བརྩོན་ལེན་བྱ་རྒྱུ་ཡིན”ཞེས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཚེ་བྷོ་ཡིས་སྐད་གདངས་མཐོན་པོའི་ངང་སྡེ་བའི་མ་འོངས་པའི་དམིགས་འབེན་གླེང་བྱུང་།